རེབ་ཐོག་མདའ།
སྨྱུག་གུ་ལག་ཏུ་བཟུང་བའི་བསམ་བློའི་སྦུག་ན།།
དབྱངས་ཅན་ལྷ་མོའི་འཛུམ་ཆུང་ལྷུག་ལྷུག་བཞད་ན།།
དེབ་ཆུང་མིག་གིས་འཚོ་བའི་ཉིན་མཚན་བར་ནས།།
མི་སེམས་རྨང་ནས་འཕྲོག་པའི་རྩོམ་ཞིག་འབྲི་འདོད།།
རིག་གནས་ཆེ་ཆུང་གཞུང་ལ་རྒྱུས་མངའ་ཟབ་པས།།
འཇམ་དབྱངས་དགྱེས་པའི་བློ་དེ་ཅུང་ཙམ་སྩལ་ན།།
ཚ་བོ་ཚ་མོའི་མི་རབས་རྗེས་མ་ཞིག་ལ།།
སེམས་པ་དྲོན་མོ་ཞིག་གི་ལག་རྗེས་འཇོག་འདོད།།
ཕྱི་ནང་སྐད་རིགས་རྟོགས་པའི་རྣམ་དཔྱོད་ཡོད་ན།།
ཕྱི་ཡི་རིག་གཞུང་རང་རིགས་སྡེ་ལ་བསུས་ནས།།
ཕྱི་ནང་མི་རིགས་རྒྱུད་ལ་ཀ་ཁའི་ས་བོན།།
རང་གི་ནུས་པས་ཅུང་ཙམ་འཇོག་ན་བསམ་ཡོད།།
ཉིན་མཚན་འདུ་ལ་བྲེལ་བའི་འཚོ་བའི་ཀློང་ན།།
རང་གཞན་ཀུན་ལ་ཕན་པའི་བདེ་བ་ཡོད་ན།།
རྒྱུ་འབྲས་ཐོད་ལ་བཀོད་པའི་གནམ་གྱི་བཀའ་ཆད།།
འཁོར་བའི་གྲོང་ཚོ་འདི་ནས་འཁུར་དགོས་མི་འདུག།
བུ་མོའི་སྙིང་ལ་བརྐོས་པའི་རི་མོའི་རྒྱབ་ན།།
ལྷད་མེད་བརྕེ་བ་ཞིག་གི་ཁ་དོག་ཡོད་ན།།
མི་ཚེ་ཐུང་ཐུང་འདི་ཡི་ལོ་ཟླའི་འཁོར་སྐྱོད།།
ཀྱག་ཀྱོག་མི་ཚེའི་མདུད་པ་གཅིག་ཏུ་རྒྱག་བསམ།།
དུས་བཞིའི་སྣེ་མོར་བབས་པའི་འཚོ་བའི་ཀློང་ན།།
དྲང་མོའི་ངག་ལ་བཅོལ་བའི་སེམས་ཞིག་ཡོད་ན།།
ཞེན་པ་དཀར་པོའི་ལག་ཟུང་གཅིག་ཏུ་སྦྲེལ་ནས།།
ཕྲག་དོག་དུག་གི་མདའ་ཁ་གཞན་ལ་གཏད་ན།།
ངོ་གདོང་མཆི་མས་བརླན་པའི་མིག་ཆུའི་རྗེས་ན།།
དམ་བཅའ་མནའ་ཡིས་མནན་པའི་ཚིག་རྔ་དེ་ན།།
རང་དབང་ཁོར་ཡུག་ཞིག་གི་བསམ་བློ་ཡོད་ན།།
ན་ཟུག་རུམ་གང་འཁུར་བཞིན་འཛུམ་ཀྱིས་བསུས་ཆོག།
རི་དང་གཙང་པོ་བརྒལ་བའི་ལས་དབང་སྣེ་ནས།།
ཕ་ས་ཕ་ཡུལ་བོར་བའི་ན་ཟུག་ལྕི་ཡང་།།
དུས་ཀྱི་འཁོར་ལོས་བསྐོར་བའི་ཉིན་མཚན་བར་ནས།།
རིག་པའི་གནས་ལ་བརྩོན་བཞིན་འཚོ་ན་བསམ་ཡོད།།
མཁས་པའི་ཆོ་ལོའི་མིང་གི་རྒྱན་དེ་མི་མཁོ།།
རྒྱུ་འབྱོར་ལོངས་སྤྱོད་འཛོམས་པའི་ཤོམ་དེ་མི་དགོས།།
རང་ལ་ཡོད་པའི་མི་ཚེ་ཐུང་ཐུང་འདི་ལ།།
རང་གཞན་ཀུན་ལ་ཕན་པའི་དོན་ཅིག་འཁྱོངས་ན།།
དཀོན་མཆོག་རྣམ་གསུམ་ཕན་ནས་སྐྱབས་གཞན་མི་མཁོ།།
རྒྱལ་བ་ཡབ་སྲས་གཉིས་ལས་མགོན་གཞན་མི་དགོས།།
བོད་པ་གཙང་མ་ལས་ལྷག་བརྕེ་བ་མི་མཁོ།།
དེབ་དང་སྨྱུ་གུ་མ་གཏོགས་འགྲོག་རོགས་མི་མཁོ།།
དགྲ་ཞེས་སྡང་བའི་སེམས་ལ་ན་ཟུག་མི་མཁོ།།
གྲོགས་ཞེས་དུངས་པའི་སེམས་ཀྱི་བསླུ་འདོད་མི་མཁོ།།
གང་ཡང་མི་མཁོ་ང་ནི་འཚོ་བའི་ཀློང་ནས།།
ཉམ་ཆུང་འཚོ་བ་ཞིག་གིས་དེ་བས་ཆོག་ག།
ཕྱི་ལོ ༢༠༡༣ ལོའི་ཟླ ༦ ཚེས ༡༨ ཉིན་དཔེ་མཛོད་ནས་བྲིས།
ཧ་ཅང་ཡག་པོ་འདུག ངས་ཀྱང་ཚིགས་བཅད་འདི་འདྲ་གཉིས་གསུམ་ཨེ་འཁྱོངས་བལྟ།
གྲ་སྒྲིག་རྐྱང་རྐྱང་བྱས་ནས་མི་ཚེ་ཟད་ཀྱང་།།
ལས་འབྲས་ཁ་ལོ་ལས་ཀྱིས་སྒྱུར་གིན་འདུག་པས།།
འཕྲལ་དུ་བདེ་ལ་ཕུགས་སུ་ཕན་པའི་ལྷ་ཆོས།།
ཁ་ཞེ་ངོ་ལྐོག་མེད་པར་སྙིང་ནས་བྱ་འོ།།
འཁོར་བའི་བདེ་སྐྱིད་དབང་པོའི་གཞུ་ཡི་མཆེད་པོ།།
སྤྱོད་ཀྱིན་སྤྱོད་ཀྱིན་མ་ཟིན་ཡལ་ནས་འགྲོ་བས།།
སྡུག་གི་དྲི་མ་མེད་པ་གཏན་བདེའི་གྲོང་ཁྱེར།།
པུས་བགྲོད་རྒྱག་དགོས་བྱུང་ཡང་སླེབས་ན་ཆོག་ག།
ཆུང་ཆུང་གྲོག་མ་ཡིན་ཀྱང་སྐྱིད་པོ་འདོད་ཅིང་།།
ས་ཐོབ་སེམས་དཔའ་ཡིན་ཀྱང་སྡུག་བསྔལ་མི་འདོད།།
ཀུན་གྱིས་གཅིག་ཏུ་རེ་བའི་མཐའ་མེད་བདེ་བ།།
མ་གྲུབ་ལྷོད་ལ་མི་འབབ་དམ་བཅའ་འཇོག་རྒྱུ།།
སྐྱེས་བུ་གསུམ་གྱི་ལམ་རིམ་ལ་སྦྱར་ནས་བརྩམས་ཁུལ་ཡིན། ཡོ་བསྲང་གནང་རོགས།
ཧ་ཅང་ཡག་པོ་འདུག ངས་ཀྱང་ཚིགས་བཅད་འདི་འདྲ་གཉིས་གསུམ་ཨེ་འཁྱོངས་བལྟ།
གྲ་སྒྲིག་རྐྱང་རྐྱང་བྱས་ནས་མི་ཚེ་ཟད་ཀྱང་།།
བདེ་སྡུག་ཁ་ལོ་ལས་ཀྱིས་སྒྱུར་གིན་འདུག་པས།།
འཕྲལ་དུ་བདེ་ལ་ཕུགས་སུ་ཕན་པའི་ལྷ་ཆོས།།
ཁ་ཞེ་ངོ་ལྐོག་མེད་པར་སྙིང་ནས་བྱ་འོ།།
འཁོར་བའི་བདེ་སྐྱིད་དབང་པོའི་གཞུ་ཡི་མཆེད་པོ།།
སྤྱོད་ཀྱིན་སྤྱོད་ཀྱིན་མ་ཟིན་ཡལ་ནས་འགྲོ་བས།།
སྡུག་གི་དྲི་མ་མེད་པ་གཏན་བདེའི་གྲོང་ཁྱེར།།
པུས་བགྲོད་རྒྱག་དགོས་བྱུང་ཡང་སླེབས་ན་ཆོག་ག།
ཆུང་ཆུང་གྲོག་མ་ཡིན་ཀྱང་སྐྱིད་པོ་འདོད་ཅིང་།།
ས་ཐོབ་སེམས་དཔའ་ཡིན་ཀྱང་སྡུག་བསྔལ་མི་འདོད།།
ཀུན་གྱིས་གཅིག་ཏུ་རེ་བའི་མཐའ་མེད་བདེ་བ།།
མ་གྲུབ་ལྷོད་ལ་མི་འབབ་དམ་བཅའ་འཇོག་རྒྱུ།།
སྐྱེས་བུ་གསུམ་གྱི་ལམ་རིམ་ལ་སྦྱར་ནས་བརྩམས་ཁུལ་ཡིན། ཡོ་བསྲང་གནང་རོགས།