ཆང་སྐྱེས།
ཉིན་བྱེད་གཞོན་ནུ་ནུབ་རིའི་རྩེ་ན་འདུར།།
ཟླ་བ་གཞོན་ནུ་སྤྲིན་པོས་ཡོངས་སུ་བསྒྲིབས།།
སྐར་ཚོགས་ཕྲ་མོ་ཆར་ཆུས་ཀློང་ན་ལུས།།
མཚན་མོ་འདི་ལ་འཇིགས་སྣང་ཧ་ཅང་ཆེ།།
ལྔ་རྩེ་སྐར་མ་ཤར་བའི་ཐུ་འོག་ན།།
རླུང་བུ་དམར་པོ་ཕྱོགས་སུ་ཤུགས་ཀྱིས་ལྡང་།།
ཅེ་སྤྱང་སོ་བ་བཙན་པོ་སྒང་ནས་བུད། །
རི་དྭགས་མ་བུ་ཚོགས་ཀྱི་ལྷིང་འཇགས་དཀྲོགས།།
ཝ་གཤེད་མཛེས་མར་བརྫུས་པའི་བསླུ་བྲིད་ཀྱིས།།
སྐྱེས་པ་མང་པོ་ཨ་རག་ཆང་ལ་ཞ།།
སྦྲ་ནག་རླུང་གིས་ཁྱེར་བའི་རི་འདབས་ནས།།
བདག་གིས་སྙིང་གཏམ་དམར་པོ་སུ་ལ་བཤད།།
གེ་སེར་རྒྱལ་པོའི་དགོད་སྒྲ་རི་ན་ཡལ།།
ཚངས་དབྱངས་རྒྱ་མཚོའི་སྙན་ངག་ཞོལ་ན་འཇགས།།
མཐུན་སྒྲིལ་ལག་རྡུང་ཐོར་བའི་ངང་ཚུལ་འདིས།།
ནག་པོ་ཤ་བཟའི་ཚོགས་ལ་དགའ་བ་སྦྱིན།།