དགུ་རོང་སྤུན་གྲོལ།
ངེད་དང་སྨྱུག་གསར་དྲ་བར་དོ་སྣང་བྱེད་པའི་བོད་ཕྱི་ནང་གཉིས་ཀྱི་ཡི་གེ་བ་རྣམ་པ་ལགས། ལོ་གཉིས་ཀྱི་སྔོན་ནས་བཟུང་ཁོ་བོ་དྲ་ཐོག་ཏུ་ཞུགས་ནས་རྩོམ་འབྲི་བ་དང་སྒྱུར་པའི་ལས་ཕྲན་ཙམ་རེ་བྱེད་ཞོར་དུ་རང་སེམས་ཀྱི་སྐད་ཆ་འགའ་རེ་གསོང་བོར་བསྙད་ཅིང་འོང་བ་ཡིན། ལྷག་ཏུ་ལོ་གཅིག་གི་སྔོན་དུ་རང་ཉིད་ཀྱིས་འགྲོ་གྲོན་བཏང་ནས་རང་གྲོལ་སྨྱུག་གསར་དྲ་བ་ཞེས་པ་ཞིག་གཙོ་སྒྲུབ་བྱེད་པ་དང། སྲིད་དོན་དཔྱད་རྗོད་ཀྱི་བྲིས་རྩོམ་རེ་འགའ་ཡང་འབྲི་ཁུལ་བྱས་པ་ཡིན། ཡིན་ཀྱང་། བོད་ནང་གི་རང་ལུས་ཞུགས་འབུལ་རྣམས་ཀྱི་བློས་གཏོང་གི་སྙིང་སྟོབས་དེས་བདུན་ཕྲག་གསུམ་གྱི་སྔོན་ནས་བཟུང་ངེད་ལ་དྲི་བ་གསར་པ་ཞིག་བཏང་བྱུང་ལ། ངའི་རྩོམ་དང་བོད་སྤྱི་ཚོགས་གཉིས་ཀྱི་བར་ཐག་ལ་སླར་ཡང་བསམ་གཞིག་གཏོང་དུ་བཅུག་སོང་།
ལས་སྒོ་གང་ཞིག་ཡིན་ཀྱང་དེའི་ཕན་འབྲས་ཅི་ཡིན་ལ་ལྟ་རྒྱུ་ནི་ཤིན་ཏུ་ནས་གལ་བོ་ཆེ་ཡིན་སྟབས། ངའི་དྲ་རྩོམ་དང་སྨྱུག་གསར་དྲ་བ་གཉིས་ཀྱིས་བོད་སྤྱི་ཚོགས་ལ་བསྐྲུན་པའི་ཕན་འབྲས་ནི་རྒྱ་མཚོར་ཐིམ་པའི་དཀར་ཐིག་ཙམ་དུ་ཟད། དུས་ཚོད་དང་འགྲོ་གྲོན་མང་པོ་བཏང་ཚོད་ཀྱི་འབྲས་བུ་དེ་ཤིན་ཏུ་ཆུང་ཆུང་ཞིག་ཡིན་པར་ཤེས་པས་སེམས་པ་འདི་སྐྱོ་རླབས་ཀྱི་འོག་ཏུ་ཡང་ཡང་ཚུད་དགོས་བྱུང་། ལྷག་ཏུ་རང་ལུས་ཞུགས་འབུལ་གྱི་རླབས་རྒྱུན་༤༣་པ་འཕྱུར་འོང་ཡང་ད་དུང་ངེད་ཀྱིས་སྣང་ཚུལ་དེར་གཡོལ་ནས་ཤར་ནུབ་ཀྱི་སྲིད་དོན་དཔྱད་རྗོད་འདྲ་བྱས་ནས་བསྡད་པ་ཧ་གོ་འོང་དུས། ངེད་ནི་མི་ཁྲེལ་མེད་ཅིག་དང་སྙིང་མེད་ཅིག་ཡིན་པ་གཞི་ནས་རྟོགས་པ་མ་ཟད། འདས་པོ་ཁོང་ཅག་གི་རྣམ་ཤེས་ལའང་ངོ་གནོངས་དགོས་བྱུང་།
བསམས་ཤིང་བསམས་ན་དུས་ད་ལྟ་དབར་དུ་ལྕག་ཟྭ་བརྒྱབ་པའི་སྒེའུ་ཁུང་འབྱེད་ཆེད་དུ་བྲིས་པའི་དྲ་རྩོམ་དག་ལ་སྙིང་བོ་མི་འདུག་པར་སེམས་ལ། དེའི་ཆེད་དུ་དྲ་ཚིགས་ཤིག་བསྒྲུབས་པའང་དགོས་པ་ཆེར་མེད་པ་མཐོང་། དེའི་རྒྱུ་མཚན་ནི། ངའི་ཁོར་ཡུག་ཏུ་གནས་པའི་མི་མང་ཤོས་ཤིག་གིས་ཁུང་ཙིའི་འཕྱོར་ལྭ་རིང་པོ་དེ་གྱོན་ཞིང་། དེའི་ཕུ་ཐུང་ནང་དུ་གཟིགས་མེད་ཀྱི་རལ་གྲི་ཞིག་བསྡུས་ནས་མངོན་ཤུགས་གང་རུང་གིས་ངའི་སྟེང་དུ་མཆོང་གྲབས་མཛད་ཀྱིན་འདུག་པ་དང་། ཟ་ཟུར་གང་རུང་ནས་ཐལ་བར་གཏོང་བའི་གར་འཁྲབ་ཀྱིན་ཡོད་པ་མ་ཟད། སློབ་གསོ་དོ་དམ་རྭ་བར་ཡང་གཡུག་རྩིས་བྱེད་ཀྱིན་འདུག་པས་སོ།། ཕྱོགས་གཅིག་ནས་བོད་ནང་གི་རང་ལུས་ཞུགས་འབུལ་གྱི་སྙིང་སྟོབས་ཀྱིས་ངེད་ཀྱི་དྲ་རྩོམ་བྲི་བའི་དང་ག་འགག་ཏུ་བཅུག་པ་དང་། ཕྱོགས་གཞན་ཞིག་ནས་དགོས་མེད་འབྲས་མེད་ཀྱི་ངང་ནས་ཚེར་མའི་གནས་མལ་དུ་ཉལ་བར་ཧ་ཅང་སུན་པོ་འདུག དེའི་ཕྱིར། ངེད་ཀྱིས་འཇིགས་སྐྲག་མྱོང་མི་དགོས་པའི་འཚོ་བ་ཞིག་དོན་གཉེར་བྱ་ཕྱིར། ངེད་རང་དྲ་རྩོམ་གྱི་འགྲུལ་བཞུད་རིང་མོའི་ཁུག་སོ་འདི་ལས་འབྲལ་འདོད་བྱུང་ལ། དེ་དང་ལྷན་དུ་རང་གྲོལ་སྨྱུག་གསར་དྲ་བ་འདི་ཡང་གཏན་དུ་སྒོ་རྒྱག་འདོད་བྱུང་།
འཆར་སྒོ་འདི་ནི་བདུན་ཕྲག་གསུམ་གྱི་སྔོན་ནས་སྐྱེས་ཤིང། ཉེ་སྔོན་བླ་བྲང་དང་རེབ་གོང་དུ་ཕྱོགས་སྐྱོད་བྱས་པའི་སྐབས་སུ་བློ་ཐག་བཅད་པ་ཞིག་ཡིན། འདི་ནས་གསལ་བརྡ་ཐུང་ཐུང་ཞིག་གཏོང་འདོད་པ་ནི། སྤྱི་ཟླ་བརྒྱད་པའི་ཚེས་གཅིག་ཉིན་དྲ་སྒོ་གཏན་དུ་རྒྱག་རྒྱུ་ཡིན་ཙང་། དུས་ད་ལྟ་དབར་དུ་ངེད་དྲ་བར་རྩོམ་བསྐུར་མཛད་པའི་རྩོམ་འབྲི་བ་དག་གིས་རང་སོ་སོའི་བྲིས་རྩོམ་དང་སྒྱུར་རྩོམ་དག་དུས་བཅད་དེའི་ནང་ཚུན་དུ་དྲ་ངོས་འདི་ལས་བཤུས་ཏེ་རང་ཉིད་ཀྱིས་ཉར་ཚགས་བྱས་ནས་འགྲུབ་ཏུ་འཇུག་རོགས། སྐད་འདི་ཕན་ཚུན་ལ་ལབ་རོགས་གནང་། དངོས་གནས་བོད་ཀྱི་ཐབ་ཚང་ནང་གི་རྫོབ་དྲི་ལ་ཞེ་མེར་གྱིན་འདུག་པས། རྗེས་མའི་ལམ་དུ་ཁོ་བོ་བོད་ཀྱི་ཐབ་ཚང་འདི་ལས་ཕྱི་རོལ་ཏུ་བུད་དེ། ཕྱི་རོལ་མཐོང་བའི་ཁང་པ་ཞིག་གི་ནང་ནས་ཕུ་ལཱ་ཏྲོའི་དྲ་ཚིགས་ལྟ་བུའི་རང་གྲོལ་དྲ་བ་ཞིག་གཉེར་ཞོར་དུ་རྩོམ་དེབ་ཀྱི་ལམ་དུ་འཇུག་རྒྱུ་ཡིན། ངེད་ཀྱི་དྲ་གྲོགས་དག་ལ་བདེ་མོ་བྱོས།