བཙུན་ཐར་ཚེ་རིང་།
སྤྱིར་སློབ་གསོ་ནི་རིགས་མི་འདྲ་བ་དུ་མ་མཆིས་ནའང༌། གནའ་ནས་ད་ལྟའི་བར་འཛམ་བུའི་གླིང་གི་སློབ་གསོ་ཞིབ་འཇུག་གི་ལས་དོན་འབྲས་བུ་མཐིལ་ཕྱིན་པ་རྣམས་ཀྱིས་ཕ་མའི་སློབ་གསོ་དང་དགེ་རྒན་གྱི་སློབ་གསོ་ནི་མཆོག་ཏུ་བརྩི་བའི་སྡོམ་ཚིག་བརྒྱབ་ཡོད་ལ། ཡིན་ནའང༌། བོད་མི་རིགས་ལ་མཚོན་ན་གནའ་རབས་ཀྱི་ཕ་མའི་སློབ་གསོ་ནི་ད་ལྟའི་བར་དུ་རྒྱུན་འབྱམས་སུ་སོང་བས་མུ་མཐུད་སྤྱད་དང་སྤྱོད་མུས་ཡིན། དམིགས་བསལ་གྱིས་བོད་ཀྱི་ནང་ཆོས་ལ་རྨོངས་དད་དང་བླ་མ་ལ་རྨོངས་གུས་བྱེད་བཞིན་པའི་བག་ཆགས་རྙིང་པ་སོགས་དུས་རབས་ཉེར་གཅིག་པ་འདི་ལའང་སྤྱི་ཚོགས་འཕེལ་རྒྱས་ཀྱི་འགྲོས་དང་བསྟུན་དེ་འགྲོ་ཐུབ་ཀྱི་མེད་པ་གསལ་པོ་གསལ་རྐྱང་རེད། རྒྱུ་མཚན་ནི། ཕ་མེས་ཡབ་མེས་ཀྱིས་ཀྱང་ནང་ཆོས་གསལ་བོ་མཁྱེན་གྱི་མེད་པས་འགྲེལ་བཤད་གཙང་མ་ཞིག་རྒྱག་ཐུབ་ཀྱི་མེད་ལ། བླ་མ་ལའང་ཡོན་ཏན་གྱིས་དད་གུས་མ་ཡིན་པ་སོགས་སྲོལ་རྒྱུན་གྱི་རྨོངས་དད་ལ་ངོས་འཛིན་སྟངས་ནི་དེང་རབས་ཀྱི་སློབ་གསོ་སྨྲ་བ་ཚོས་གསུངས་དང་གསུང་བཞིན་ཡོད།
བོད་ཀྱི་ཕ་མའི་སློབ་གསོའི་འོག་འཚར་ལོངས་བྱུང་བའི་བྱིས་པ་ཞིག་ཡིན་ན། རང་རིགས་ཀྱི་གོམས་གཤིས་དང་བཟང་སྤྱོད་ཕྱོགས་ལ་གོམ་ཁ་བརྒྱབ་པ་ནས་བཟུང༌། སྤྱི་ཚོགས་ཁྲོད་ཤིན་ཏུ་བཀུར་བའི་བླ་མའི་མདུན་དུ་ངག་འདར་འདར་དང་སྒྱིད་པ་གུག་གུག་ཀྱིས་གུས་བཀུར་བྱེད་རྒྱུ་གོམས་ལོབས་སུ་མ་བྱུང་ནའང༌། བླ་ཆེན་གྱི་མདུན་དུ་རང་བཞིན་གྱིས་སྐྲག་སྣང་དང་ཞེ་སྣང་མང་པོ་བྱུང༌། དེ་ནི་ཕ་མའི་སློབ་གསོ་དང་གོམས་གཤིས་ཀྱི་བག་ཆགས་ཡིན་ནའང༌། འདོར་ཐབས་མེད་པའི་སྲོལ་རྒྱུན་གྱི་ཕ་མའི་སློབ་གསོ་དང་བག་ཆགས་རྙིང་པས་འབྱུང་འགྱུར་མི་རིགས་ཀྱི་རྒྱུན་འཛིན་ལའང་འདི་ལས་ལྷག་པའི་ལྟ་བ་དང་ལངས་ཕྱོགས་ལས་བརྒལ་ཐུབ་མེད། གལ་ཏེ་བརྒལ་ཚེ་མི་བུ་དེ་ཉིད་ལྟ་ལོག་དང་ནང་པ་ཡིན་མིན་གྱི་སྐད་ཆས་སྤྱི་ཚོགས་སྟེང་དམའ་འབེབས་དང་མཐོང་ཆུང་བྱེད་བཞིན་ཡོད། དཔེར་ན། ཞོགས་དུང་ལྟ་བུས་ནང་ཆོས་དད་གུས་ཀྱི་བླང་དོར་སོགས་ཞིབ་འཇུག་བྱས་ཏེ་སྤྱི་ཚོགས་སྟེང་བཀྲམས་པ་ན། ཁོ་ལ་སྐྱ་སེར་གཉིས་ཀྱིས་གོང་ལྟར་མཐོང་ཆུང་སོགས་ཀྱི་བྱ་ངན་རིགས་མུ་མཐུད་བེད་སྤྱོད་བྱེད་བཞིན་ཡོད། འདི་ལྟར་སོང་ཚེ་ང་ཚོ་བོད་མི་རིགས་ཀྱི་རིག་གཞུང་དང་གོམས་གཤིས་སོགས་རྒུད་ན་རྒུད་དུ་འགྲོ་རྒྱུ་ཡིན་པ་ཐེ་ཚོམ་སྤུ་ཉག་ཙམ་ཡང་མེད།
དེའི་ཕྱིར་ྋགོང་ས་མཆོག་གིས་ཀྱང་མི་རིགས་དང་རིག་གཞུང་གི་ཕྱིར་དུ། བོད་ཀྱི་རིག་གཞུང་སྦྱང་བ་མཐར་ཕྱིན་མི་ཐུབ་ལ། ཐ་ན་ཚེ་གང་བོ་སློབ་སྦྱོང་བྱས་ནའང་མཐར་ཕྱིན་མི་ཐུབ་པས། ང་ཚོ་བོད་མིས་བཀའ་བསྟན་སོགས་ཉོས་ཏེ་མཆོད་ཁང་ནང་བཤམས་བཞག་ན་དེ་ནི་ཕན་ཐོགས་ཡོད་པ་མ་རེད། དེ་ལ་སློབ་སྦྱོང་དང་ལག་ལེན་བྱ་དགོས་གསུང་གིན་འདུག སྤྱིར་སློབ་སྦྱོང་བྱེད་དུས་སློབ་སྦྱོང་གི་དམིགས་ཡུལ་གང་ཡིན་རྟོགས་དགོས་ལ། སློབ་སྦྱོང་ཟེར་བ་ནི་མི་གཞིའི་བླང་དོར་འབྱེད་བྱེད་ཀྱི་ནུས་པ་གཙོ་བོ་དེ་ཡིན་པས། ང་ཚོ་བོད་སྤྱི་ཚོགས་སློབ་གསོའི་ཁ་ཕྱོགས་ཀྱི་བླང་དོར་རྣམས་བསམ་གཞིགས་གང་མང་བྱ་དགོས། བྱས་ཙང༌། ད་ལྟའི་བར་བླ་མ་དེ་ལ་གུས་བཀུར་བྱེད་བཞིན་པ་འདི་བླ་མའི་ཡོན་ཏན་རྟོགས་པ་ཞིག་ག་ལ་ཡིན། དེ་ནི་གནའ་ནས་བཟུང་ཕ་མེས་ཡང་མེས་ཀྱིས་རིམ་བཞིན་གོམས་ལོབས་སུ་སོང་ཡོད་པའི་བོད་ཀྱི་སྤྱི་ཚོགས་ནང་དུ་ད་ལྟའང་རྒྱུན་སྐྱོང་བྱེད་བཞིན་ཡོད།
སྤྱིར་བླ་མ་དེའི་ཡོན་ཏན་དང་བྱ་སྤྱོད་སོགས་མི་དང་མ་འདྲ་བ་ཞིག་དང་ཁྱད་དུ་འཕགས་པ་ཞིག་ཡིན་ན་མ་བཀུར་རང་བཀུར་བྱེད་ངེས་ཡིན། དཔེར་ན་གོང་ས་མཆོག་ལྟ་བུ། རང་ལས་གཞན་གཅེས་དང༌། འཛམ་གླིང་ཞི་བདེ་སོགས་ཀྱིས་མཚོན་ཐུབ། དེ་མ་ཡིན་པའི་བོད་ཀྱི་སྤྱི་ཚོགས་ཁྲོད་རྒྱུ་རྔན་སོགས་ལ་འདོད་པ་ཚིམས་མ་ཐུབ་པ་དང་མགོ་སྐོར་བསླུ་བྲིད་ཀྱིས་བོད་མི་དམངས་ལ་བཤུ་གཞོག་བྱེད་མཁན་བླ་སྤྲུལ་ཁ་ཤས་གཞིས་བྱེས་གཉིས་སུ་ད་ལྟའང་ཡོད་པ་མིག་མཐོང་ལག་ཟིན་ཡིན་ལ། ད་ལྟའི་དུས་འདི་ལའང་ད་དུང་མུ་མཐུད་འདི་ལྟར་འགྲོ་དགོས་མི་དགོས་དེ་བོད་ཀྱི་སྤྱི་ཚོགས་སྟེང་ཤེས་ཡོན་པ་ཡོད་མེད་ལ་རག་ལས་པས་སློབ་སྦྱོང་གི་སྟེང་ནས་སྲོལ་རྒྱུན་གྱི་སློབ་གསོའི་བག་ཆགས་རྙིང་པ་རྣམས་བླང་དོར་འབྱེད་དགོས་པའི་དུས་ལ་སླེབས་ཡོད།
VERY GOOD
NICE WRITING
ད་དེ་རིང་སྡུག་ཡུས་ཤིག་འདྲེན་གྱིན་དྲྭ་ཐོག་ཏུ་ཕེབས་བྱུང་། གཡོ་སྒྱུ་མཁན་ཁ་ཅིག་གིས་མགོ་སྐོར་ངན་པ་ཞིག་བཏང་ཡོད་པ་ཐག་ཆོད། ཡ་ཡ། ད་མུ་མཐུད་དེ་གླེང་རོགས།
བོད་མི་དམངས་ལ་བཤུ་གཞོག་བྱེད་མཁན་བླ་སྤྲུལ་ཁ་ཤས་ཀྱི་མཚན་ཡང་འདིར་འདྲ་རྒྱར་སྨོས་ཐུབ་ན། ང་ཡང་དངོས་གནས་ཤེས་འདོད་ཡོད་ལགས།
ཡག་པོ་ད་འདུག་སྟེ། ཀློག་དུས་ཅིག་བཤད་ཀི་ཡིན་བསམ་པ་དེ་མ་ཤོད་པ་འདྲ་བོ་ཞིག་དང་། ཀླད་པར་རབ་རིབ་ཅིག་འཁོར་བ་དེ་ལག་ནས་མ་འཁྱོང་བ་འདྲ་བོ་ཞིག་འདུག གང་ལྟར་མི་ཚང་མས་ཡོང་སྟངས་དེ་འདྲ་ཞིག་ལོས་ཡིན། ཅིག་ཤོད། ཅིག་ཕྲིས་དེ་ཙམ་མ་གཏོགས་ཞུ་ཡ་མི་འདུག
དོན་ཏུ་ཕ་མའི་སློབ་གསོ་ནོར་བ། དགེ་རྒན་གྱི་སློབ་གསོ་ནོར་བ་རེད་ཟེར་ནས་། ཕ་ལ་ཕར་མི་བརྩི། མ་མ་མར་མི་འཛིན། བཤེས་ལ་ལོག་པའི་འདུ་ཤེས་བཟུང་སྟེ་རང་ཉིད་མཆོག་འཛིན་གྱི་གཏམ་ཞིག་བཤད་པ་འདྲ། དེང་དུས་བགྲེས་པོ་ལ་རྒན་གསོ་ཁང་། བྱིས་པ་ལ་སློབ་གྲྭ་སོགས་བླ་མ་གྲྭ་བས་བརྒྱབ་ཏེ་ཤེས་ཡོན་སྤྲོད་པ་དེ་ཡང་ནོར་འཁྲུལ་ཞིག་ཡིན་ནམ། བོད་ཕྱི་ནང་ཀུན་ནས་ལྐོག་དངུལ་ཟ་མཁན་མང་ཆེ་བ་སྐྱ་བོ་རེད། ཕྱུག་པོ་ལ་རྒྱུ་ཡོད་པ་སྤྲང་པོས་སྐྱོན་ཏུ་བརྩི། མཐོན་པོ་ལ་དབང་ཡོད་པ་དམའ་མོས་སྐྱོན་ཏུ་བརྩི། བླ་མ་གུས་པ་བྱས་ན་གུས་བཀུར་བྱེད་མཁན་མེད་པ་ཚོས་ངན་ཏུ་བརྩི་མོད། སྤྱི་ཚོགས་ལ་བཟང་ངན་གྱི་དབྱེ་བ་ཞིག་ཡོད་པ་ནས་བཟུང་ཕན་ཚུན་གྱི་འགལ་འདུ་སེལ་ཐབས་བྲལ། བླ་མ་གྲྭ་བར་སྐྱོན་ཡོད་ལ་བསྒྱུར་བཅོས་ཀྱང་བྱེད་འོས། འོན་ཀྱང་དེ་ལ་གུས་པ་བྱེད་རྒྱུ་དེ་རྨོངས་དད་དང་ཕ་མའི་སློབ་གསོ་ངན་པ་ཁོ་ནར་བརྩིས་ན་ཐལ་ཆེ་བའི་གཏམ་ཏུ་འདུག
བོད་གཞི་བྱེས་གཉིས་སུ་བླ་སྤྲུལ་རྣམས་ཀྱིས་བཤུ་གཞོག་དང་བསླུ་བྲིད་བྱས་པའི་ཡུས་དེ་འདྲ་ཡོད་ན་ཁྱེད་རང་དེའི་འོག་ཏུ་མ་སོང་བ་ཞིག་གྱིས་དང་དེ་གས་འགྲིག་པ་རེད། ཡིན་ནའང་དུས་ཚོད་གཅིག་ཁེལ་དུས་ཁྱེད་རང་གིས་ཀྱང་སྐྱབས་ཤིག་ཞུ་ན་ཐང་།
སྤྱིར་ང་ཚོའི་བོད་ནི་ཆོས་ལྡན་གི་ཞིང་ཁྱད་པར་བ་ཡིན་པས་འདི་ལ་དད་གུས་ཞུ་མ་ཐུབ་ཀྱང་དད་ལོག་བྱེད་ན་དེ་སོ་སོར་གྱོང་ཕོག་པ་ལས་མེད་སྙམས། ཁ་རིན་པོ་ཆེ་ལུས་བདེ་རུ་ཆུག་ཟེར་བ་ལྟར།