སྤོབས་པ་མཐའ་ཡས།
ངས་ལོ་གསར་རྒྱས་སྤྲོས་ཅན་ཞིག་གཏང་རྒྱུ་ཡིན། དེ་ནི་ལོ་འདིའི་ནང་ལ་བོད་གངས་རིའི་ལྗོངས་ཀྱི་དཔའ་བོ་མང་པོ་ཞིག་གིས་མ་སྐུལ་དང་བླངས་སྒོས་རང་གི་ལུས་སྲོག་གིས་བདེན་དཔང་བྱས་ནས་བོད་ཆེན་པོའི་རང་དབང་སླར་གསོའི་ལས་འགུལ་སྤེལ་བས་སོ།།སྒང་པ་བོད་ཀྱི་འགྲོ་ལུགས་ལ་དཔའ་བོ་གཡུལ་དུ་ཤི་བར་མྱ་ངན་བྱེད་སྲོལ་མེད། ང་ཡང་བོད་མི་ཞིག་ཡིན་པའི་ཆ་ནས་དཔའ་བོའི་རྣམ་ཤེས་ལྷ་རུ་བཀུར་བའི་བོད་ཀྱི་འགྲོ་ལུགས་རྒྱུན་འཛིན་བྱ་བར་འདོད།
དུས་རབས་ཉི་ཤུ་པའི་དཀྱིལ་དུ་རྒྱ་དམར་བཙན་འཛུལ་དམག་གིས་ངའི་ཕ་ཡུལ་དུ་དཔུང་འཇུག་བྱས། ཀུན་བཟང་དར་རྒྱས་ཟེར་བའི་དཔའ་རྒོད་ཅིག་རྒྱ་དམག་གིས་བསད། སྐབས་དེར་ཁོའི་གཅུང་མོས་ཁོའི་བེམ་པོ་ཁུར་ཞིང་གླུ་ཤ་སྟག་བླངས་ནས་དུར་སར་བསྐྱལ་སྐད། དེ་ནི་ཁོའི་མིང་པོ་དེ་རང་གར་ཤི་བ་ཙམ་ཞིག་མ་ཡིན་པར་ཤི་ས་བཟང་པོ་གཡུལ་དུ་ཤི་བས་སྤོབས་པ་སྐྱེས་པ་ཡིན།
གནའ་བོའི་བོད་ཀྱི་ཟེར་སྲོལ་ལ། སྐྱེས་ཕོ་རབ་ཤི་ཤི་གཡུལ་ལ་ཤི།།མདའ་ཕྲན་ཞིག་གིས་འཕོ་བ་འདེབས། བྱ་རྒོད་པོ་ཞིག་གིས་ལམ་སྣ་སྟོན།།ཞེས་གཡུལ་དུ་ཤི་ན་དེ་ནི་འཕོ་བ་ཐམས་ཅད་ཀྱི་མཆོག་ཡིན་ཞིང་དེ་ལ་བླ་མ་དྲངས་པ་དང་འཕོ་བ་འདེབས་པ་སོགས་ཆོས་ཀྱི་བྱེད་སྒོ་གང་ཡང་མི་དགོས་པའི་ཡིད་ཆེས་བྱེད། སྐྱེས་ཕོ་འབྲིང་ཤི་ཤི་ཆོས་ལ་ཤི།།ཕ་བླ་མ་ཞིག་གིས་འཕོ་བ་འདེབས།།ཆོས་པོ་ཏི་ཞིག་གིས་ལམ་སྣ་སྟོན།།ཞེས་སྐྱེས་ཕོ་འབྲིང་ནི་ཆོས་བསྒྲུབས་ཤིང་ཚེ་དང་བསྒྲུབ་པ་མཉམ་ནས་ཤི། དེ་ལ་ནི་བླ་མས་འཕོ་བ་འདེབས་པ་དང་ཆོས་བཀླགས་ནས་ལམ་སྣ་སྟོན་པའི་བྱེད་སྒོ་སོགས་ཀྱང་དགོས་པའི་ཡིད་ཆེས་བྱེད།
སྤུན་ཟླ་ཚོ། ད་ལོ་ནི་ལོ་གསར་རྒྱས་སྤྲོས་ཅན་ཞིག་ལ་རོལ་དགོས། འདས་པའི་ལོ་འདི་ནི་ལོ་གཞན་དང་མི་འདྲ་བར་སྒང་པ་བོད་ཚང་ལ་དཔའ་བོ་ཡོད་པའི་དཔང་རྟགས་མཐོང་བའི་ལོ་ཡིན། བཙན་པོའི་སྙིང་སྟོབས་ཀྱི་མེ་རོ་གསོས་པའི་ལོ་ཡིན། དཔའ་བོའི་སྡེ་གསུམ་གྱི་བླ་འགུགས་ཐུབ་པའི་ལོ་ཡིན། ད་ལོ་ལོ་གསར་ལ་མི་རོལ་ན་ནམ་ཞིག་ལ་རོལ་དགོས། རྒྱ་དམར་གྱི་སྔོན་དུ་མྱ་ངན་གྱིས་གཉའ་ཞུམ་ནས་འདུག་མི་རུང་། ལོ་སྔ་མའི་ལོ་གསར་ཐེང་མང་པོ་ཞིག་ལ་རྒྱ་དམར་གྱིས་བོད་མི་ཚོར་ལོ་གསར་གཏོང་རོགས་ཟེར་ནས་འབོད་སྐུལ་བྱས་པ་རེད། དེ་ལུགས་ཀྱི་གནོན་ཤུགས་མང་པོ་སྤྲད་པ་རེད། ད་ལོ་ནི་སྔར་དང་མི་འདྲ་བའི་ལོ་གསར་རྒྱས་པར་རོལ་དགོས། རྒྱ་དམར་གྱི་ལོ་གསར་མ་གཏོང་ཟེར་ནས་ཞུ་བ་འཐེན་དགོས་པ་ཞིག་བྱེད་དགོས།
འདས་པའི་ལོ་འདིའི་ནང་ལ་བོད་ཀྱི་དཔའ་རྒོད་བརྒྱ་ཁར་ལོངས་པ་ཞིག་གིས་ལུས་ཕུང་མེ་ལ་སྦར་བའི་དཔང་རྟགས་བསྟན་ནས་བོད་ལ་རང་དབང་དགོས་པའི་འབོད་སྒྲ་བསྒྲགས། ལོ་འདིར་བོད་མི་ཚོའི་གཉའ་ཞུམ་ཞིང་བག་འཁུམ་ནས་སྡོད་མི་རུང་། མ་མཐའ་ཡང་རང་རང་གི་ས་ནས་ལོ་གསར་རྒྱས་སྤྲོས་ཅན་རེ་ལ་རོལ་དགོས། དཔའ་བོ་དེ་ཚོའི་མིང་དང་འདྲ་པར་ཡན་ཆད་བཤམ་དགོས། དེ་ལ་བཟའ་བཏུང་གི་མཆོད་པ་འབུལ་དགོས། ཉེ་འཁོར་གྱི་ཁྱིམ་མཚེས་ཚོ་ཡང་མགྲོན་དུ་བོས་ནས་དེ་ལུགས་ཀྱི་རྣམ་འགྱུར་སྟོན་དགོས། དཔའ་བོ་ཚོས་ལུས་སྲོག་བློས་བཏང་ཚུལ་དང་དེ་དག་གི་ཞལ་ཆེམ་བརྗིད་པོ་དེ་ཚོ་གླེང་དགོས། དེ་ཡང་སྲོལ་རྒྱུན་ལོ་གསར་དང་འབྲེལ་བའི་ཆབ་སྲིད་ལས་འགུལ་ཞིག་ཡིན།
ང་ཚོས་མྱ་ངན་བྱེད་མི་རུང་། ང་ཚོས་མྱ་ངན་ཅིའི་ཕྱིར་བྱེད། ང་ཚོས་མྱ་ངན་བྱེད་དགོས་པ་ཞིག་གང་ཡང་བྱས་མེད། ང་ཚོའི་དཔའ་བོ་ཚོས་སྲོག་བློས་བཏང་བ་དེ་ནི་སྤོབས་པ་དང་ངོམ་སོ་བྱ་བའི་འོས་སུ་གྱུར་པ་ལས་མྱ་ངན་གྱི་ཡུལ་དུ་གྱུར་པ་ཞིག་མིན། མྱ་ངན་བྱེད་ན་རྒྱ་དམར་གྱིས་བྱེད་པར་འོས། ཁོང་ཚོ་བཙན་འཛུལ་ལག་དམར་བ་རེད། ཁོ་ཚོའི་ལས་མཐའ་ལ་བརྟེན་ནས་ང་ཚོའི་དཔའ་བོ་ཚོས་མི་གསོན་པོའི་ལུས་ལ་མེ་སྦར་བའི་ལམ་འདི་འདེམས་དགོས་ཐུག་པ་རེད།
མདོ་དོན། བོད་མི་ཚོས་ད་ལོར་སྣང་བ་སྐྱིད་པོ་གྱིས། ལོ་གསར་རྒྱས་པ་ཐོངས། ལོ་གསར་འདིའི་ཇ་ཕུད་ཆང་ཕུད་མཆོད་ས་ངོ་མ་དེ་ནི་དཔའ་བོ་ཚོའི་རྣམ་ཤེས་ཡིན། དཔའ་བོ་ཚོའི་རྣམ་ཤེས་ནི་ང་ཚོའི་ལྷ་དང་བླ་མ་ཡིན། གང་གིས་ཕྱིར་ཞེ་ན། བོད་ཅེས་པ་ཞིག་བསྐྱབས་པ་དང་། སྐྱོབ་བཞིན་པ། བསྐྱབ་པར་འགྱུར་མཁན་དེ་དག་ནི་བློས་བཏང་ཆེན་པོ་ཅན་གྱི་དཔའ་བོ་དེ་དག་ལས་གཞན་སུ་ཡང་མིན། དཔའ་བོར་བསྟོད་པའི་གླུ་ལེན་ཞིང་དཔའ་མོ་དྲན་པའི་གཞས་གཏོང་དགོས། མཐུན་སྒྲིལ་ངོམ་པའི་བྲོ་འཆམ་ཅིང་ཡིད་དབངའགུགས་པའི་གར་འཁྲབ་དགོས། དེ་ནི་དཔའ་བོའི་གདུང་རྒྱུད་མ་ཆད་པའི་སྒང་བ་བོད་ཀྱི་སྲོལ་རྒྱུན་ལོ་གསར་ལ་རོལ་སྟངས་ཡིན།
རྩོམ་འདི་ལ་ངས་གོ་བ་ལོན་མ་སོང་།
ཡར་ལང་ན་མགོ་རྡབ། མར་འདུག་ན་རྐུབ་རྡབ་སོང་།
ལོ་སར་སྐྱིད་པོ་ཞིག་མ་བཏང་ནས་ལོ་ལྔ་ཡིན། ད་ཡིན་ན་ཁག་དཀྲི་ས་ཞིག་བསྟན་སོང་། ད་ལོ་ད་ལོ་སར་སྐྱིད་པོ་ཞིག་གཏོང་ཡ། ལུག་མགོ་བསྟན་ནས་བོང་ཤ་བཙོང་ཆོག་ཆོག་རེད།
ངོ་མ་རེད་བོད་མིའི་མེར་སྲེག་ལས་འགུལ་འདི་ནི་དགའ་བ་སྒོགས་དགོས་པ་ཞིག་ལས་སྡུག་བསྔལ་བྱེད་དགོས་པ་ཞིག་གཏན་ནས་མ་རེད།
སྤོབས་པ་མཐའ་ཡས་ཀྱི་ཁྱབ་བསྒྲགས་དེ་དོན་དང་མཐུན་པ་ཞིག་ཏུ་མཐོང་། གཏོང་ཕོད་ཅན་གྱི་སྐྱེས་ཕོ་མོ་ལྷག་བསམ་ཆེན་པོ་ཁྱེར་ནས་བོད་ཀྱི་སྐད་རིགས་དང་རིག་གཞུང་དག་ས་སྟེང་འདིར་ལུས་པའི་ཆེད་དུ། རང་གི་ལུས་མེའི་ཕུང་ཆེན་པོར་བསྒྱུར་ཏེ། འདས་གྲོང་གྱུར་པ་རྣམས་ལས་འགའ་རེ་ལྷར་སྐྱེས་ཡོད་པས། ལྷའི་ལུས་ཀྱིས་རང་ཅག་གིས་བྱེད་འོས་རྣམས་བྱེད་འདུག་གམ་མི་འདུག་ལྟ་ཐུབ་པ་ཡོད་ན། བྱེད་འོས་པ་དེ་མ་བྱེད་པར་མྱ་ངན་རྩི་བས་འདས་པོ་ལྷར་སྐྱེས་པ་རྣམས་ཀྱང་སེམས་སྡུག དེས་ན་སྤོབས་པ་མཐའ་ཡས་ཀྱིས་བྱེད་འོས་ཤིང་ཐུབ་པ་རྣམས་བྱེད་པས། ལྷར་སྐྱེས་གཞོན་ནུ་རྣམས་ཀྱང་། མི་སྣང་བའི་ཚུལ་གྱིས་སྤོབས་པ་མཐའ་ཡས་ཀྱི་ལོ་གསར་གྱི་དགའ་སྟོན་ལ་འབྱོན་པར་འགྱུར། ལོ་གསར་གཟབ་པོའི་ངང་ནས་བརྩི་དགོས་པར་སྣང་ངོ་།།
གོ་རྒྱུ་ཅང་འདུག་གམ།
ཇེ་ཙང་དཔའ་བོ་དཔའ་མོ་་ཀྱིས་ལས་ཀ་དེ་ལྟ་བུ་ཞིག་མ་འདེམས་རང་འདེམ་བྱུང་བ་རེད།
ངོམ་རིན་ཆོག་ན་འདྲ་མ་ཆོག་ན་འདྲ་མ་བྱས་རང་བྱས་ཀྱི་བྱ་བ་དེ་ནི་ཤིན་ཏུ་ཡ་ང་བ་ཞིག་
མ་རེད་དམ།
གོ་རྒྱུ་ཆེན་པོ་འདུག
སྤོབས་པ་མཐའ་ཡས་ཀྱི་སྐད་ཆར་རྒྱབ་སྐྱོར་མཐའ་གཅིག་ཏུ་ཞུ་རྒྱུ་ཡིན།ཝ་རྔ་མ་ཤ་ལེ་ཤི་བ་ལས།།སྟག་འཛུམ་དྲུག་ཉི་ལེ་ཤི་ན་དགའ།།ཟེར་བ་དེ་བོད་མིའི་གཤིས་ཀ་ཡིན་པས།བོད་ཀྱི་མི་རབས་གསར་པ་ཚོའི་ནང་མི་རབས་རྙིང་པ་ཚོ་དང་བསྡུར་ན་འདི་ཙམ་གྱིས་མི་རིགས་ལ་ཤ་ཚ་ལྷག་བསམ་ཡོད་པ།དཔའ་ངར་སྙིང་སྟོབས་ཅན་མང་པོ་དབྱར་གྱི་ཆུ་བོ་རྒྱས་པ་བཞིན་འཕེལ་བཞིན་པར།མི་བསམ་ཡོད་ཅིག་ན་ངོ་མ་དགའ་སྤོབས་ཆེན་པོ་བྱེད་འོས་པ་ཅིག་ཡིན་པ་སྨྲོས་ཅི་དགོས།དེར་བརྟེན་ད་ལོ་རྒན་མགོ་དཀར་དང་གཞོན་སོ་དཀར་གཉིས་ནས་ལོ་སར་དམིགས་བསལ་ཅན་ཅིག་གཏོང་འོས་པ་རེད།འོན་ཀྱང་།རང་རེའི་མི་རིགས་ཀྱི་ལྷག་བསམ་སྙིང་སྟོབས་ལྡན་པའི་རྒྱལ་ཞེན་པ་ཚོའི་སྲོག་མུ་མཐུད་བློས་གཏོང་གནང་རྒྱུར་མོས་མཐུན་མེད།
ཁོང་རྣམ་པའི་སྲོག་འཚོ་བཞིན་དུ་མི་རིགས་དང་རིག་གཞུང་ཆེད་བློས་གཏོང་འདི་ཙམ་གྱི་ཆེན་པོ་ཅིག་གནང་པ་ཡིན་ན།སྲོག་བློས་གཏོང་ལས་ཀྱང་ནུས་པ་ཆེན་པོ་ཅིག་ཏན་ཏན་སླེབས་ཀྱི་རེད།
དགོངས་དག ཝ་རྔ་མ་ཤ་ལེར་བྲོས་པ་ལས།།ཞེས་པར་བཅོས།
ནང་བསྟན་ནང་གཞན་ཕན་རྣམ་བཞག་ཆ་ཚང་བ་ཡོད་སྟབས་གཅིན་སྐྱག་མཆིལ་མ་ཚུན་ཆད་སར་འདོར་སྟངས་གསལ་བོ་ཡོད་པ་རེད། ལོ་རྒྱུས་དང་རིག་གནས་ཅན་གྱི་མི་རིགས་ཤིག་ཡིན་ན། ཤི་སྟངས་མ་འདྲ་བར་མྱ་ངན་བྱེད་སྟངས་ཀྱང་མ་འདྲ་བ་ཞིག་དགོས་པ་འདི་མྱི་དོན་རིག་གནས་ཁྱབ་ཁོངས་ལ་གལ་གནད་ཆེན་པོ་ཡིན་པ་བདེན་པས་མ་ཚད། འདི་འདྲའི་བསམ་ཕྱོགས་ཞིག་མི་ལ་རང་ཆས་སུ་ཡོད་ན་དེ་བས་ཀྱང་རྩེ་ཕུད་རེད་བསམས།
ད་ཅི་བྱེད་མི་ཤེས་ཀི་ཡ། མཁས་པའི་གསུངས་ལ་ཅི་ཡང་ཟེར། བདེན་ནོ་མི་ཤེས་ལ་བདེན་པར་སྣང་ཁོ་ཐག་རེད།
སྐྱག་དྲི་བྲོ་བའི་སྤོབས་མཐའ་དེས། ཤི་ས་བཟང་པོ་གཡུལ་དུ་ཤི་ནས་སྤོབས་པ་སྐྱེས་པ་ཡིན་ཟེར་བ་ཞིག་བྲིས། ད་དུང་རྫིག་རྫིག་བྱས་ཏེ་ཤོད་ཁ་ཡང་བྱས། མྱོང་བ་མེད་པ་སོང་ཙང་ཁྲེལ་མེད་ཀྱི་སྐད་ཆ་སྦོམ་མདོག་ཁ་པོ། རླུང་གིས་སྤུར་བའི་ཝ་རྔ་ཇི་བཞིན་མཚམས་མཚམས་སྦོམ་མདོག་ཁ་པོ། མཚམས་མཚམས་ཆག་ལ་སྦྱར་དུས་ཕྲ་མདོག་ཁ་པོ་དེ་འདྲ་ཤོད་པས་ཅི་ལ་ཕན། ཤི་ནད་མ་ཕོག་པའི་རྟགས་མཚན་མངོན་གསལ་དོད་པོ་རེད། ཤི་ནད་ཕོག་པའི་མི་ལ་སྡུག་བསྔལ་དང་ན་ཟུག་གིས་མནར་བ་ལས་སྤོབས་པ་སྐྱེས་པའི་གཏམ་བཟང་ཞེ་དྲག་དཀོན་པོ་རེད། ད་དུང་དཔའ་བོ་གཡུལ་དུ་ཤི་བ་ལ་འཕོ་བ་མི་དགོས་ཟེར། ཟབ་ལམ་འཕོ་བའི་རྣམ་བཞག་ལ་རྨོངས་པའི་གླང་རྒན་གོག་པོ་དེ་ཚོས་དེ་འདྲ་མ་གཏོགས་ཅི་ཤོད། ཆོས་དང་འཇིག་རྟེན་མཉམ་བསྲེས་བྱས། ད་དུང་གཞིས་ལུས་བོད་མི་ག་ཚོད་རང་སྲོག་གཅོད་འདོད་དམ། ད་དུང་ལོ་གསར་རྒྱས་སྤྲོས་ཅན་ཞིག་གཏོང་འདོད་ཡོད་ལུགས་དང། ཚེ་ལས་འདས་ཟིན་པ་དག་གི་འདྲ་དཔར་ལ། བཟང་བཏུང་གི་མཆོད་འབུལ། དེའི་མདུན་དུ་གླུ་གར་འཁྲབ་རྒྱུ་དང། གཞས་གཏོང་དགོས་རྒྱུ་སོགས་གཞིས་ལུས་བོད་མི་རྩ་མེད་བཟོ་རྒྱུའི་སྐུལ་འདེད་ཀྱི་སྟ་གོན་དང། རང་གཞན་གཉིས་ཕུང་གི་ཕུང་དཀྲུགས་ཀྱི་ལས་སྦྱོར་བཤམས་ནས་ཅི་ཕན། ཁྱོད་ངོ་མ་དཔའ་བོ་གཡུལ་དུ་ཤི་ན་དགའ་བའི་སྤོབས་པ་སྐྱེས་པའི་སྤོབས་མཐའ་ཞིག་ཡིན་ན། སྟོང་གཏམ་དང་མུག་གཏམ་འུད་གཏམ་སོགས་རྒྱང་དུ་དོར་ནས་དང་ཐོག་གཞིས་ལུས་བོད་མི་ས་ཡ་དྲུག་གི་བདེ་དོན་དུ་ཁྱོད་རང་གི་ཚེ་སྲོག་འདོར་ཏེ་ཤི་ཤོག་དང། དུས་དེ་ནས་བཟུང་རྒྱལ་གཅེས་དཔའ་བོ་སྤོབས་མཐའ་ཞེས་བསྔགས་ཏེ་ཁྱོད་ཀྱི་འདྲ་དཔར་ང་ཚོས་བཤམས་ཆོག བཟའ་རྒྱུ་བཏུང་རྒྱུ་ལ་དེ་ཙམ་དགའ་ན་བཟའ་བཏུང་གི་མཆོད་པ་ཁྱོད་ལ་ང་ཚོས་སྦྱར་ཆོག རྒྱལ་གཅེས་དཔའ་བོ་སྤོབས་མཐའ་དྲན་པའི་གདུང་དབྱངས་ཞེས་སྐད་རིགས་འདྲ་མིན་གྱི་གཞས་སྣ་ཡང་ང་ཚོས་བཏང་ཆོག མཉེན་ལྕུགས་འཁྲུལ་ལྡེམ་ལ་དེ་ཙམ་དུང་ན་བཅུ་དྲུག་གསར་བཞད་ཀྱི་བྲོ་གར་གྱི་མཆོད་འབུལ་ཡང་ང་ཚོས་གོ་སྒྲིག་འཐུས་ཚང་ཞུས་ཆོག དུས་དེ་ནས་བཟུང་ཁྱོད་ཀྱིས་གོང་དུ་བྲིས་པའི་གོ་རྒྱུ་ཡོད་ལ་མེད་པའི་བྱུང་རྒྱལ་གྱི་ཡིག་རིས་དེ་ཚོ་ལྷག་བསམ་གྱི་འོ་མཚོ་གྱེན་དུ་ཕྱུར་ནས་བྲིས་པ་ཙམ་དུ་མ་ཟད། དྲག་ཏུ་ཕྱུར་ཏེ་ཟུང་ཁྲག་དམར་མཆིལ་མཆིལ་དུ་འཁོལ་བཞིན་པའི་རྒྱལ་ཁམས་ལར་ཞེན་པ་ཞིག་གི་ཁ་ཁོག་གཉིས་མེད་དུ་བཅངས་པའི་དུང་ཞེན་ཞིག་ཏུ་ང་ཚོས་རྩ་འཛིན་བྱེད་ཐག་ཆོད་ཡིན། དེ་མིན་རང་གི་བཞི་བསྡུས་སྡུག་རོ་ལ་ཚེར་ཁབ་ཙམ་ཟུག་པ་བཟོད་མི་ཐུབ་པའི་ཁར་གཞིས་ལུས་ཀྱི་བོད་མི་རང་སྲོག་འཕོང་མེད་དུ་འདོར་བཅུག་པའི་སྐུལ་འདེད་ངན་པ་དེ་རིགས་མ་གནང་ན་ལེགས་སོ།
ལོ་གསར། ལོ་གསར། ལོ་གསར། གངས་ཅན་པ་ལ་ཤར་རྒྱུ་མེད་པའི་ལོ་གསར། རེ་སྒུག་དང་སྨོན་འདུན་ཁྲོད་ནས་ཤར་རྒྱུ་མེད་པའི་གངས་ཅན་པའི་ལོ་གསར། དུས་ནམ་ཞིག་ལ་གངས་ཅན་པ་ཚོར་སྣང་བ་སྐྱིད་པའི་རང་དབང་གི་ལོ་གསར་ཤ་ཐུབ་བམ།
མྱི་དོན་རིག་པ་ཞེས་པ་ཐ་སྙད་གསར་པ་ཕྱི་ཕྱོགས་ནས་བོད་སྤྱི་ཚོགས་སུ་བསླེབས་ནས་ཅང་མ་འགོར་བ་ཞིག་རེད་ལ། བེད་སྤྱོད་གཏོང་ཁུལ་བྱས་པ་ཙམ་ལས་ཆ་རྒྱུས་མེད་པ་ཞིག་ཀྱང་རེད། བཤད་དགོས་དོན་ནི། མྱི་དོན་རིག་པ་མི་ཤེས་པ་ཞིག་ལ་མྱི་དོན་རིག་པའི་ཐ་སྙད་སྤྱོད་པའི་སྤོབས་པ་ཡོད་པ་དེ་རེད། ལྡོག་སྟེ་བཤད་ན། མྱི་དོན་རིག་པ་ཞེས་པ་ཚིག་སྒྲིག་ཤེས་ཙམ་ཞིག་གིས་སྤྱོད་རྒྱུའི་ཐ་སྙད་ཅིག་མ་རེད། གཞན་ཡང་བསྡུས་གཞུང་ཆ་ཚང་བ་ཞིག་ཀྱང་མ་སྦྱངས་པའི་སྐྱེ་བོ་དག་གིས། ནང་བསྟན་དུ་གཞན་ཕན་གྱི་རྣམ་གཞག་ཆ་ཚང་བ་ཞིག་ཡོད་ཅེས་པ་མཚར་མི་ཆེ་ཨང་། རྟ་ལམ་བོང་བུས་གཅོད་པའི་སྐྱེ་བོ་མང་ཙམ་ཞིག་བཙན་བྱོལ་ཁྲོད་དུ་ཡོང་དང་ཡོང་བཞིན་པ་འདི་ཡང་འཚང་མི་ཆེ་ཨང་། ཐིག་ཕྲེང་ལྔ་ཅན་གྱི་ཡིག་ཚོགས་ལའང་འདི་ལྟའི་ཡིག་ནོར་མང་བ་འཚང་ཆེ། ད་ནི་ལག་པ་པང་དུ་བཞག་སྟེ་དཔེ་ཀློག་ཅུང་ཙམ་བྱེད་པའི་དུས་ལ་བབས་འདུག་སྙམ་སྟེ། བློས་མ་བཟོད་ཙམ་ཡིན། ཕོག་ན་བཟོད་པར་གསོལ་ལོ།།
ཨ་མྱེས་མ་བཟོད་པའི་རྣམ་པ་ཙམ་སྟོན་དུས་སྙིང་རྗེ་པོ་ཞེ་དྲག་འདུག་མ་བཟོད་མབཟོད༌༌༌༌༌༌༌
སྤོབས་པ་མཐའ་ཡས་ལ་རྒྱབ་སྐྱོར་ཡོད། ད་ལོ་ལོ་གསར་བཏང་གི་ཡིན། སྤྱིར་བཏང་ཡེ་ཤུ་ཚོས་བླ་ཆེན་POP དགོངས་པ་རྫོགས་ན་ཡང་ཁོང་ཚོས་Christmas དང་New year བཏང་གི་འདུག ཞོར་འཕྲོས་ཡིན།
སྤོབས་པ་མཐའ་ཡས་ལགས། ལོ་གསར་སྐྱིད་པོ་ཞིག་པོ་གཏོང་དགོས་མིན་ཐག་ཆོད་པོས་བཤད་ཐུབ་པ་ཞིག་མ་རེད། ལར་ནས་གདུང་སེམས་མཉམ་བསྐྱེད་ཀྱིས་འདས་བོའི་རྗེས་ཀྱི་ཤུལ་ལུས་ནང་མི་ལ་སྐྱོ་རོགས་བྱེད་ཐབས་གཙོར་བཟུང་ནས། མྱ་ངན་གདུང་སེམས་གལ་ཆེན་ལ་བརྩི་ཡི་འདུག བྱེད་ལུགས་འདི་ལ་ཡང་འབྲས་བུ་མེད་པ་དེ་འདྲ་མ་རེད། རྒྱ་གུང་ཁྲན་འདུག་བཟོད་མི་བདེ་བའི་གནས་ལ་བསྐྱལ་དང་སྐྱེལ་བཞིན་པ་རེད། དེའི་ཕྱིར་ལོ་གསར་སྐྱིད་པོ་རེ་བཏང་ན་ནུས་བ་བསམ་གྱིས་མི་ཁྱབས་པ་ཞིག་འབྱུང་ཐུབ་པའི་གདེངས་ཚོད་མེད་ན། བསམ་ཚུལ་རེ་འུར་གྱིས་སྒྲོགས་ནས་ལག་ལེན་ལ་འདེབས་བཞིན་པའི་ཐབས་ལམ་གང་དེ་ལ་གཏོར་སྐྱོན་ཐེབས་ན། དེ་ཡང་ཅི་འདྲ་ཞིག་ཡིན་ན་བསམ་བྱུང་། མདོ་དོན་སྐུ་ཉིད་ཀྱི་བརྗོད་དོན་ལྟར་དཔའ་བོ་གཡུལ་ལས་གྲོངས་བ་མྱ་ངན་མི་བྱེད་པའི་ལྟ་ཚུལ་འདི་ལག་ལེན་དངོས་ཀྱི་སྟེང་མཚོན་ཐུབ་པ་ཞིག་བྱེད་དགོས་བ་རེད་བསམ་པ་དྲན་བྱུང་། དེ་ནི་སྐུ་ཉིད་མེར་བསྲེགས་ལ་གཏོང་རྒྱུ་དེ་རེད། དངོས་ནས་ཡིན།
སྤོབས་པ་མཐའ་ཡས་ལ་རྒྱབ་སྐྱོར་ཡོད། རང་ཉིད་བློས་བཏང་བྱེད་ནས་མེར་བསྲེག་གཏོང་མ་ཐུབ་ནའང་དཔའ་བོ་དཔའ་མོ་ཁོང་རྣམས་ཀྱི་རྣམ་ཤེས་ལ་ད་ལོའི་ལོ་སར་གི་མཆོད་འབུལ་བྱེད་གི་ཡིན།
མངར་སྐྱུར་
འཆི་ལ་ཉེ་བའི་མི་རིགས་དང་རིག་གཞུང་སྐྱོབ་ཕྱིར་དཔའ་བོ་དཔའ་མོ་དེ་རྣམས་ཀྱིས་དཔའ་རྟགས་བསྟན་ནས་དགྲ་བོའི་ཚང་འདུག་མི་བདེ་བའི་བཟོས་པའི་རྒྱལ་ཁའི་ལོ་ཡིན་པས་ལོ་གསར་རྒྱས་པ་ང་ཡང་གཏོང་གི་ཡིན། ད་དུང་ཀི་སྒྲ་ཐེངས་གསུམ་བརྒྱབ་ནས་ཐེ་མི་ཚོམ་པར་ལོ་གསར་ཡིན་ད།
འདི་ནི་བསམ་བློ་གཏོང་སྟངས་ཤིག་གི་ཁྱད་པར་རེད། ལོ་གསར་མི་གཏོང་བ་དེ་ཡང་ངོ་རྒོལ་ཞིག་རེད། དཔའ་བོ་དཔའ་མོ་ཚོའི་བྱས་རྗེས་ལ་སྤོབས་པ་མེད་ནས་མ་རེད། ངོ་རྒོལ་འདིས་རྒྱ་དམར་ལ་གནོད་ནས་ད་བཟོད་ལོ་གསར་གཏོང་དགོས་པའི་བཙན་ཤེད་བྱས་པ་རེད། ཡང་ཕྱོགས་གཞན་ཞིག་ནས་མི་ཤི་ན་མྱ་ངན་དང་ལོ་མི་གསར་བ་དེ་ང་ཚོའི་ལུགས་སྲོལ་རེད། མི་ཞིག་ཤི་ན་དེའི་ནང་མི་དང་གཉེན་ཉེ། ད་དུང་ཚོ་བ་གཅིག་པའི་མི་ཚང་མས་གོས་གསར་མི་གོན་པ་དང་ལོ་གསར་མི་གཏོང་བ་ལ་སོགས་པའི་མྱ་ངན་བྱེད་སྲོལ་ཡོད་པ་རེད། ཡིན་ནའང་། མེར་སྲེག་གི་མྱ་ངན་བྱེད་སྟངས་དེ་གཉེན་ཉེ་དང་ཚོ་བའི་ས་མཚམས་ལས་བརྒལ་ཏེ་ཆོལ་གསུམ་ཡོངས་རྫོགས་ལ་ཁྱབ་པ་རེད། འདིས་རྒྱ་ལ་གོ་རྒྱུ་ཞིག་བཏང་བ་རེད། བོད་མི་གཅིག་བོད་ཀྱི་དོན་དག་ལ་ཤི་བ་ཡིན་ན། ཆོལ་གསུམ་ཡོངས་སུ་རྫོགས་པའི་བོད་མི་མི་རེ་ངོ་རེའི་སེམས་སུ་ནག་ཐིག་ཅིག་ཡོད་པ་བསྟན་པ་རེད། རྒྱ་ལ་སེམས་ཁྲེལ་སྣོན་མ་ཞིག་སླེབས་པ་རེད། བོད་མི་རེ་རེ་སྲེག་ན་ནག་ཐིག་དེ་ཇེ་ཆེར་འགྲོ་བཞིན་ཡོད། ནག་ཐིག་དེ་ཇེ་ཆེར་སོང་ན་ཉི་མ་གཅིག་འབ་སོ་མི་འདུས་པའི་ཉེན་ཁ་ཡོད། དེ་བས་ནག་ཐིག་དེ་ཇེ་ཆུང་ལ་གཏོང་ཆེད་རྒྱ་མིས་སྒོར་མོ་སྤྲད་ནས་ལོ་གསར་གཏོང་འཇུག་གི་ཡོད། དེར་བརྟེན་ལོ་གསར་མི་གཏོང་བ་དེ་ཕན་མེད་སྡར་མའི་བྱེད་སྟངས་ཞིག་རེད་ལབ་ན་མི་འགྲིག་པར་སེམས།
ཡང་སྤོབས་པ་མཐའ་ཡས་ལགས་ཀྱི་བསམ་བློ་དེ་བཏང་ནས་ལོ་གསར་ལ་རོལ་ན་དེ་ཡང་ངོ་རྒོལ་བྱེད་སྟངས་ཤིག་རེད། གལ་ཏེ་ང་ཚོས་ལོ་གསར་དེ་ལོ་གསར་གྱི་ཆེད་དུ་མ་བཏང་བར་དམིགས་ཡུལ་ཞིག་དང་ངོ་རྒོལ་ཞིག་གི་ཆེད་དུ་བཏང་བ་ཡིན་ན་མི་འགྲིག་པ་གང་ཡང་མེད། ཡིན་ནའང་། མི་ཤི་ན་སྤྲོ་སྐྱིད་མི་གཏོང་བ་དེ་ང་ཚོའི་ལུགས་སྲོལ་ཡིན་པ་དང་། ཡང་བོད་ནང་ངོ་རྒོལ་རྣམ་པ་ཅན་གྱི་ལོ་གསར་གཏོང་རྒྱུ་ཧ་ཅང་ཁག་པོ་ཡིན་པས། ལོ་གསར་དེ་ལོ་གསར་ཙམ་གྱི་ཆེད་དུ་གཏོང་དགོས་རྒྱུའི་ཉེན་ཁ་ཡོད། དེ་ནི་རྒྱ་མིར་དགོས་པ་དེ་རང་རེད།
གཅིག་བྱས་ན་དཔའ་བོ་ཤི་ན་མྱ་ངན་མི་བྱེད་པ་འདི་ཡང་བཙན་པོའི་སྙིང་སྟོབས་སླར་གསོ་ཞིག་ཏུ་དགོངས་བཞིན་ཡོད་པ་འདྲ་མོད། བཙན་པོའི་སྙིང་སྟོབས་ནི་མདོར་དེད་ན་དཔའ་བོའི་སྙིང་སྟོབས་རེད་ལ། མེར་སྲེག་པ་རེ་རེའི་སྟེང་ནས་ང་ཚོས་སྙིང་སྟོབས་འདི་དངོས་སུ་ཚོར་ཡོད་པ་དེ་ལས་ལྷག་ཅིག་སླར་གསོ་བྱེད་རྒྱུ་མེད་ངེས་རེད། བོད་པ་ཚོ་རྒྱ་མིའི་འོག་ན་སྐྱིད་པོ་མེད་པ་ང་ཚོས་བརྗོད་དང་རྗོད་ཀྱིན་ཡོད་པ་རེད། དེས་ན་སྐྱིད་པོ་མེད་པའི་རྣམ་པ་དེ་ང་ཚོས་སྟོན་དགོས་པ་རེད། ལོ་གསར་མི་གཏོང་བ་ནི་རྣམ་པ་དེ་སྟོན་པའི་ལས་འགུལ་ཞིག་རེད། དེ་བས་རྒྱ་གཞུང་སྡོད་བཟོད་མ་བདེ་བར་གྱུར་བ་རེད། འདི་ལྟར་བལྟས་ཚེ་ལོ་གསར་མི་གཏོང་བ་དེ་དོན་མེད་ཅིག་མིན་པ་དྲ་གྲོགས་ཚོས་ཤེས་ཐུབ་སྙམ།
རེད། སྤོབས་པས་བཤད་པ་དངོས་བདེན་རེད།
ལོ་སར་རྒྱས་པར་རོལ།
དཔའ་བོར་མཆོད་པ་ཕུལ།
དགའ་དགའ་སྐྱིད་ཐོངས།
དཔའ་བོར་སེམས་གསོ་གྱིས།
གླུ་དང་གར་ལ་རོལ།
དཔའ་བོར་བསྟོད་གླུ་བློངས།
སྔོན་ཆད་མ་མཐོང་བའི།
ལོ་སར་གསར་པ་ཞིག
ད་ལོ་གཏོང་རན་རེད།
དཔའ་བོ་རེ་རེ་བཞིན།
བསྟོད་ཚིག་མེ་ཏོག་གི
ཕྲེང་བའི་མགུལ་རྒྱན་རེ།
ཕུལ་ན་ངོ་མཚར་ཆེ།
དཔའ་བོའི་རྣམ་ཤེས་ཀྱིས།
མི་མངོན་ནམ་མཁའི་དབྱིངས།
གཟིགས་ན་སེམས་སྤྲོ་བའི།
གནམ་ལོ་གསར་པ་བསུ།
དགྲ་ནག་གུང་གཞུང་གིས།
སྔོན་མེད་རྒྱས་སྤྲོས་ལོ།
མཐོང་ན་སྙིང་གས་པའི།
རྣམ་པ་གསར་པར་རོལ།
རང་རིགས་བྱིས་པ་རྣམས།
མ་འོངས་སོན་རྩ་རུ།
གངས་ལྗོངས་དཔའ་བོའི་ཡུལ།
ལོ་རྒྱུས་བདེན་དཔང་བྱོས།
དངོས་གནས་ད་ལོའི་ལོ་སར་མ་འདྲ་བ་ཞིག་རོལ་སྟངས་བྱེད་དགོས་ས་རེད། བོད་པའི་བྱེད་སྒོ་ཚང་མ་ཁ་བྲལ་ལ་བརྩིས་ན་ང་ཚོས་ཀྱང་བྱེད་སྒོ་ཚང་མ་འཐབ་རྩོད་ཀྱི་ངོ་བོ་ལ་བསྒྱུར་ཆོག་པར་འདོད།
གང་ཅན་སྡུག་བསྔལ་ཁྲག་གི་རྒྱ་མཚོར་མནར།
བཟོད་མེད་མེ་ལྕེའི་ཁྲོད་ནས་འབོད་ཚིག་སྒྲོག།
འདོད་པའི་འབྲས་བུ་ད་དུང་མ་མཐོང་བར།
དེངས་མེད་མུན་ཁོང་ཁྲོད་ན་ཆོ་ངེ་འདེབ།
ལ་ལས་སྡུག་བསྔལ་ལ་ལས་བདེ་བ་སྟེ།
གཉེན་གྱི་སྡུག་བསྔལ་དགྲ་ལ་བདེ་བ་བསྐྲུན།
འདི་ནི་ཆགས་སྡང་འཁོར་བའི་ཆོས་ཉིད་ཅིག།
དགྲ་དགའ་གཉེན་སྡུག་བྱས་ངན་འདི་དག་ལས།
གངས་ལྗོང་སྤུན་ཟླ་བསད་བསྲེག་མནར་བ་འདིས།
ལ་ལས་དགའ་སྐྱིད་འཚོ་བས་གསོའི་སུ་གྱུར།
སྐྱིད་སྡུག་ཆ་མི་མཉམ་པ་འདི་མིན་ན།
རང་བཙན་མེ་དོག་སད་ཀྱིས་ཅི་ལྟར་བཅོམ།
ཕྱི་ནང་བོད་རིགས་སྤུན་ཟླ་མ་ལས་པའི།
སྐྱིད་སྡུག་མཉམ་མྱོང་ལྡོག་རྩ་གཅིག་བསྒྲིལ་ངང།
དཔུང་བ་མཉམ་གཤིབ་འབོད་སྒྲ་མཉམ་སྒྲོག་ནས།
གངས་ལྗོང་དར་ཆ་བསྒེངས་ན་དེ་མིན་ནམ།
ང་ཡང་སྤོབས་བ་མཐའ་ཡས་དང་མང་ཐོས་ལགས་ཀྱི་བསམ་ཚུལ་འདི་ལ་རྒྱབ་སྐྱོར་ཡོད། སྔོན་མ་ཞིག་ནས་འདི་འདྲ་ཞིག་བསམ་ནས་བསྡད་ཡོད། བོད་ཁ་བ་ཅན་གྱི་ལོ་གསར་དེ་རང་གི་ལེགས་བྱང་དང་མཐུན་ཞིང་འཐབ་རྩོད་ཀྱི་ངོ་བོར་སྒྱུར་ནས་ནམ་ཀུན་དང་མི་འདྲ་བར་ཧ་ཅང་གྲ་རྒྱས་ཤིང་དོན་དང་ལྡན་པ་ཞིག་གཏང་རྒྱུ་དེ་ཧ་ཅང་གལ་ཆེན་པོ་རེད་འདོད།
སྤོབས་པ་ལགས་ཀྱི་བསམ་ཚུལ་འདི་སྣང་བར་འགྲོ་སོང་། ཁོས་ལོ་གསར་ལ་སྤྲོ་སྐྱིད་གཏོང་ན་གཏོང་སྟངས་ཀྱི་རྣམ་པ་མི་འདྲ་བ་ཞིག་བཤད་འདུག དེ་མ་གཏོགས་ཁོས་ད་ལོ་མ་ཇང་རྒྱོབ། ཆང་སྐོལ་འཐུང་ཞེས་སྐད་རྒྱག་གིན་མི་འདུག འདི་ངས་ལས་འགུལ་གྱི་རྣམ་པ་མི་འདྲ་བ་ཞིག་རེད་བསམ་གི ང་ཚོའི་ཕ་ཡུལ་དུ་ཡང་ཁྱིམ་ལ་བྱིས་པ་བུ་ཞིག་སྐྱེས་ན་སྔོན་ཆད་ཕ་མ་དེ་ཚོས་བུ་འདི་གོ་ཁ་ནས་ནད་ཀྱིས་ཤི་བ་ལས། སྒོ་ཁ་ནས་མཚོན་གྱིས་འཆི་བར་ཤོག་ཞེས་སྨོན་ལམ་རྒྱག་སྲོལ་འདུག
རེད། ལོ་གསར་གཏོང་དང་མི་གཏོང་དེ། མི་རེ་ངོ་རེ་ཡིས་ད་བར་དུ་བསྲེགས་སོང་བ་ཚང་མ་སུས་ཆེད་དུ་སྲེག་གི་ཡོད་པ་དང་ག་རེ་བྱས་ནས་སྲེག་གི་ཡོད་པའི་ངོ་རྟགས་འཕྲོད་དགོས་བ་རེད། དེ་ངོ་རྟགས་མ་ཆོད་བར་དུ། སྡུག་འདི་ཕལ་ཆར་ཤ་ཉེ་རིང་དང་ཁྱིམ་མཚེས་གཡས་གཡོན་ཙམ་ལས་མེད་ཚོད་ཡིན་པས། ལོ་གསར་ལ་རོལ་ནས་ངོ་རྒོལ་ཞིག་བྱེད་འདོད་ཡོད་པའི་བོད་མི་ཡང་ཡོད་ཆོག་པར་འདོད། དེ་ནི་བོད་ནང་ནས། ལོ་གསར་མ་གཏང་ན་མི་ཆོག་པའི་བོད་མི་གཅིག་པོ་ལ་བཤད་པ་ཡིན།
བཙན་བྱོལ་ན་ལོ་གསར་གཏོང་ཆོག་དང་མི་ཆོག་པའི་བཙན་བཀའ་མེད་པས། སེམས་ན་སྡུག་ཞིག་མེད་རུང་། ངོ་ལ་གནོང་ཞིག་བཟུང་ནས་ད་ལོ། ལོ་གསར་བསུ་བའི་མཛད་སྒོ་ཙམ་ལས་དགའ་དགའ་སྐྱིད་སྐྱིད་དེ་འདྲ་མི་བྱེད་པར་ལོ་འདིའི་བོད་མི་རིགས་དང་རྒྱལ་ཁབ་ཆེད་དུ་ཆག་སྒོ་ཆེད་པོ་ཕོག་པའི་གཞིས་བཞུགས་དཔའ་བོ་དཔའ་མོ་དག་གི་གཉེན་ཉེ་བོད་མི་ཡོངས་ལ་གདུང་སེམས་མཉམ་བཞུགས་བྱས་ཏེ། ཡུལ་ལུགས་ཚད་ལྡན་གྱི་གུས་བརྩི་རེ་བྱེད་སྲོལ་ཡོད་པས། དེ་ལྟར་ཕྱི་ཕྱོགས་ཀྱི་བོད་མིའི་སེམས་ནང་གི་སྡུག་བསྔལ་འདི་དེ་དག་ལ་འབྲེལ་ནས་ཡོད་པ་ཞིག་ཡིན་པས་རྒྱ་བོད་གཉིས་ལ་སྟོན་པའི་གོ་སྐབས་ཞིག་ཡིན་པར་འདོད།
ཆང་འཐུང་། ར་བཟི། ཀི་བཏབ། འགྲོན་པོ་ལ་སྟོན་ཁ་སྒྲུག་པའི་དུས་ཞིག་ད་ལྟ་དངོས་སུ་ཤར་མེད་པ་འདྲ་ཞིག་རེད། འཐབ་རྩོད་ནི་འཐབ་རྩོད་རེད། རྒྱལ་ཁ་ཐོབ་པའི་འཐབ་རྩོད་ཡིན་པས། རྒྱལ་ཁའི་ཉིན་མོར། ང་ཚོས་ག་རེ་བྱས་བྱས་རེད། དེའི་བར་དུ་སྐྱིད་མཉམ་དང་སྡུག་མཉམ་བྱས་ནས་འདུག་དགོས་པ་འདྲ་ཞིག་བསམ།
ང་རང་ངོས་ནས། ང་རང་གི་མགོ་ལུས་རྐང་གསུམ། གློ་སྙིང་མཆིན་གསུམ། དོན་ལྔ་སྣོད་དྲུག་གི་བདེ་སྡུག་ལ་ཕུལ་བའི་དཔའ་བོ་དཔའ་མོ་དེ་ཚོ་ལ་མ་ནི་རེ་དང་ཁོང་ཅག་གི་ཡུལ་མི་ཉེ་འབྲེལ་ལྷན་དུ་གདུང་སེམས་མཉམ་ཁུར་རེ་བྱས་ནས་འདུག་རྩིས་ཡོད།
འོ་ད་ལྐུགས་རྟགས་རང་རེད། མི་རིགས་སྤུན་ཟླ་ཤི་བར་དགའ་བསུའི་རྟེན་འབྲེལ་ཞུ་བ་ནི་ངོ་མ་ལྐུགས་རྟགས་རེད། གྲི་ཤི་ལ་མི་འགྲོ་བར་ཤོག་ཅེས་སྨོན་ལམ་རྒྱབ་རྒྱུའི་ཚབ་དུ་ཤི་བར་ཤོག་ཅེས་སྨོན་ལམ་འདེབས་ཀྱི་ཡིན་ཟེར། གྲི་ཤིའི་རིགས་བར་དོར་ཡུན་རིང་གནས་དགོས་པར་མ་ཟད་གྲིས་ཤིའི་རིགས་ལ་གྲི་འདུར་མ་བཅས་ན་སྐྱེ་བ་ལེན་རྒྱུ་ཁག་རབས་བཤད་ཡོད། ད་བོད་པ་འདི་ཚོ་བྷིན་ལ་ཌིན་གྱི་དགེ་ཕྲུག་ཆགས་གྲབས་འདུག
https://www.facebook.com/photo.php?v=10151328272924326&set=vb.174854712544847&type=2&theater
སྡུག་པོ་གཞན་གྱི་མྱོང། སྐྱིད་པོ་རང་གི་བྱས། རང་གི་ཟ་འདོད་ནས་གཞན་ལ་དེ་ལྟར་བཤད་ན། ཨཧཧ དེ་ལས་ལོ་སར་གྱིས་འགྲོ་སོང་གཤིན་པོའི་དགེ་རྩ་ལ་བཏངས་ན་མི་ལེགས་སམ།
ལོ་གསར་མ་བཏང་ནས་སུ་ལ་ཡང་གནོད་ཀྱི་མ་རེད། སྡུག་བསག མྱ་ངན་བྱས་ནས་སུ་ལ་ཕན་གྱི་མ་རེད། དེ་ལས་ལོ་གསར་སྐབས་ཚང་མས་སྣང་བ་སྐྱིདཔོ་གྱིས། མཚམས་མཚམས་ལ་སྐྱིད་པོ་རེ་གཏོང་དགོས་པ་དེ་ཡང་གལ་ཆེན་པོ་རེད། རང་བཙན་མ་ཐོབ་བར་ལ་ལོ་གསར་མི་གཏོང་ཟེར་ན་ཁྱོད་ཚོས་ཤེས། གལ་སྲིད་མི་རབས་ཁ་ཤས་རེ་ལ་སྒུག་དགོས་ཐུག་ན་ནི་དེའི་རྗེས་སུ་ལོ་གསར་གཏོང་སྟངས་དེ་ཡང་བརྗེད་ནས་ཤེས་ཀྱི་མ་རེད། དེ་ཡང་བོད་ཀྱི་རིག་གཞུང་གི་ཆ་ཤས་ཡོད་ན་མེད་ན་ཞིག་མ་རེད་པས། ང་ཚོས་བརྗེད་མི་རུང་བ་དེ་བོད་སྤྱིའི་དོན་ལ་རང་ཉིད་མེ་ལ་སྦར་མཁན་ཚོའི་ཁ་ཆེམ་དེ་ཚོ་རེད། རང་སྲོག་བློས་གཏོང་མཁན་སུ་གཅིག་གིས་ཀྱང་ལོ་གསར་མ་གཏོང་།་སྐྱིད་པོ་མ་གཏོང་སོགས་གསུངས་མི་འདུག མི་ཟེར་བ་དེ་ཚོ་སྐྱིད་པོ་གཏོང་བ་ལ་དགའ་གི་རེད། ང་ཚོས་ཉིན་ནས་ཉིན་མཐུད་དེ་སྡུག་གི་སྟེང་ལ་སྡུག་བསག ཁོང་ཁྲོའི་སྟེང་ཁོང་ཁྲོ་བསྣན་ནས་བསྡད་བསྡད་ན་ང་ཚོའི་ཕྱོགས་ལ་འཁོར་མཁན་གྱི་ཕྱི་མི་མེད་པ་ལྟ་ཞོག ཐ་ན་ང་རང་ཚོའི་བུ་རབས་ཚ་རྒྱུད་ཚོ་ཡང་བྲོས་ནས་ཤོར་འགྲོ་གི་རེད།
རྡ་རམ་ས་ལ་ན་ལ་ལས་ལོ་གསར་འདི་ཆོས་རྐྱང་པའི་བྱེད་སྒོ་ལ་སྒྱུར་དགོས་མདོག་མདོག་བཤད་མཁན། ལ་ལས་ཆབ་སྲིད་བྱེད་སྒོ་རྐྱང་པ་ལ་སྒྱུར་དགོས་ཟེར་གྱིན་ཡོད་ཚོད་འདུག ཐ་ན་ལོ་གསར་ཞིག་ཡོད་པ་དེ་ཡང་ཆོས་དང་ཆབ་སྲིད་ལས་འགུལ་རྐྱང་པ་ཞིག་ཏུ་བསྒྱུར་ན་ཡག་པོ་མ་རེད། དམངས་ཁྲོད་ཀྱི་སྲོལ་རྒྱུན་དར་སྲོལ་དེ་ཚོ་ཆོས་དང་ཆབ་སྲིད་ཀྱི་བྱེད་སྒོ་ལ་སྒྱུར་དགོས་དོན་མི་འདུག འདི་འདྲ་དེ་ཡང་སྲོལ་རྒྱུན་རིག་གནས་ངོ་མ་ཉམས་རྒུད་དུ་འགྲོ་སྤྱད་རྩ་བ་ཞིག་ཡིན། ཡག་པོ་མ་རེད། ལོ་གསར་ལོ་གསར་རེད།
བོད་ནང་ན་ལོ་གསར་སྐབས་སུ་རྒྱ་དམར་གཞུང་གིས་བཀོད་སྒྲིག་བྱས་པའི་འདུ་འཛོམ་སོགས་ཀྱི་སྐབས་སུ་རྒྱ་མིན་བོད་མིན་ར་མ་ལུག་གི་བྱེད་སྟངས་མང་པོ་ཞིག་བྱེད་ཀྱིན་འདུག ཆབ་སྲིད་ཀྱི་འཁྲབ་སྟོན་ཡང་མང་པོ་བྱེད་ཀྱིན་འདུག བོད་ནང་ལ་རང་དབང་མེད་པས་མི་མང་པོས་རང་སྲེག་བྱེད་དགོས་དོན་ཡང་གནད་དོན་འདི་ཚོ་ལ་ཐུག་ཡོད་པ་རེད། འདི་ན་ང་ཚོ་ལ་དེ་ཙམ་གྱི་རང་དབང་འདུག ང་ཚོས་ལོ་གསར་ངོ་མ་ཞིག་ཐོངས། དེ་ཡང་ང་ཚོས་ནུས་ཚོད་ཀྱི་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་དར་སྤེལ་གྱི་ཆ་ཤས་ཤིག་རེད།
མཐའ་ཡས་འདིས་གང་གསུངས་གསུངས་བདེན་བདེན་གོ་མོད་ལོ་གསར་ཨེ། ད་མི་ཤེས།
འདིའི་གོང་ལ་བན་དེ་བ་ཟེར་བ་དེས་ང་ལ་བྷིན་ལ་དིན་གྱི་དགེ་ཕྲུག་ལབ་པ་དེ་མཐོང་བས་གད་མོ་ཤོར་སོང་། བྷིན་ལ་དིན་གྱི་དགེ་ཕྲུག་ངོ་མ་ཁྱོད་ཚོ་རེད། ཁྱོད་ཚོས་ལོ་གསར་སྐྱིད་པོ་ཞིག་ཀྱང་མི་གཏོོང་བས་ཆོས་དང་ཆབ་སྲིད་ཀྱི་བྱེད་སྒོ་རྐྱང་པ་ཞིག་ལ་སྒྱུར་དགོས་ཟེར་གྱིན་ཡོད་པ་མ་རེད་དམ།
དངོས་གནས་ཁྱོད་ཚོས་རང་སྲེག་བྱེད་དགོས་ས་རེད། སྐྱོད་པོ་གཏོང་བ་ནི་ཁྱོད་ཚོ་ལ་དགོས་ཀྱི་མི་འདུག ཟ་རྒྱུ་བཏུང་རྒྱུ་ལ་ནི་ཁྱོད་ཚོ་དགའ་གི་མི་འདུག
ང་རང་སོ་ན་མི་དགོས་ཀྱང་ཁྱོད་ཚོ་ཤི་དགོས་ཟེར་བའི་མི་དེ་ཚོ་ཡིན་ན། བུ་ཤི་ན་གཡུལ་དུ་ཤི་དགོས་ཟེར་བའི་གཏམ་དེ་ནི་ཀླད་རྙིང་དང་རྗེས་ལུས་ཀྱི་སྐད་ཆ་རེད། ད་ལོ་ལོ་གསར་མེད་ད། མྱ་ངན་བྱེད་དགོས་ད་དགོས།
གདོང་དམར་ལགས་ ཡར་ཐོན་གྱི་ལྟ་བས་བོད་སྐྱོབ་མི་ཐུབ་ དུས་རབས་ཉེར་གཅིག་པའི་ཞི་བདེ་དང་གྲོས་མོལ་ཟེར་བ་དེ་ཚོ་མི་ལ་དགོས་པ་ལས་ང་ཚོ་ལ་མི་དགོས་ རང་བཙན་ལེན་ན་སྟོབས་ཀྱིས་ལེན་ ལོ་གསར་ནམ་ཡང་ཐོངས་ རྒྱུན་མི་ཆད་པར་ཐོངས་ ལོ་གསར་གྱིས་རྒྱ་དང་བོད་དབྱེ་ ལོ་གསར་མ་གཏོང་ཟེར་མཁན་ལྐུགས་པ་རེད་ ཆབ་སྲིད་པ་རེད་ རྒྱ་རོའི་རྒྱུགས་ཁྱི་ཡང་ཡིན་སྲིད་དོ་
ངས་ནི་བོད་ལ་བྷིན་ལ་ཌན་ཞིག་ཡོད་རོག་བྱེད་ན་བསམ་གི་ཡོད། ཁོང་མི་ལ་ཡོད་ན་དམོད་རྒྱུ་དང་རང་ལ་ཡོད་ན་ངོམ་རྒྱུ་ཞིག་དང་། རྒྱལ་གཅེས་པ་ཕུལ་བྱུང་གི་དཔའ་བོ་ཞིག་རེད་བསམ་གི་ཡོད།
སྤོབས་པ་ལགས་ཕ་མ་ཤི་བ་ལ་ལྷན་སྐྱེས་ཀྱིས་སྡུག་བསྔལ་རང་བཞིན་གྱི་བསླེབ་ཡོང་གི་རེད། དེའི་སྡུག་བསྔལ་དེས་ཕ་མ་གཉིས་ལ་ཕན་མི་ཐོག་ལ་སྡུག་བསྔལ་བྱེདཔོ་་རང་ལའང་ཕན་མི་ཐོག་པ་གསལ་པོ་རེད། རྟ་ཤི་རྒ་ཆག་བ་ལ་རྟེན་འབྲེལ་བྱེད་མཁན་ད་ལྟའི་བར་མཐོང་མྱོང་མེད་ལ་ཐོས་མྱོང་ཡང་མེད་ཡིན་ནའང་ལོ་གསར་པ་སླེབས་ལ་ཉེ་བ་འདིར་ཁྱོད་གིས་མེ་བསྲེག་ཤིག་བཏང་དང་ཁྱོད་རང་གི་ཕ་མ་དང་སྤུན་མཆེད་འགོ་ཁྲིད་ཏེ་བཞས་དང་ཞབས་བྲོ་རེ་ང་ཚོས་འཁྲབ་ཨེ་ཐུབ་བལྟ་ཡོང་། སྟག་ར་གྱི་གསུང་ལ་བསྟོད་དོ།
སོག་པོའི་དཔའ་རྒོད་ཞིག་གི་ལོ་རྒྱུས། སོག་པོ་ཨ་འཇམ་ཀོས་བོ་ཟེར་བ་རྒྱ་ལག་ཤོར་ནས་སྲོག་ཆད་ལ་སྒུག་སྐབས་གྲོགས་པོ་དང་ནང་མི་རྣམས་ལ་བཏང་བའི་འཕྲིན། དཔའ་རྒོད་སོགས་པོའི་རྒྱལ་བློན་ནང་མི་རྣམས་ལ་ཟེར་རྒྱུ། ང་ལས་དབང་ཞིག་གིས་རྒྱ་ལག་ཏུ་ཤོར་བ་ལས་དཔའ་རྩལ་དང་སྙིང་སྟོབས་མེད་པས་མིན། ད་ལྟ་སྲོག་ཆད་ལ་བསྒུགས་ནས་ཡོད། འདུག་རོགས་འགྲོ་རོགས་བླ་མ་དང་མི་ཆེན་ཤ་སྟག་ཡིན། ཉིན་ཞིག་དགྲ་བོའི་མཚོན་རྩེ་ལ་འགྲོ་རྒྱུ་རེད། དེ་དུས་མི་ཆེན་བླ་ཆེན་ཚོས་སྔོན་ནས་ཟུངས་ཁྲག་དྲོན་མོ་ཡུལ་ལྷ་ཆོས་སྐྱོང་དང་། བོད་སོག་གི་དཔའ་རྒོད་ཚོར་མཆོད་རྒྱུ་རེད། ང་སྐྱེས་པ་མི་ཡིས་མ་གོ། རྒས་པ་རང་གིས་མ་ཚོར། ཤི་བ་གཞན་གྱིས་མ་ཤེས་པར་མིན་པར་དཔའ་བོ་གཡུལ་སར་ཤི་ཟེར་བ་དེ་ཡིན། ང་ལ་དུས་ཚོད་ཅིག་སྦྱིན་ན་གཡུལ་སར་ཤི་ཚེ་དཔའ་་གླུ་ལེན་བཞིན་འགྲོ་ངེས། སོག་པོའི་རྒྱལ་བློན་ནང་མི་ཚོ། ང་ཚོ་སྟོབས་ལྡན་དཔའ་བོའི་གདུང་རྒྱུད་རེད། གནའ་མིའི་གཏམ་དཔེར། སྡུག་དུས་མགོ་འཕང་དམའ་མི་རུང་། སྐྱིད་དུས་སྣང་བ་མཐོ་མི་རུང་། ཤི་དུས་མིག་ཆུ་གཏོང་མི་རུང་། ཟེར་བ་དེ་མ་བརྗེད། ང་ཤི་རྗེས་དགྲ་ངན་ཚང་གི་སྔོན་ནས། བུ་གཅིག་ཤི་གཉིས་ཤི་མང་ཉུང་མེད། སྡེ་ཆུས་དོན་ཡིན་དུས་སྣང་བ་སྐྱིད། །ཟེར་བ་ལྟར་དགའ་དགའ་་གྱིས། སྐྱིད་སྐྱིད་ཀྱིས། བློ་བདེ་བདེ་གྱིས། མགོ་མཐོ་མཐོ་གྱིས། སེམས་ཡངས་ཡངས་ཀྱིས། བློ་མ་མང་། གྲོས་མ་ཐུང་། ཇུས་རིང་དགོས། དཔའ་བརྟན་དགོས། ཁྱོད་ཚོས་སྡུག་བསྔལ་བྱས། རྡར་སྐད་བཏོན། སེམས་དཔའ་ཞུམ་ན་ངའི་རྣམ་ཤེས་ལ་མནོལ་གྲིབ་ཐེབ་ཡོང་། ངའི་རྣམ་ཤེས་ལ་ངོ་ཚ་གཏད་ནི་ཡིན། ང་རང་དབང་ཡོད་པའི་བཙན་ཞིག་ཏུ་གྱུར་ན་ཁྱོད་ཚོའི་དགྲ་ལྷ་བྱེད་ངེས། ང་མགོན་སྐྱབས་ཐུབ་པའི་ལྷ་ཞིག་ཏུ་གྱུར་ན་ཁྱོད་ཚོའི་སྡོང་གྲོགས་བྱེད་ངེས། དཔའ་རྒོད་དཔུང་བ་མཉམ་གཤིབ་ཀྱིས། ཤེས་ཅན་བློ་རྩེ་གཅིག་མཐུན་གྱིས། ཨ་བུ་རྒོད་ཚོ། མ་བརྗེད། སོག་ཨ་འཇམ་ཀོས་རྒན་གྱིས།
གོང་གི་ལོ་རྒྱུས་དེ་ཕལ་ཆེར་སྤྱི་ལོ་༡༩༥༧ ཡས་མས་སུ་བྱུང་བ་ཞིག་རེད། འདིར་ལོ་རྒྱུས་ཤིག་བྲིས་པ་ཡིན། ལངས་ཕྱོགས་གང་ཡང་མེད། ངས་ནི་རང་བསྲེག་གཏོང་བར་བསྐུལ་མ་ནམ་ཡང་བྱེད་མ་མྱོང་ལ། དེ་ཚོ་ནོར་འཁྲུལ་ཞེས་བཤད་པའང་མེད། ཤི་གསོན་ཀུན་ལ་ཕན་པའི་ཆེད་དུ་མ་ཎི་འདོན་མཁན་ཞིག་ཡིན།
བདེན གི།
གཡག་བསད་པས་མ་ཟད་རྔ་མའི་རྒྱལ་མཚན་འཕྱར།
ཟེར་བར་ལྟར་གང་ལྟར་དཔའ་བོ་དཔའ་མོ་ཟེར་ནའང་འདྲ་གང་ལྟར་སྤུན་ཟླ་མི་རིགས་ཤིག་བཟོད་མ་ཐུབ་ནས་འཆི་བ་དེ་ལ་དེ་ཡི་ཉེ་སྤུན་ཐམས་ཅད་ཀྱང་བཟོད་མི་ཐུབ་པའི་སེམས་ཀྱི་སྡུག་བསྔལ་གྱིས་མནར་ཏེ་མིག་ཆུ་ཡིས་བཀང། མགོ་བོ་སྔས་ལ་ཕབ། ལག་བྲང་ལ་སྦྱར། ལུས་སེམས་གཉིས་ཀའི་སྡུག་བསྔལ་བརྗོད་མི་ཐུབ་པའི་དུས་འདིར་མི་འགའ་ཞིག་གིས་དེ་ཚོར་བསམ་བློ་ཅུང་ཙམ་ཞིག་མ་བཏང་ནས་ལོ་གསར་རྒྱས་སྤྲོས་གཏོང་གི་ཡིན་ཟེར། མི་འདི་རིགས་ལ་བསམ་ན་ངོ་མ་ཁ་ཕྱིན་ཅི་ལོག་ཏུ་བལྟ་མཁན་ཞིག་ཡིན་པར་ཐག་ཆོད། བྱ་བརྒྱའི་ཁ་ཤར་དུ་བསྟན་དུས་ཁོ་ནུབ་ལ་སྟོན་མཁན་ཞིག་རེད་འདུག དེ་རིགས་ཀྱི་སེམས་ལ་སྙིང་རྗེའི་བསམ་བློ་དང་སྐྱིད་སྡུག་མཉམ་སྤྱོད་ཀྱི་སེམས་པ་ནི་ཁབ་རྩེ་ཙམ་ཀྱང་མེད་པར་ལྟས་ན། ངོ་མ་བྷིན་ལ་ཌིན་ལས་ཀྱང་སྐྱོ་བ་འདུག། བྷིན་ལ་ཌིན་ག་ཚད་གདུག་རྩུབ་ཆེ་རུང་ཁོས་རང་གི་མི་རིགས་དང་ཁ་ཆེའི་ཆོས་ཀྱི་སྟེང་ལ་བསམ་བློ་འདི་འདྲ་བཏང་མ་མྱོངས། བྷིན་ལ་ཌིན་གྱིས་ཨ་རིའི་ཁང་བརྩེགས་གཏོར་སྐབས་ཐུགས་སྤྲོ་བཏང་རབས་གོ་མྱོང། འོན་ཀྱང་ཁོས་རང་གི་དགྲ་བོ་ཤི་བ་ལ་དགའ་བསུ་ཞུས་པ་ལས་རང་གི་སྤུན་ཟླ་མི་རིགས་འཆི་བ་ལ་དགའ་བསུ་ནམ་ཡང་ཞུས་མེད། དེས་ན་མི་འདི་རིགས་བྷིན་ལ་ཌིན་ལས་ཀྱང་བསམ་བློའི་ཁྱེར་ཕྱོགས་སྐྱོ་བ་འདུག་ཟེར་དོན་ཡང་དེ་ཡིན།
ད་ལོའི་ལོ་གསར་དེ།
ནང་ལ་གསོལ་མཆོད་རྟེན་འབྲེལ་དང་། །
འདུ་འཇོམས་དོན་དང་བདེན་པ་གྱིས། །
ཕྱི་རུ་རྒྱས་སྤྲོས་བྲོ་གཞས་སྤོངས། །
ལས་འགུལ་གསར་གཏོད་དམ་འཇོག་གྱིས།
བན་མིང་ཁྱེར་ནས་བན་ལ་སྨད་པ་ནི་བྷིན་ལ་ཌིན་ལས་སྡུག་གཅིག་ཡིན་པར་ཤེས་དགོས། བོན་འདྲེ་ཁྱེད་ཚོའི་ཁྱི་ཁ་ཚུམས་ཟེར་འདོད་བྱུང་། ང་ཚོས་དཔའ་བོ་དང་དཔའ་མོ་ཡིན་པ་ཁ་ཁོག་མཚུངས་པས་འདོད་པ་ན་སྤོབས་པ་མཐའ་ཡས་ཀྱི་གསུངས་ལ་བདེན་པ་སྟེར་དགོས་རྒྱུ་འདུག རྒྱལ་གཅེས་དཔའ་རྒོད་ཚོ་དགའ་བཞིན་སྤྲོ་བཞིན་བོད་དོན་དུ་གཤེགས་སོང་བའི་ཕྱིར།
ཨ་ཕྱིས་ཆོས་སྒྲོན་ལགས་ལ་ཞུ། ཁ་སྣ་ཟེར་ཀི་མ་འདུག བན་དྡེ་བ་དང་སྤོབས་མཐའ་གཉིས་ཁ་བརྡའི་དྲྭ་ཐོག་ཏུ་འགྲན་མེད་ཀྱི་དྲྭ་མཆན་པའི་རེད། ཁྱེད་ལྟ་བུ་ཅིག་གིས་ཁྱོད་ཁ་ཚོམས་ཟེར་ན་ཁྱོད་བཙན་དྲག་ལེ་མ་རེད་དམ། ཁྱོད་རྒྱ་གོང་ཁྲན་ནི་མིན། ཁྱོད་དེ་འདྲའི་བཙན་གཏམ་ཞིག་སྒྲོག་ཁ་བྱེད་ནས་སྤོབས་མཐའ་དང་བན་དྷེ་བ་གཉིས་རྗེས་སུ་ཁྱི་འཁྱམ་རྒྱུག་རྒྱུག་བྱེད་མ་འདུག དེ་ལས་༼བོད་༽ཟེར་བའི་ཚིག་འདིའི་གོ་དོན་དང་། ཐ་སྙད་༼འདོད་རྗེས་༽གང་ངོས་འཛིན་དགོས་མིན་ཁ་གསལ་ཅིག་གསུངས་དང་། གུས་པས་མཁས་དབང་དགེ་ཆོས་ཀྱི་དེའི་སྐོར་ཞིག་གསུངས་པ་མཐོང་ཐོས་བྱུང་ཡང་མཁས་དབང་ཁོང་གི་ཐག་གཅོད་ནས་མ་གསུངས་པ་འདྲ། ཁྱོད་ལ་འདོད་བློ་བབས་པའི་འགྲེལ་ཞིག་མེད་ཚེ། མཁས་དབང་བན་དྷེ་བ་དང་མཁས་དབང་སྤོབས་མཐའ་གཉིས་ལ་བཀའ་འདྲི་ཞུ་ཡ་ཡིན་ཡིད་ལ་ཞོགས། གཞན་ཁོང་གཉིས་ལ་དོན་མེད་བྱ་བ་ཕྲན་བུ་ཞིག་ལ་དུས་ཚོད་བརླགས་འཇུག་འདོད་མེད། ང་ཡང་ལོ་གསར་རྒྱས་སྤྲོ་ལ་རེ་ནས་ཡོད་རུང་བོད་མའི་སྒྲིག་འཛུགས་༼བོད་གཞུང་༽ཀྱིས་ཅི་ཟེར་ལ་བརྩིས་འཇོག་ཞུ་དགོས།
དྲྭ་མཆན་པ་རེད། ཅེས་བཅོས།
ངས་བལྟས་ན་ད་ལོ་ལོ་གསར་གཏོང་དགོས་པར་སེམས། རྒྱུ་མཚན། གཅིག་ནས་ལོ་གསར་ནི་བོད་ཀྱི་རིག་གཞུང་གལ་ཆེན་ཞིག་ཡིན་པས་རྒྱུན་འཛིན་བྱེད་དགོས་རྒྱུ་གལ་ཆེན་པོ་རེད་ལ། གཉིས་ནས་བོད་དོན་ཐག་མ་ཆོད་པར་རྒྱུན་རིང་ལུས་པ་ཡིན་ན་རང་དབང་གི་ཆེད་དུ་བློས་བཏང་ནི་མུ་མཐུད་ནས་ཡོང་ངེས་ཡིན་པས་ང་ཚོས་ལོ་གསར་མ་བཏང་བར་ཇི་ཙམ་གྱི་བར་དུ་སྡོད་དགོས་པ་རེད། གཞན་ཡང་རྟག་པར་ལོ་སར་སོགས་དུས་དྲན་ཁག་མེད་པར་བྱས་ན་ན་གཞོན་མང་པོ་ཞིག་སེམས་ཤུགས་ཆག་པ་དང་ཡི་ཐང་ཆད་སྲིད་པས། སོག་པོ་ཇིང་གིར་སི་ཐན་གྱི་རྒྱལ་རབས་སུ་དཀའ་ངལ་ཆེ་ཤོས་འཕྲད་སྐབས་སྟོན་མོ་བཏང་ནས་དམག་དམངས་ཀྱི་སེམས་ཤུགས་སྤར་ཐབས་བྱེད་པ་ལྟར། ང་ཚོས་ཀྱང་དཀའ་སྡུག་ལ་གདོང་ལེན་བྱེད་ནས་སེམས་ངལ་གསོ་ཐབས་དང་སེམས་ཤུགས་འཕེལ་ཐབས་བྱེད་དགོས་རྒྱུ་གལ་ཆེན་པོ་རེད་སྙམ།
ངའི་ནང་མི་སྤུན་ཡ་ཞིག་གིས་བོད་མི་ས་ཡ་དྲུག་རང་དབང་འབོད་སྒྲའི་དཔང་རྟགས་སྟོན་པའི་ཆེད་དུ་གི་ཆེད་དུ་ལུ་སུས་ལ་མེ་སྦར་ཐུབ་ཡོད་ན་ངས་ནི་ལོ་གསར་རྒྱས་སྤྲོས་ཅན་ཞིག་གཏང་ས་རེད།
ཚིག་རྩོད་མ་བྱེད་ཞུ་བ་འཐེན།
བན་བོན་མ་རྩོད་ཕྱག་ཅིག་འཚལ།
ལྷིང་པོ་བྱས་ནས་བསམ་བློ་ཡག་པོ་ཞིག་གཏོང་དུས། ལོ་གསར་གཏོང་ཐུབ་ཀྱི་མིན་འདུག། ངའི་བརྩེ་བའི་སྤུན་ཞིག་གྲོངས། དེ་ཡང་མི་རིགས་ཞིག་གི་སྡུག་བསྔལ་འདོན་ཆེད་དང་། གཞན་ལ་ངེད་ཚོའི་གནས་སྟངས་དེ་གསལ་བཤད་ཤིག་གི་འདོད་དུ་གྲོངས། ངས་འདིར་ཆང་ཞིག་བཏུང་ནའི་སེམས་པ་སྐྱོ་བ་དེ་བསལ་ཐུབ་ཀྱི་མིན་འདུག། གཞན་ཞིག་ནི་ཁ་ནས་འདོན་ས་མ་རེད། བྲོ་གཅིག་ནི་རང་གར་ཡོང་ས་མ་རེད།
འགྲོ་བ་མི་ཞིག་ཡིན་པའི་གནས་སྟངས་འོག། གདུང་སེམས་མཉམ་སྐྱེད་དང་གཤིན་པོའི་རྗེས་ལ་མྱ་ངན་གྱི་ཚོར་བ་རང་བཞིན་དུ་ཡོང་གི་འདུག
ང་རང་ལོ་གསར་པ་འདིར་འདས་པོ་རྣམས་ཀྱི་བྱས་རྗེས་དྲན་བཞིན་དུ་སྨོན་ལམ་བརྒྱབ། ཁོང་རྣམས་ཀྱི་ཆེད་དུ་མཆོད་པ་འབུལ། ཁོང་རྣམས་ཀྱི་སྙིང་སྟོབས་དྲན་བཞིན་པའི་ངང་ནས་ངས་གང་བྱེད་ཐུབ་ཀྱི་ཡོད་མེད་སྐོར་བསམ་བློ་གཏོང་བཞིན་ལོ་གསར་རོལ་བར་བྱེད།
ཁྱེད་རྣམ་པ་ལོ་གསར་ཐོངས་རོགས། སྐྱིད་པོ་བྱེད་རོགས། དགའ་སྤྲོ་བྱེད་རོགས། ཞབས་བྲོ་རྒྱག་རོགས། ངས་ཟུར་ནས་ཁྱེད་རྣམས་ཀྱི་རྣམ་འགྱུར་དེར་བལྟ་བཞིན། ནུ་བོ་ཚེ་རིང་སྐྱིད་འགྲམ་དེར་ཕྱིན་ནས། མོ་ལ་སེམས་གསོ་བྱེད་བཞིན་ལོ་གསར་འདས་པར་བྱེད།
བཙན་བྱོལ་ཡུལ་མིའི་རང་བཞིན་ནི།
ཧ་ཅིང་མི་བརྟན་སྤྲིན་དང་འདྲ།
ཙི་ཏའི་ཡུལ་གྱི་རྒྱལ་རིགས་འགས།
ཕ་བསད་པ་ལ་རྒྱལ་རྔ་རྡུང་།
སྤྲོ་སྐྱིད་བྱེད་འདོད་པས་དཔའ་བོ་དཔའ་མོར་དྲན་གསོར་ཁ་གཡར་བ་འདི་བོད་ནང་གི་མི་སུ་དང་སུ་ཡིས་མཐོང་ན་ཡང་ཡིད་ཆད་རྒྱུ་རེད། ད་ལོ་ལོ་གསར་གཏོང་སྲོལ་ག་ལ་ཡོད། སྤྱིར་ན་བཙན་བྱོལ་བར་མེད་དུ་མི་རུང་བ་གཉིས་ནི་མཛེས་མ་འདེམས་པ་དང་ལོ་གསར་བ་འདི་གཉིས་རེད། འདི་གཉིས་མེད་སོང་ན་བཙན་བྱོལ་མེད་འགྲོ་བ་རེད། སྐད་ཆ་འདི་འདྲ་དུས་འདི་འདྲ་ཞིག་ལ་བཤད་པར་མི་རན་པར་མཐོང་།
རིགས་ཞེན་མེད་པའི་མི་ངན་ལོ་སར་རོལ།།
རྒྱལ་ཁབ་སྐྱོབ་པའི་དཔའ་བོ་དཔའ་མོ་རྣམས།།
རིགས་ཞེན་ལ་རྒྱས་མེ་ལྕེའི་ཀློང་དུ་ཐིམ།།
ཀླད་མེད་ཅོལ་ཆུང་དགའ་བའི་ཅ་ཅོ་སྒྲོག།
དཔའ་བོའི་རྗེས་འབྲངས་ལོ་གསར་གཏོང་ལ་ཉེ་
བསམ་མེད་སྒྲོ་འདོགས་སྤྱང་ཀི་ལྟོགས་ངུ་རེད་
དཔའ་བོར་བསྟོད་དང་ཕྲ་མ་གང་ཡིན་ཤེས་པར་མཛོད་
བཙན་པོའི་གདུང་བརྒྱུད་མདུན་དུ་བསྐྱོད་དང་ཕྱི་བཤིགས་བརྒྱབ་
ལས་ངན་དགྲ་བོའི་ངན་སྐུལ་རྟག་ཏུ་བཅོམ་
བོད་པ་ཡིན་ན་ལོ་གསར་ཐོངས་
སྤོབས་པ་མཐའ་ཡས་ལགས། ངོས་ནས་ཁྱེད་ཀྱི་རྩོམ་འདི་ལ་ཡི་རངས་ཞུས་པ་ཆབས་ཅིག་དབྱིན་སྐད་དུ་སྒྱུར་ནས་གཤམ་གྱི་དྲྭ་བ་ནང་པར་སྐྲུན་བྱས་ཡོད། པར་སྐྲུན་མ་བྱེད་གོང་ཁྱེད་དང་འབྲེལ་བ་བྱེད་ནས་ཆོག་ཆན་ཞུ་བར་འབད་ཀྱང་ཡོང་ཐབས་བྲལ་བར་སོང་ངོས་ཀྱི་ཁ་བརྡའི་རྩོམ་བྲིས་པས་ཆོག་ཆན་ཞུས་ཡིན། ཁོང་གི་ཁྱེད་ལ་ཡིག་འབྲེལ་བྱུང་སྐབས་ཞུ་ཆོག་ཞེས་གསུངས་ཀྱི། དྲྭ་ཚིག་འདི་ཡིན། http://www.rangzen.net/2013/01/31/let%E2%80%99s-celebrate-coming-losar-in-grand-festivity/#more-5810