ཨ་མཆོད་འཇམ་དཔལ་ཚུལ་ཁྲིམས།
གཅིག བརྗེད་ངེས་ཚབ་པོ་ཆེ་དེ་དྲན་གསོ་གཏོང་།
ད་ལྟའི་སྐབས་སུ་སྤྱི་འཐུས་མང་ཚོགས་དང་བཅས་པ་ཀུན་གྱི་སེམས་སུ་བརྗེད་ངེས་ཚབ་པོ་ཆེ་ཞིག་བྱུང་ཡོད། གྲོས་ཚོགས་ཀྱི་ལམ་ལུགས་འདི་ཐོག་མ་འཛུགས་སྐབས་སྤྱི་འཐུས་མི་གྲངས་ངེས་ཅན་དེ་དག་བོད་སྤྱི་བའི་ལས་དོན་སྒྲུབ་པའི་ཆེད་དུ་བཏང་བའི་“སྤྱི”་མི་ཤ་སྟག་ལ་དམིགས་པ་མ་གཏོགས། སྤྱི་འཐུས་ཚོ་རང་རང་གི་ཡོང་ཁུངས་དག་གི་ཐོབ་ཐང་རྩོད་མཁན་གྱི་“ངོ་ཚབ”་ལྟ་བུ་ཞིག་ལ་དམིགས་པ་མ་རེད། འོན་ཀྱང་ད་སྐབས་སྤྱི་འཐུས་སོ་སོ་དང་། མང་ཚོགས་ཀྱིས་ཀྱང་ཐོག་མའི་དམིགས་ཡུལ་ལྟར་“སྤྱི་འཐུས”་ཤིག་ཡིན་པའི་ཚོར་བ་དང་འདུ་ཤེས་དེ་རྦད་དེ་བརྗེད་ཟིན་པ་རེད། བརྗེད་ངེས་རྐུན་པོ་ཆེ་འདི་རྨང་མེད་དུ་གཏོང་རྒྱུ་ནི་ད་ལྟའི་དུས་ཀྱི་ཆེས་གལ་ཆེན་གྱི་བྱ་བ་དེ་རེད། གལ་སྲིད་སྤྱི་འཐུས་འདི་དག་སྒེར་འཐུས་ཡིན་ན་སྤྱི་བའི་ལས་དོན་སུས་བྱེད་དགོས་སམ།
ཆོལ་ཁའི་སྤྱི་འཐུས་ཤིག་ཆོལ་ཁ་སོ་སོའི་མི་མང་ཁོ་ནས་འོས་འཕངས་ནས་ཡོང་བ་ཡིན་སྟབས་ཁོང་ཅག་ཆོལ་ཁ་སོ་སོའི་བདེ་སྡུག་གི་ཆེད་དུ་ཡོང་བ་ཡིན་པའི་མཐོང་ཚུལ་དང་། ཆོས་ལུགས་སྤྱི་འཐུས་ཤིག་ཆོས་རྒྱུད་སོ་སོ་ནས་ཡོང་བ་ཡིན་སྟབས་ཁོང་ཅག་ཆོས་བརྒྱུད་སོ་སོའི་བདེ་སྡུག་གི་ཆེད་དུ་ཕེབས་པ་ཡིན་པའི་དགོངས་ཚུལ། དེ་བཞིན་ཡོ་རུབ་སོགས་ནས་ཡོང་བས་དེ་དང་དེའི་མི་མང་གི་བདེ་སྡུག་བཤད་པའི་ཆེད་དུ་ཡིན་པ་འདྲ་བའི་བསམ་ཚུལ་བཅས་ཡོང་གི་ཡོད་པ་དེ་ནོར་འཁྲུལ་འདིའི་ངོ་བོ་ངོ་མ་དེ་རེད། སྤྱིར་ནོར་འཁྲུལ་དེའི་ཡོང་ཁུངས་ནི་སྤྱི་འཐུས་དེ་དག་གི་ཡོང་ཁུངས་ངེས་བཅད་བྱས་པ་དང་། རང་ཅག་གི་མང་གཙོའི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་དེ་ངོས་མ་འཕྲོད་པར་གཡས་གཡོན་གྱི་མང་གཙོའི་ལམ་ལུགས་ཁག་ལས་དཔེ་ལེན་ཙམ་བྱས་པ་ལས་བྱུང་བར་མངོན། ནམ་ཡིན་ན་སོ་སོའི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་དེ་ངོས་འཕྲོད་དགོས།
གཉིས། འོས་འཕེན་ལམ་ལུགས་འགྱུར་བ་གཏོང་།
གོང་དུ་ཞུས་པའི་ནོར་འཁྲུལ་དེ་སྒྲིག་གཞིའི་ཐོག་ནས་བླངས་དོར་ཇི་དགོས་གསལ་མ་ཐུབ་པའི་སྐྱོན་ལས་བྱུང་བ་ཞིག་མ་རེད། གལ་སྲིད་ད་ལྟའི་ལམ་ལུགས་འདི་མུ་མཐུད་ནས་སོང་ན་སྤྱི་འཐུས་དེ་སྤྱི་མི་ཡིན་དགོས་པ་ལས་ཆོལ་མི་ཡིན་མི་འོས་པའི་སྐོར་ལ་སྒྲིག་གཞི་ལ་ཇི་ཙམ་འཁོད་ཀྱང་། ཇི་ཙམ་བཤད་ཀྱང་ད་ལྟ་བཞིན་ཡོང་ངེས་ལས་འགྱུར་བ་གང་ཡང་འགྲོ་མི་ཐུབ། དེས་ན་སྤྱི་འཐུས་རྣམས་ཀྱི་སེམས་སུ་རང་ཉིད་བོད་ཆོལ་ཁ་གསུམ་གྱི་སྤྱི་མི་ཡིན་པ་ལས་ཆོལ་ཁ་གཅིག་གི་སྒེར་མི་མིན་པའི་ཚོར་སྣང་འབྱུང་བའི་ཆེད་དུ་ཆོལ་ཁ་སོ་སོའི་འཐུས་མི་ལ་ཆོལ་ཁ་གཞན་གྱི་མི་མང་གིས་ཀྱང་འོས་འཕངས་ནས་འདེམས་དགོས། སྤྱི་འཐུས་གང་ཞིག་ལ་ཆོལ་ཁ་གསུམ་ཁའི་མང་ཚོགས་ཀྱིས་འོས་འཕངས་ནས་བདམས་པའི་ཚེ་རང་ཉིད་བོད་སྤྱི་བའི་ལས་དོན་སྒྲུབ་ཆེད་དུ་བསྐོས་པའི་མི་ཞིག་ཡིན་པའི་ཚོར་སྣང་འབྱུང་། དེ་བྱེད་ལུགས་ནི་སླ་མོ་ཡིན་ཏེ། ད་ལྟ་བཞིན་ཆོལ་ཁ་སོ་སོའི་འོས་མི་ཉི་ཤུ་ལས་རྩེ་བཏོག་གིས་བདམས་ན་འགྲིག་པ་རེད།
གསུམ། སྲིད་སྤྱིའི་འོས་ཆོས་ལ་ཁ་སྣོན་གཅིག་བྱེད།
“སྤྱི་འཐུས་ནང་དུ་མི་ཡག་པོ་གཏོང་དགོས”་ཞེས་ཇི་ཙམ་བཤད་ཀྱང་། འགྲོ་ལུགས་དང་ལག་ལེན་རང་གི་ཐོག་ནས་འགྲོ་ས་དང་འཆོར་ས་མེད་པ་ཞིག་བཟོ་མ་ཐུབ་ན་དེ་དག་སྟོང་བཤད་ཁོ་ན་ཡིན། དེས་ན་སེམས་སུ་མི་འཐད་པའི་སྣང་བ་ཅུང་ཟད་ཙམ་ཡང་མི་འབྱུང་བའི་ཆེད་དུ་སྒྲིག་གཞི་ཞིག་བཟོ་བ་ལས་ལམ་ལུགས་ཤིག་བསྐྲུན་པ་གལ་ཆེ་བས་དེའི་ཐོག་ལ་ཚང་མས་རིག་པ་སྒྲིམ་དགོས།
འོ་ན་ད་ལྟ་ཡོད་བཞིན་པའི་སྤྱི་བློན་སྲིད་གསུམ་གྱི་འོས་ཆོས་དག་གི་ཐོག་ཏུ་འོས་ཆོས་གསར་བ་གང་འཇོག་དགོས་ཤེ་ན། “དགེ་འདུན་པ་མ་ཡིན་པ།”་ཞེས་པ་ཞིག་འཇོག་དགོས། ལར་ནས་བོད་རྒྱལ་ཁབ་ཀྱི་ལོ་རྒྱུས་ཀྱི་ཐོག་ཏུ་ཡང་མྱང་ཏིང་འཛིན་བཟང་པོ་སོགས་དགེ་འདུན་པས་སྲིད་ཀྱི་བྱ་བ་ལ་ཞུགས་མ་མྱོང་བ་མིན། འོན་ཀྱང་ད་སྐབས་དང་དེ་སྐབས་མི་འདྲ། སྤྱིར་ན་འཕགས་པའི་དགེ་འདུན་པ་ནི་“་་་ཐལ་མོ་སྦྱར་བའི་འོས་སུ་གྱུར་བ། ཕྱག་བྱ་བའི་འོས་སུ་གྱུར་བ། བསོད་ནམས་ཀྱི་དཔལ་གྱི་ཞིང༌་་་།”་ཞེས་པ་སོགས་ཡིན་དགོས་པ་ལས། སྐྱ་བོ་མི་ནག་གི་བྱ་བའི་ནང་དུ་འཛུལ་ནས་ཁྱིམ་པ་སུན་འབྱིན་གྱི་ལས་གསོག་པའི་རྒྱུ་བྱས་ན་རང་གཞན་དང་དུས་རྣམ་ཀུན་ཏུ་གནོད་པ་ཞིག་ལས་མེད། ད་ལྟའི་སྐབས་སུ་སྤྱི་བློན་སྲིད་གསུམ་གྱི་ནང་དུ་དགེ་འདུན་པས་འཚང་ཀ་ཡོད་ཀྱང་གཞུང་ཞབས་ཀྱི་ནང་དུ་ཞུགས་མཁན་དགེ་འདུན་པ་མེད་པ་འདིས་ཀྱང་སྐབས་འདི་དང་འབྲེལ་བའི་དོན་དག་མང་པོ་ཞིག་སྟོན།
གཞན་ཡང་“སྐྱ་ལམ་སེར་ལམ་ཁ་ཁ་རེད། འབྲོང་བྲེ་ལུའི་ལམ་དེ་རྫ་ལམ་རེད།” ཅེས་འཇིག་རྟེན་གྱི་ཁ་དཔེ་ལ་ཡོད་པ་བཞིན་ད་ལྟའི་ཆ་ལ་སྐྱ་སེར་གྱི་ལམ་ཁ་སོ་སོར་བྱས་པ་ཡིན་ན་ཚེ་འདི་ཕྱི་གཉིས་དང་། སྐྱ་སེར་སྒེར་སོ་སོ། ཆོས་འཇིག་རྟེན་གཉིས་བཅས་གང་ཐད་ནས་དགེ་མཚན་ཧ་ཅང་ཆེ། དགེ་འདུན་པ་ནི་རང་རེའི་སྐྱབས་གནས་གསུམ་གྱི་ཡ་གྱལ་ཞིག་ཡིན་ཞིང་། སྐྱབས་དེ་སྐྱབས་ཀྱི་གནས་སུ་བཞག་ཅིང་བཞུགས་ན་ཕྱོགས་གང་ས་ནས་དགེ་མཚན་ཆེ།
འོ་ན་དགེ་འདུན་པའི་ཆབ་སྲིད་ཀྱི་ཐོབ་ཐང་འཕྲོག་སོང་རབས་ཀྱི་རྙོག་དྲ་ལངས་སྲིད་ཀྱི་མ་རེད་དམ་དགོངས་སྲིད་ཀྱང་། དོན་ངོ་མར་བཤད་ན་དགེ་འདུན་པའི་ཚོགས་སྡེ་འདི་འཚོ་ཐབས་བྱེ་བྲག་པ་ཞིག་ཡིན་པའི་ངོས་ལེན་ཡོངས་སུ་བྱས་ན་ཁོང་ཅག་ལ་ཐོབ་ཐང་དེ་མ་སྤྲད་མི་འགྲིག་པ་བདེན་ཀྱང་། དེ་ལྟར་ངོས་བཞེས་མེད་པར་ཐར་བ་དང་ཐམས་ཅད་མཁྱེན་པ་དོན་དུ་གཉེར་མཁན་གྱི་ཚོགས་སྡེ་ཞིག་ཡིན་པར་དགོངས་ན་འཇིག་རྟེན་ཆགས་སྡང་གི་རྨང་གཞིར་གྱུར་བའི་སྲིད་དོན་གྱི་བྱ་བ་དེ་འདྲའི་ནང་དུ་འཚང་བར་སྲེད་པ་སྐྱེ་དགོས་དོན་གང་ཡང་མེད། གལ་ཏེ་སྤྱི་ཚོགས་ཀྱི་ཞབས་ཞུ་སྒྲུབ་འདོད་ན་གང་དུ་ཡང་སྒྲུབ་ཆོག་ལ། ངེས་པར་དུ་གཞུང་གི་བྱ་བ་ཞིག་སྒྲུབ་འདོད་ན་ཡང་གཞུང་ཞབས་ཀྱི་ནང་དུ་ཕེབས་ན་དེ་བས་དགེ་མཚན་ཆེ།
འོ་ན་དགེ་འདུན་པ་ཡིན་མིན་ནི་སྐྱེ་བོ་གང་ཞིག་གི་རྒྱུད་ལ་དགེ་ཚུལ་སློང་གི་སྡོམ་པ་ཡོད་མེད་ལ་མཐར་གཏུགས་དགོས་པས་འདི་ལག་ལེན་དུ་སྟར་བར་དཀའ་མོ་མིན་ནམ་སྙམ་སྲིད། སྤྱིར་ན་བྱ་བ་ག་འདྲ་ཞིག་ཡིན་ཡང་འདུན་པ་ཡོད་ན་སྒྲུབ་མི་ཐུབ་པ་ཞིག་མི་སྲིད་པས། འཇིག་རྟེན་ཁ་དཔེར་ཡོད་པ་བཞིན། ལ་ཞིག་ཡོད་ན་ལམ་ཞིག་རྙེད་ངེས་རེད། འདིར་གུས་རང་ཉིད་ཀྱི་བསམ་ཚུལ་ཞིག་འབུལ་ན་དགེ་འདུན་པ་ཡིན་མིན་ནི་ཕྱི་ཚུལ་གྱིས་འབྱེད་རྒྱུ་བྱ་ཆོག གལ་སྲིད་དགེ་འདུན་པ་ཞིག་སྲིད་དོན་ལ་ཞུགས་འདོད་ནས་སངས་རྒྱས་ཀྱི་མནབས་བཟའ་ཕུད་དེ་སྐྱ་ཆས་སུ་ཞུགས་ནས་འོས་འགྲན་ལ་ཞུགས་ན་ཁོང་ལ་འགོག་ཐབས་མེད་ཀྱང་། འདི་འདྲ་ནི་འབྱུང་བ་དཀོན་ཙམ་ཡིན་པས་སྐྱོན་ཆེན་པོ་མི་འབྱུང་།
བཞི། ཆོས་བརྒྱུད་སྤྱི་འཐུས་ཕྱིར་བསྡུ་བྱེད།
རང་རེའི་སྤྱི་འཐུས་ནི་རྒྱལ་ཁབ་གཞན་གྱི་འཐུས་མི་བཞིན་མིན་པར་། ཕར་འབུལ་མཁན་ཞིག་ཡིན་པ་ལས་ཚུར་ལེན་མཁན་ཞིག་མིན། རང་རེའི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་འདི་ངེས་དགོས་པ་ཧ་ཅང་གལ་ཆེ། དེ་ཡང་ཆོལ་ཁའི་སྤྱི་འཐུས་ནི་ཆོལ་ཁའི་ངོས་ནས་སྤྱི་དོན་ལ་འགན་ཁུར་གྱི་ཞབས་ཞུ་ཡར་འབུལ་དུ་བཏང་བ་ལས་ཆོལ་ཁའི་ཆེད་དུ་ཐོབ་ཐང་མར་ལེན་དུ་མངགས་པ་མིན། དེ་བཞིན་ཁུངས་གཞན་པའི་སྤྱི་འཐུས་དག་ཀྱང་དེ་ལྟར་ཡིན་དགོས། དེས་ན་ལར་ནས་ཆོས་ལུགས་ཀྱི་ངོས་ནས་སྲིད་དོན་གྱི་བྱ་བའི་ནང་དུ་འབུལ་རྒྱུ་ཞིག་ཡོང་དཀའ་ཞིང་། གལ་སྲིད་ཡོད་ན་ཡང་ཆོལ་ཁའི་ནང་དུ་མ་ཚུད་པའི་ཆོས་རྒྱུད་ཀྱི་ངོས་ནས་སྤྱི་དོན་ལ་འབུལ་རྒྱུའི་ཞལ་འདེབས་ཤིག་མེད། སྤྱིར་ན་ཆོས་རྒྱུད་དང་ཆོལ་ཁའི་སྤྱི་འཐུས་ཀྱི་ལམ་ལུགས་འདིས་ངས་ཐོག་མར་ཞུས་པའི་ནོར་འཁྲུལ་དེ་བསྐྲུན་ཡོད་ཀྱང་། འོས་འཕེན་ལམ་ལུགས་ལ་འགྱུར་བ་བཏང་ན་ཆོལ་ཁའི་སྤྱི་འཐུས་ལམ་ལུགས་ཀྱི་སྐྱོན་ཆ་དེ་ཧ་ཅང་ཉུང་དུ་འགྲོ་ངེས་པས་མ་བཞག་ཐབས་མེད་ཀྱི་ལམ་ལུགས་འདི་ད་མུར་འཇོག་ཆོག
ཨ་མཆོད་འཇམ་དཔལ་ཚུལ་ཁྲིམས་ཀྱིས། ༢༠༡༦ ཟླ་༧་༡༥ ལ་ཧུན་སུར་ནས།
བོད་ཕྱི་ནང་གཉིས་སུ་དགེ་འདུན་པ་མེད་ན་ཆབ་དཔལ་རིག་གསུམ་འཇའ་ལྟར་ཡལ་ངེས་།
བོད་མིའི་སྒྲིག་འཛུགས་ཀྱི་ཉིན་རེས་བྱེད་སྒོའི་ཁྲོད་ན་ཆོས་ལུགས་ཀྱི་ཞལ་འདོན་སྐྱོར་བ་སོགས་ཆོ་ག་ཕྱག་ལེན་མང་བའི་སྟེང་དུ་ཇེ་མང་ལ་འགྲོ་བཞིན་ཡོད་སྟབས་དགེ་འདུན་པའམ་སེར་མོ་བ་ཇེ་མང་དུ་བཏང་ན་ཡག་ཤོས་རེད།
ཡག་མོ་བྲིས་འདུག།
སྤྱི་འཐུས་ཀྱི་སྒྲུབ་ཆ་ལ་བསྐྱར་བཅོས་དགོས་ན་བཅའ་ཁྲིམས་
ལ་བསྐྱར་བཅོས་འགྲོ་དགོས་པ་ལས་བཅའ་ཁྲིམས་ལ་བསྐྱར་བཅོས་མ་ཕྱིན་པར་འོས་བསྡུའི་སྒྲིག་གཞི་ལ་བསྐྱར་བཅོས་གནང་ན་
ཤིང་སྡོང་གི་རྩ་བར་ལག་པ་འཕྱང་བར་ཡལ་ག་བཏུབ་པ་མ་རེད་དམ་།
ིནོར་བཅོས་(མ་འཕྱང་)
སྤོབས་པས་བཤད་པ་དེར་མོས་མཐུན་ཡོད། དེང་སང་བཀའ་བློན་དང་སྲིད་སྐྱོང་རྣམ་གོང་ས་མཆོག་ག་བར་ཕེབས་ས་དེར་ཕྱིན་ནས་དབང་ལུང་ཁྲིད་གསུམ་ཞུས་ནས་དུས་ཚོད་གཏོང་གི་འདུག ངས་བསམ་ན་བོད་མིའི་སྒྲིགས་འཛུགས་འདི་བཞིན་སྔར་བོད་གཞུང་ཞེས་ཡོད་པ་དེ་ཕྱིས་སུ་བོད་མིའི་སྒྲིགས་འཛུགས་ཞེས་བསྒྱུར་བ་རེད། དེ་རིང་གི་བོད་མིའི་སྒྲིགས་འཛུགས་ཀྱི་རྩ་ཁྲིམས་ལ་བསྒྱུར་བཅོས་གཏོང་གི་ཡོད་ན། ད་ལྟ་ཡོད་བཞིན་པའི་བོད་མིའི་སྒྲིགས་འཛུགས་ཞེས་པ་དེ། ༼ ནང་བསྟན་དར་སྤེལ་ཚོགས་པ༽ཞེས་བསྒྱུར་གནང་རོགས་ཞེས་འབོད་བསྐུལ་ཞུ་གི་ཡོད། གང་ཡིན་ཟེར་ན་དེང་སང་ནུབ་ཕྱོགས་དང་ཨ་རི་རྒྱ་གར་ལས་སོགས་བོད་མིའི་འདུས་སྡོད་ཆེ་ས་སོགས་སུ་ནང་ཆོས་ངོ་སྤྲོད་ཅེས་རླུང་ལྟར་བསྒྲགས་བཞིན་འདུག་སྒྲིགས་འཛུགས་ཀྱིས་ངོས་ནས་ཀྱང་ལས་འགུལ་དེ་ལས་གཞན་ཆབ་སྲིད་ཀྱི་ངོ་སྤྲོད་ཟེར་བ་གཏམ་བཤད་ཟེར་བ་དེ་འདྲ་གང་ཡང་གོ་རྒྱུ་མི་འདུག དེང་སང་སྤྱི་འཐུས་ཚོ་ས་བགོས་ཀྱིས་གཞིས་ཆགས་ཁག་ལ་བསྐོར་བསྐྱོད་བྱེད་བཞིན་པའི་སྒང་ཡིན་ཅིང་དེའི་སྐབས་སུ་དཔལ་ཎ་ལཎ་ཊ་ཡི་ཆོས་ལུགས་འདི་རྒྱུད་འཛིན་དང་ཉམས་ལེན་བྱེད་དགོས་རབས་སོགས་ཆོས་བཤད་རྐྱང་རྐྱང་བྱས་ནས་འགྲོ་བཞིན་འདུག་པས། ༼ནང་བསྟན་དར་སྤེལ་ཚོགས་པ༽ ཞེས་སུ་བསྒྱུར་བ་ཡིན་ན་མིང་དོན་མཚུངས་པ་ཞིག་ཡོང་གི་རེད། དེ་ངས་ཁྲིམས་བཟོ་ལྷན་ཚོགས་ལ་འབོད་བསྐུལ་ཞུ་གི་ཡོད་པས་དགོངས་བཞེས་ཅི་ནས་ཀྱང་ཡོང་བ་གནང་རོགས།
དངོད་ཡོད་གནས་ཚུལ་ནི་བཙན་བྱོལ་གཞུང་འདི་ནང་ལ་ཉིན་མ་རེ་རེ་བཞིན་ཆོས་ལུགས་བྱེ་སྒོ་མང་བ་དང་བརྙན་ཕྲིན་དང་གསར་ཤོག་ཁག་ལ་བརྒྱ་ཆ་དགུ་བཅུ་ལྷག་ཆོས་ལུགས་ཀྱི་བསྐོར་རྐྱང་རྐྱང་ཡིན་བཞིན་ཆོས་རྒྱུད་སྤྱི་འཐུས་མི་དགོས་ཟེར་ན་མི་འགྲོ་བ་ལ་རྐང་པ་མི་དགོས་ཟེར་བ་དང་གཅིག་མཚུངས་ཡིན། བསྒྱུར་བཅོད་དགོས་ན་དང་ཐོག་བཀའ་ཤག་གིའི་ལས་དོན་དང་སྤྱི་འཐུས་འགྲོ་བསྐྱོད་མི་དམངས་ཀྱི་འཚོ་བ་དེ་དག་འཛམ་གླིང་གཞན་མཐུན་པ་ཁ་ཚ་དགོས་གཏུགས་དེ་དག་གསར་འགྱུར་དང་དྲྭ་ལམ་གཞུང་གི་བྱེ་སྒོ་ཁག་ལ་བརྒྱ་ཆ་བརྒྱ་བཅུ་དེ་དག་སླེབས་པ་ཞིག་དང་པོའི་ནང་དང་པོས་འགོ་འཛུགས་དགོས།
སྤྱི་འཐུས་ཚོ་མི་མང་ལ་ཆབ་སྲིད་དང་ཁྲིམས་སྒྲིག་སྐོར་དང་མི་མང་ནང་དཀའ་ངལ་ཡོད་མཁན་ཚོར་བལྟ་རྟོགས་ཆེད་ཕེབས་པ་ནས་ཆོས་ཕྱོགས་དང་འབྲེལ་བའི་སྐོར་ཆོས་དོན་ལས་ཁུང་ཟུར་འཛུགས་ཡོད་ན་འཛིན་སྐྱོང་དང་ཁྲིམས་བཟོའི་ས་མཚམས་མ་ནོར་བ་གནང་དགོས་པ་ནི་གལ་ཆེན་ཞིག་ཡིན་པ་དང་ གལ་ཆེ་ཤོས་དེ་མི་མང་ལ་བཅའ་སྒྲིག་ངོ་སྤྲོད་རྒྱུ་དེ་གལ་ཆེན་ཡིན་པ་ལྟར་བཅའ་ཁྲིམས་ནང་ཡུལ་མིའི་རྒྱལ་ཁབ་དེ་ཡུལ་མིའི་སྲིད་སྐྱོང་ལ་བསྐྱར་བཅོས་གནང་བ་དེ་ཚོ་མང་གཙོའི་ལྟ་སྒྲུབ་དང་ཕྱོགས་མཐུན་བྱུང་ཡོད་མེད་དང་ ཚོགས་གཙོ་གཉིས་ནས་རེ་མོས་བྱ་རྒྱུ་དེ་ཚོ་བཅའ་སྒྲིག་གང་གི་འོག་ཏུ་འགན་འཁུར་ནས་ལག་ལྟར་གནང་བ་ཡིན་དེ་ཚོ་མི་མང་གསལ་བཤད་གནང་དགོས་པ་དེ་གལ་ཆེན་ལ་རྩི་གི་ཡོད་།
གང་བཤད་ན་མ་བཤད་ན་རང་རེའི་སྤྱི་འཐུས་རྣམས་ཀྱི་ནང་ནས་དམིགས་ཆོས་ལུགས་སྤྱི་འཐུས་རིགས་ཅི་ཞིག་བྱེད་པར་འཐུས་མིར་བཞེངས་བ་རེད་དམ།་་་ཁོང་རྣམ་པས་དེང་གི་ཆབ་སྲིད་འགྲོ་ལུགས་ཉིན་གཅིག་ཙམ་ལ་སྤྱང་བ་གནང་མྱོང་མེད་ལ།་་་་སྔར་སྲོལ་རྒྱུན་འཛིན་ལྟ་བུ་འུརབསྟོད་ངར་ཁེངས་ཙམ་གྱི་འཐུས་ཨེ་ཡོད་བསམ།་་་སྟབས་ལེགས་པར་ཞིག་དེང་གྲོས་ཚོགས་ཚོགས་དུས་ཀྱི་བརྙན་རིགས་ལས་ཁོང་རྣམ་པས་མཛད་སྤྱོད་མཐའ་དག་དངོས་མཐོང་ཡིན་པས་ཆོས་ལུགས་འཐུས་བཞེངས་དག་ལ་དག་ཐེར་ངེས་གནང་མཛད་ན་ལེགས་ཆོས་སུ་ངེས།་་་་
ཆོས་ལུགས་སྤྱི་འཐུས་མི་དགོས་པའི་རྒྱུ་མཚན་ལ་ཆོས་ལུགས་སྤྱི་འཐུས་ཀྱི་བྱ་སྤྱོད་མི་ལེགས་པ་པ་བགྲང་ན་ཡང་དག་མ་རེད། དེས་ན་ཆོལ་ཁའི་སྤྱི་འཐུས་ཀྱང་མི་དགོས་པར་ཐལ། བྱ་སྤྱོད་མི་ལེགས་པ་ཆོལ་ཁའི་སྤྱི་འཐུས་ལ་ཡང་ཡོད་པ་རེད། དེ་ནི་ལེགས་བཅོས་བྱེད་པ་ལས་གཏན་འགོག་བྱེད་མི་འོས་པ་རེད། ལར་ནས་བྱ་སྤྱོད་ལེགས་མིན་དེ་ལྟོས་ས་ལྟོས་འཇོག་ཡིན་པས་ཁག་གཅིག་གི་སྣང་ངོར་བྱ་སྤྱོད་མི་ལེགས་པར་མཐོང་ན་ཡང་ཁག་གཅིག་གི་སྣང་ངོར་དེ་དགོས་གལ་ཅན་ཏུ་མཐོང་གི་རེད། དེའི་ཕྱིར་ཆོལ་ཞེན་གྱི་སྐད་ཆ་བཤད་མཁན་དག་ལ་ཡང་ཡང་འོས་ཐོབ་པའི་སྣང་ཚུལ་ཡོང་བ་འདི་རེད།
ཆོས་ལུགས་སྤྱི་འཐུས་ཀྱིས་དམིགས་བསལ་བྱེད་འཇོག་རྒྱུ་ཞིག་གང་འདུག འདི་ལས་བརྟེན་ནས་འདྲ་མཉམ་མིན་པའི་སྣང་ཚུལ་ཆུང་ཆུང་ཞིག་ཡོད་པ་དེའི་ཚབ་ཏུ་དགོས་པ་ཆེན་པོ་ཞིག་མེད་ན་འདྲ་མཉམ་མེད་པ་དེ་སྡུག་གྱོང་ཞིག་ལས་མེད་པ་རེད། ལྷག་པར་དུ་འཕགས་པའི་དགེ་འདུན་པ་སྲིད་དོན་གྱི་ནང་དུ་ཕེབས་པ་འདི་ཕྱོགས་གང་ཐད་ནས་མཛེས་པོ་ཞིག་མི་འདུག འཕགས་པའི་དགེ་འདུན་པས་སྲིད་དོན་མ་མཁྱེན་པ་ནི་ངས་ཁོང་རྣམས་ཀྱི་ཡོན་ཏན་ལ་རྩི་བ་ལས་སྐྱོན་དུ་མི་རྩི་འོ།
ཆོལ་ཁའི་ཕྱོགས་ཞེན་དེ་གྲོས་ཚོགས་ནང་དུ་ཆེ་བ་ལས་སྤྱི་ཚོགས་སུ་ཆེ་བ་མེད། འདི་ནི་འོས་འཕེན་ལམ་ལུགས་ལ་བརྟེན་ནས་བྱུང་བར་འདོད། ང་ཚོའི་ད་ལྟའི་འོས་འཕེན་ལམ་ལུགས་འདིའི་དབང་གི་སྤྱི་འཐུས་རྣམས་ཆོལ་ཁ་སོགས་ཀྱི་ཆེད་དུ་བཏང་བ་ཡིན་བསམ་པ་ལས་སྤྱི་བའི་ཆེད་དུ་བཏང་བ་ཡིན་པའི་འདུ་ཤེས་སམ་ཚོར་སྣང་ཡོང་གི་མི་འདུག ཇི་སྲིད་འོས་འཕེན་ལམ་ལུགས་ལ་འགྱུར་བ་མ་བཏང་བ་དེ་སྲིད་དུ་ཚོར་སྣང་དེ་སླར་གསོ་ཡོང་མི་ཐུབ་ལ། ཇི་སྲིད་ཚོར་སྣང་དེ་སླར་གསོ་མ་ཐུབ་པ་དེ་སྲིད་དུ་ཆོལ་ཞེན་གྱི་སྣང་ཚུལ་འདི་མུ་མཐུད་ནས་གནས་ངེས་རེད།
དེས་ན་ཆོལ་ཁ་སོ་སོའི་སྤྱི་འཐུས་དེ་དག་ཆོལ་ཁ་གསུམ་ཁའི་ངོས་ནས་འོས་འཕངས་ནས་ཕེབས་ན་ཚོར་སྣང་དེ་སླར་གསོ་ཡོང་བར་ཕན། དེ་སླར་གསོ་བྱུང་ན་ཆོལ་ཁའི་ཕྱོགས་འཐེན་གྱི་སྣང་ཚུལ་ཆུང་དུ་འགྲོ་ངེས། ང་ཚོའི་སྤྱི་འཐུས་ནི་ཡུལ་གཞན་གྱི་འཐུས་མི་བཞིན་ས་གནས་སོ་སོའི་ཐོབ་ཐང་གི་ཆེད་དུ་བཏང་བ་མིན་པར་། སྤྱི་བའི་ཆེད་དུ་བཏང་བ་རེད། འདི་ངེས་པར་དྲན་དགོས། འདི་བར་ལམ་ནས་རང་གཞན་ཚང་མའི་སེམས་སུ་འདི་བརྗེད་འགྲོ་གི་འདུག
བཙན་བྱོལ་གྲོས་སུ་ཆོས་ལུགས་ཐེན་ཆེ་ལས་ཆོལ་ཁའི་ཕྱོགས་ཞེན་གྱིས་མཛད་དཀའ་དང་ལས་དཀའ་ནི་བརྒྱ་ཆ་བརྒྱད་བཅུ་ལས་ལྷག་གི་སྡུག་བ་ཡོད། བོད་མི་རིགས་འདིར་དོན་མེད་དང་དགོས་མེད་ཀྱི་བྱ་སྤྱོད་དེ་དག་བཅོས་སྒྱུར་གྱི་ལེགས་ལམ་ཞིག་ཏུ་སྤྱོད་རྒྱུར་འདོད་ན་ཆོལ་ཁའི་སྤྱི་འཐུས་ཀྱི་རྒྱུད་རིམས་འདི་ངེས་པར་དུ་བཅོས་སྒྱུར་གཏོང་དགོས། ཕན་མེད་ཀྱིས་ནང་འགལ་འགྲོ་བའི་རྒྱུ་རྐྱེན་དེ་དག་ནི་དོར་བྱ་ལས་མ་འདས། ལར་ནི་ཆོལ་ཁ་ཞེས་པའི་མིང་ཚིག་འདིའི་ཡོང་སྟངས་ནི་མི་རིགས་གཞན་གྱིས་དགོས་འཁོ་ལས་བྱུང་བའི་དབང་སྒྱུར་གྱི་བྱ་བཞག་ཅིག་བོད་པ་ཚང་གིས་དང་འདོད་བྱས་པའི་རྣམ་ཐར་ཞིག་རེད།
སོག་པོའི་འདྲེ་ལག་བོད་ཀྱི་ཆབ་སྲིང་བཅིང་།
བོད་འབངས་དུམ་བུར་གཏོང་སླད་ཆོལ་ཁ་བརྟགས་།
བོད་མི་འཐོམ་ནས་སོག་པོའི་འཐོམ་ཞ་གྱོན་།
འཐོམ་ཞ་དཀྱུར་བའི་ནུས་པ་སུ་ལ་ཡོད་།
སྐྱབས་གནས་དགེ་འདུན་པ་རྣམས་སྐྱབས་གནས་ཀྱི་ས་ན་བཞག་ན་ལེགས་ཤིང་། གནད་འགག་མང་པོར་མཐོང་། རྣམ་པ་ཚོས་འདིའི་ཐོག་ལ་བགྲོ་འདྲ་འབྱུང་རྒྱུ་རེད་བསམ་མོད། དེ་ཙམ་མ་བྱུང་བའི་དོན་གང་ཡིན་ངས་ཤེས་མ་སོང་།
སོག་པོའི་མིང་སྙན་ཆོལ་ཁའི་སྒྲིབ་གཟུགས་འོག་།
བོད་འབངས་ནུས་པ་དུམ་བུ་གསུམ་ལ་བགོས་།
གུང་ཁྲན་མིང་སྙན་གསར་བརྗེ་བཅིང་དཀྲོལ་འོག་།
བོད་ཀྱི་ཕྱི་ནང་སྣོད་བཅུད་རྩ་མེད་བཏང་།