ཐེ་བོ་ཤེས་རབ་རྒྱ་མཚོ།
ཤེས་རབ་ཀྱི་འོད་སྣང་ལས་མཆེད་ཅིང་མེ་དཔུང་ལྟ་བུའི་དཔེ་དེབ་ནི་ད་གཟོད་ཤེས་རྨོངས་ཀྱི་གྲོག་རོང་ལས་བརྒལ་བའི་རྐང་ཟམ་ངོ་མ་ཞིག་སྟེ། ཡོད་ཚད་ཀྱི་ཡོད་ཚད་ཉམས་རྒུད་ཀྱི་མུན་དོང་ནང་ཐུར་ནས་ཐུར་དུ་ཟགས་བཞིན་པའི་མི་རིགས་ཤིག་ལ་མཚོན་ན། དཔེ་དེབ་དེའི་རིགས་ནི་ངེས་པར་དུ་བཀླག་དགོས་ངེས་ཤིག་ཡིན་ལ། མ་བཀླགས་ཚད་མེད་ཀྱི་དཔེ་ཆ་ཞེས་པ་ཡང་དཔེ་ཆ་དེའི་རིགས་ལ་ཟེར་བ་ཡིན་ན་ཧ་ཅང་འོས་འཚམ་ཡིན།
གཤམ་ནས་བདག་གིས་སྐུ་ཞབས་རེ་མདོ་སེངྒེ་ལགས་ཀྱི་དཔྱད་བརྗོད་དེབ་འཕྲེང་གསུམ་པ་《བོད་ཀྱི་ཤེས་ཡོན་ལམ་ལུགས་དང་སྲིད་བྱུས》 ཀྱི་ལྗིད་ཁོག་ཐད་ནས་སྐད་ཆ་ཚིག་ཀ་གཅིག་བཤད་འདོད་བྱུང་། ཁོང་ནི་རིག་གནས་དགག་སྒྲུབ་ཐད་བོད་ཕྱི་ནང་གཉིས་ཆར་ཤུགས་རྐྱེན་མི་ཆུང་བའི་གཞོན་སྐྱེས་རྩོམ་པ་པོ་ཞིག་ཡིན་ལ། ཉེ་ཆར་ྋགོང་ས་མཆོག་གི་སྐུའི་འཁྲུངས་སྐར་ཉིན་ཁོང་གི་དཔྱད་བརྗོད་བརྩམས་ཆོས་དེབ་ཕྲེང་གསུམ་པ་《བོད་ཀྱི་ཤེས་ཡོན་ལམ་ལུགས་དང་སྲིད་བྱུས》ཞེས་པའི་དཔེ་དེབ་འདི་ཤེས་རིག་ལས་ཁུངས་ཀྱིས་པར་བསྐྲུན་བྱས་ནས་བཀའ་ཁྲི་ཟམ་གདོང་རིན་པོ་ཆེ་མཆོག་གིས་དངོས་སུ་དབུ་འབྱེད་གནང་ཡོད་པ་རེད།
དེ་རིང་ང་ཚོས་མི་ལོ་ལྔ་བཅུའི་རིང་འཐུས་ཚང་མ་ཡིན་པའི་བྱེས་ཀྱི་ཤེས་ཡོན་ལམ་ལུགས་འདིས་བསྐྱེད་པའི་མཐའ་འབྲས་ཀྱི་ངོ་བོ་དངོས་ལ་བསྐྱར་ཞིབ་ཅིག་བྱས་ཚེ། དངོས་གནས་མི་རྣམས་དངངས་སྐྲག་སྐྱེ་དགོས་པ་ཞིག་ཏུ་གྱུར་ཡོད་པ་དེ་ཡིན་ལ། ཁྱེད་ལྟ་བུའི་རང་མི་རིགས་ཀྱི་འབྱུང་འགྱུར་ལ་བསམ་གཞིགས་བྱེད་མཁན་གྱི་ཀློག་པ་པོ་ཞིག་གི་ངོས་ཐད་ནས་བལྟས་ན། དེས་བས་ནུབ་མོ་ཉལ་ཡང་གཉིད་མི་ཁུག་པའི་ཚད་དུ་བསྐྱལ་ཡོད།
དུས་རབས་ཉེར་གཅིག་པའི་མིའི་རིགས་ཀྱི་འཇིག་རྟེན་འདི་ནི་ཤེས་ཡོན་གྱིས་ཁ་ལོ་བསྒྱུར་བའི་གཏན་སྲོལ་འདིར་འུ་ཚོའི་སྤྱི་ཚོགས་ཆུང་ཆུང་འདིས་གོ་བ་གཏིང་ཟབ་ཅིག་ལོན་ཚེ། དེས་འུ་ཚོས་ཤེས་ཡོན་ལ་ཅི་ཙམ་མཐོང་ཆེན་བྱེད་དགོས་པ་དང་། དེས་འུ་ཚོས་ཤེས་ཡོན་ལམ་ལུགས་ལ་ཅི་བས་ཀྱང་གཙིགས་ཆེར་ག་འདྲ་འཛིན་དགོས་མིན་ཐད་ངེས་ཤེས་གཏིང་ཟབ་ཅིག་འདྲོང་ངེས་ཡིན། 《བོད་ཀྱི་ཤེས་ཡོན་ལམ་ལུགས་དང་སྲིད་བྱུས》འཇིག་རྟེན་དུ་མ་འཁྲུངས་པའི་ཡར་སྔོན་ནས་བོད་མིའི་སྒྲིག་འཛུགས་ཀྱིས་ཤེས་ཡོན་སྲིད་བྱུས་གསར་པ་ཁྲིམས་སུ་བཅས་ཤིང་གཏན་ལ་ཕབ་ཟིན་ནའང་། རྒྱུ་རྐྱེན་མང་པོ་ཞིག་གིས་སློབ་གྲྭ་ཁག་ཏུ་ལག་བསྟར་གྱིས་མདུན་སྐྱོད་བྱེད་རྒྱུར་ད་དུང་ཡང་བཀག་རྒྱ་མི་ཉུང་བ་ཞིག་ཐེབས་ནས་ཡོད་པ་དང་། བཀག་རྒྱ་དེ་གང་ན་ཇི་ལྟར་ཐེབས་ནས་ཡོད་པའི་ཐད་སྤྱི་ཚོགས་ཁྲོད་ད་སྔ་ཕན་ངོས་འཛིན་བྱེད་སྟངས་གཅིག་གྱུར་བྱུང་མྱོང་མེད་པ་དང་། གཅིག་བྱས་ན་དེ་ནི་སྒེར་ཕན་རིང་ལུགས་པ་ཚོས་ངོས་འཛིན་གཅིག་གྱུར་མ་བྱས་པ་ཞིག་ཀྱང་ཡིན་སྲིད་པ་རེད།
གང་ལྟར་ཀྱང་། 《བོད་ཀྱི་ཤེས་ཡོན་ལམ་ལུགས་དང་སྲིད་བྱུས》 ནི་དེའི་ཐོག་ལ་དཔྱད་ཞིབ་བྱས་པའི་དཔེ་དེབ་ཐོག་མ་དེ་ཡིན་ལ། བོད་མི་རིགས་ཀྱི་ཤེས་ཡོན་བྱུང་རབས་ཀྱི་ངོས་ཐད་ནས་བལྟས་ན། བོད་ནང་ནས་སློབ་གསོའི་སྐོར་གྱི་དཔེ་དེབ་རེ་གཉིས་ཐོན་ཡོད་པ་ལས་སློབ་གསོའམ། ཤེས་ཡོན་ལམ་ལུགས་ཀྱི་སྐོར་ལ་ཚུལ་གསུམ་རིགས་པ་ཡང་དག་གིས་གཏན་ལ་ཕབ་ནས་དཔྱད་ཞིབ་གཤིབ་གསུམ་བྱས་པའི་དཔེ་དེབ་ཅིག་ད་སྔ་བྱུང་མྱོང་མེད་པའི་སྟོང་ཆ་དེ་ཡང་། ད་ལན་སྐུ་ཞབས་རེ་མདོ་སེངྒེ་ལགས་ཀྱི་《བོད་ཀྱི་ཤེས་ཡོན་ལམ་ལུགས་དང་སྲིད་བྱུས》ཀྱིས་ཁ་སྐོང་བྱས་ཡོད་པ་འདི་ང་ཚོས་མིག་མཐོང་ལག་ཟིན་ཡིན་དུ་གྱུར་ནས་ཡོད།
ད་བར་བྱེས་ཀྱི་ཤེས་ཡོན་སློབ་གསོའི་ཐོག་གི་སྐྱོ་གནད་འདིའི་འབྱུང་རྩའི་སྐོར་ནས་གླེང་སློང་བའི་སྐབས། དགེ་རྒན་གྱིས་སློབ་མ་དང་སློབ་མའི་ཁྱིམ་བདག་གིས་མ་འཐུས་ཚུལ་དང་། སློབ་མ་དང་སློབ་མའི་ཁྱིམ་བདག་གིས་དགེ་རྒན་གྱིས་མ་འཐུས་ཚུལ་དང་། དགེ་སློབ་དང་ཁྱིམ་བདག་གསུམ་ཆ་ཕྱོགས་གཅིག་ཏུ་འཛོམས་ཚེ་སློབ་གྲྭའམ་སྒྲིག་འཛུགས་ཀྱིས་མ་འགྲིག་ཚུལ་བཤད་ནས་གཡོལ་ཐབས་ཀྱིས་མི་ལོ་ལྔ་བཅུ་ཐམ་པ་བསྐྱལ་ཟིན་ནའང་། འཕྲིན་ཡིག་ཙམ་ཡང་མགོ་མི་འཁྱོངས་པའི་སློབ་མའི་སྡེ་ཆེན་པོ་ཞིག་འཚར་ལོང་འབྱུང་གིན་ཡོད་པ་འདིས། ཁོང་ཚོས་རྒྱུ་རྐྱེན་ལ་ཅི་ཙམ་གཡོལ་ཐབས་བྱས་ཀྱང་མཐའ་འབྲས་ནི་དམར་དམར་རྗེན་རྗེན་དུ་བསྟན་ཡོད་པའི་ཀླད་གོར་ཞིག་ཡིན་པས། སུ་ཡང་དེའི་ཐད་ལ་ཕྱིར་སྣུར་བྱེད་ས་ཞིག་གཏན་ནས་ལྷག་མེད།
བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་ཀྱང་གནད་འགག་ངོ་མ་འདི་ལས་ནམ་ཡང་འགག་སྒྲོལ་བྱེད་ཐུབ་ཀྱི་མེད་པའི་སྐབས་འདི་འདྲ་ཞིག་ལ། 《བོད་ཀྱི་ཤེས་ཡོན་ལམ་ལུགས་དང་སྲིད་བྱུས》ཀྱི་འོད་རླབས་རྣོན་པོ་འདིས་ད་གཟོད་གནད་དོན་དེ་དག་རྦད་དེ་གསེད་བཀྲོལ་གྱིས་འགག་སྒྲོལ་བྱས་ཟིན་པས། ད་ནི་ང་ཚོ་བློ་གཅིག་སེམས་གཅིག་གིས་ཤེས་ཡོན་སྲིད་བྱུས་གསར་པའི་ཐོག་ལ་ཤར་སྐྱོད་ཇི་ལྟར་བྱ་རྒྱུར་རམ་བླ་ན་མཐོ་བ་ཞིག་བཏེགས་ནས་ཡོད་པ་རེད།
མ་གཞི་འགྲོ་བ་མིའི་རིགས་ཀྱི་འཇིག་རྟེན་དུ། འདི་ལྟ་བུའི་ཤེས་རབ་དང་། འདི་ལྟ་བུའི་དཔྱོད་ཤེས་ཀྱི་ངར་ཁ་བརྡར་བ་ན་ད་གཟོད་འཕེལ་རྒྱས་ཀྱི་ལམ་ཁ་གསར་དུ་བཏོད་ཀྱིན་ཡོད་པས། ད་ལན་སྐུ་ཞབས་རེ་མདོ་སེངྒེ་ལགས་ཀྱིས་རྣོ་མྱུར་གསལ་ཟབ་ཀྱི་ཀྱི་རིག་འཕྲུལ་ཞིབ་མོས། བྱེས་ཀྱི་བོད་མིའི་ཤེས་ཡོན་འཐུས་ཤོར་ཐད་ཀྱི་འགག་རྩར་དཔྱད་ཞིབ་གཤིབ་གསུམ་བྱས་ནས། མི་ལོ་ལྔ་བཅུའི་རིང་གི་འཐུས་ཤོར་གྱི་འགག་སྒོ་ངོ་མ་དེ་བརྟོལ་བར་བྱས་ཡོད་པ་འདིས། དགེ་སློབ་དང་འཛིན་སྐྱོང་འགན་ཁུར་བ་རེ་ཟུང་གི་རང་ལྟ་མཆོག་འཛིན་གྱི་རྫོང་གོག་དེ་རྨང་ནས་འགྱེལ་བར་བྱས་ཡོད་པས་འདི་ནི་ཧ་ཅང་དགའ་འོས་པ་ཞིག་ཡིན།
ཁོང་གིས་མི་ལོ་ལྔ་བཅུའི་རིང་བྱེས་ཀྱི་སྤྱི་ཚོགས་ཁྲོད་དུ་ཤེས་ཡོན་ཐུས་ཤོེར་ཅིའི་ཕྱིར་བྱུང་བའི་ཐད་མཇུག་བསྡོམས་གསལ་ཐིང་ངེར་བརྒྱབ་ཡོད་པས། ད་ནི་ང་ཚོ་ལ་ཤེས་ཡོན་སྲིད་གསར་པའི་ལམ་ཁར་གོམ་པ་ཇི་ལྟར་སྤོ་མིན་ལས་གཞན་ཅི་ཡང་མ་ལྷག་པར་བྱས་ཡོད།
《བོད་ཀྱི་ཤེས་ཡོན་ལམ་ལུགས་དང་སྲིད་བྱུས》ལ་ཁྱད་ཆོས་དེ་དག་ཁོ་ན་ལས་མེད་པ་མ་ཡིན་ཏེ། ད་དུང་དཔེ་དེབ་འདིའི་ནང་དུ་བོད་ནང་གི་ཤེས་ཡོན་གནས་བབ་ལའང་དཔྱད་ཞིབ་དཔྱིས་ཕྱིན་པ་གནང་ཡོད་པ་དང་། བོད་ཀྱི་ཤེས་ཡོན་ལམ་ལུགས་ལ་ཉམས་ཞིབ་གནང་མཁན་གྱི་བོད་རིག་པ་བ་ཞིག་ལ་མཚོན་ན་བཤད་ན་ཡང་། དཔེ་དེབ་འདི་ཅིས་ཀྱང་བཀླག་དགོས་ངེས་ཤིག་ཡིན་ཏེ། དུས་རབས་བདུན་པ་ནས་ད་ཐུག་གི་བར་གྱི་བོད་ཀྱི་ཤེས་ཡོན་ལམ་ལུགས་ལ་རིགས་པ་ཁུངས་འདེད་ཀྱིས་དམིགས་ཕུག་པའི་དཔྱད་ཞིབ་བྱས་པའི་དཔེ་དེབ་རིན་ཐང་བྲལ་བ་ཞིག་རེད།
བཀའ་ཁྲི་ཟམ་གདོང་རིན་པོ་ཆེ་མཆོག་གིས་“ཉམས་ཞིབ་པ་རེ་མདོ་སེངྒེས་བློ་གཟུ་བོར་གནས་པའི་ཐོག ཕྲ་ཞིང་མཛངས་ལ་ཞིབ་པའི་བློ་གྲོས་ཀྱིས་དཔྱད་པ་ཕུན་སུམ་ཚོགས་པའི་ལམ་ནས་སྲོལ་རྒྱུན་མཐའ་དཔྱོད་ཀྱི་ཁྱད་ཆོས་དང་། དེང་རབས་ཉམས་ཞིབ་ཀྱི་གནས་ཚད་གཉིས་འཛོམས་ཡོད་པའི་རྩོམ་ཡིག་འདིས་ཀློག་པ་པོ་རྣམས་ལ་དོན་ཕན་རླབས་ཆེ་རྒྱུན་སྲིང་ཡོང་བའི་ཡིད་ཆེས་ཡོད།”ཅེས་དཔེ་དེབ་འདིའི་རིན་ཐང་ལ་མཐའ་བསྡོམས་གནང་ཡོད།
མཐར་གཏུག་ནས་བཤད་ན། 《བོད་ཀྱི་ཤེས་ཡོན་ལམ་ལུགས་དང་སྲིད་བྱུས》འདི་མགོ་བཀའ་བློན་ནས་མཇུག་སྔོན་འགྲོ་འཛིན་གྲྭའི་བུ་གུ་ཡན་ཆད་ཀྱིས་ངེས་པར་དུ་ལྟ་ཀློག་བྱེད་དགོས་པའི་དཔེ་དེབ་ཅིག་རེད་ཅེས་བདག་གིས་བཤད་འདོད་བྱུང་ངོ་།།
བརྩམས་ཆོས་ལ་བསྔགས་བརྗོད་ཞུ་འོས་ལ། མངོན་པར་བསྟོད་དོ།། ༼དུས་རབས་བདུན་པ་ནས་ད་ཐུག་གི་བར་གྱི་བོད་ཀྱི་ཤེས་ཡོན་ལམ་ལུགས་ལ་རིགས་པ་ཁུངས་འདེད་ཀྱིས་དམིགས་ཕུག་པའི་དཔྱད་ཞིབ་བྱས་པའི་དཔེ་དེབ་རིན་ཐང་བྲལ་བ་ཞིག་རེད།༽ཚིག་འདི་ནི་ཅུང་ཟད་ཚད་ལས་བརྒལ་འདུག བསྟོད་མི་ཤེས་བས་བསྟོད་པ་ལས།།སྨད་ཤེས་པས་སྨད་ན་དགའ།།ཞེས་པ་ལྟར་རེད། དེ་བས་བཙན་བྱོལ་སྤྱི་ཚོགས་ཀྱི་ཤེས་ཡོན་ལམ་ལུགས་ལ་དཔྱད་ཞིབ་བྱས་པའི་དཔེ་དེབ་ཅིག་རེད་ཟེར་ན་འགྲིག་གི་མི་འདུག་གམ། དུས་རབས་རེ་རེའི་ནང་གི་མཁས་དབང་རིམ་བྱོན་དང་དེ་དག་གི་བརྩམས་ཆོས། བོད་ཆོལ་ཁ་གསུམ་གྱི་ཡུལ་སྲོལ་གོམས་གཤིས། དེ་དག་གི་བྱུང་བ་དང་འཕེལ་རིམ་བཅས་ལ་རིགས་པ་ཁུངས་འདེད་བྱེད་ཐུབ་པ་ཞིག་གང་ནས་ཡིན། བོད་པ་སྐྱབས་བཅོལ་བའི་མི་ལོ་ལྔ་བཅུའི་ཤེས་ཡོན་གཅིག་བུར་ཁུངས་འདེད་བྱེད་ཐུབ་ན་ཡག་བྱུང་།
ལྟ་རྒྱ་དང་ཐོས་རྒྱ་མེད་པའི་མི་ཨུ་ཚུགས་ཅན་ཞིག་གིས་བྲིས་པའི་རྩོམ་ཞིག་ལ་སྙིང་པོ་གང་དུ་ཡོད་དམ།
༡ ངེད་ཀྱི་བསམ་ཚུལ་ལ། རྩོམ་འདི་དེབ་ཀྱི་བསྐྱར་ཞིབ་ཅིག་རེད་བསམ་སོང་། རྩོམ་འདི་བཀླགས་པའི་རྗེས་སུ། འདི་དེབ་དེའི་བསྐྱར་ཞིབ་མིན་པ་ཧ་གོ་སོང་། དེས་ན། རྩོམ་འདིའི་ཁོངས་སུ། དེབ་འདི་ངེས་པར་དུ་ཀློག་དགོས་བའི་རྒྱུ་མཚན་དེ་མི་འདུག རྒྱུ་མཚན་རེ་གཉིས་ཡོད་པ་དེ་ཚོ་སྤྱི་བཤད་ལྟ་བུ་ཞིག་རེད་།
༢ དེབ་འདི་ངེས་པར་དུ་ཀློག་དགོས་བ་དེ་འདྲ་ཡིན་ན། ཀློག་དགོས་བའི་རྒྱུ་མཚན་དེ་ཚོ་གཅིག་གཅིག་གཉིས་གཉིས་བྱས་ནས་འདི་རུ་འབྲི་རོགས།
ཀློག་མཁན་ངེད་ལྟ་བུར་དགོས་བ་དེ་ཡིན། དེ་ཙམ་ཞུ།
གཅིག་ནས་རེ་མདོ་སེང་གེ་ཟེར་པའི་མི་འདི་ཕྱོགས་རེས་འཐེན་འཁྱེར་གྱིས་མིག་ལྡོང་ནས་ཡོད་པའི་མི་ཞིག་ཡིན་པ་སྔ་རྗེས་ཀྱི་ཁོའི་བྱ་སྤྱོད་ལས་ཤེས་ཐུབ་པས་དྲང་མོ་ཞིག་ཡོང་དཀའ་བ་དང།
གཉིས་ནས་ཨུ་ཚུགས་ཁོ་ན་མ་གཏོགས་རྣམ་དཔྱོད་ཀྱི་ཁྱད་ཆོས་ལྡན་པའི་རྩོམ་ཡིག་རྐང་གཅིག་ཀྱང་ད་ཕན་འདི་ཡིན་ཞེས་སྟོན་རྒྱུ་མེད་པས་དེབ་གཟུགས་ཙམ་ལས་ཚད་ལྡན་བརྩམས་ཆོས་ཀྱི་རིན་ཐང་མེད་པ་དང།
གསུམ་ནས་སྐུ་ངོ་ཟམ་གདོང་གི་ཤེས་ཡོན་སྲིད་བྱུས་ལ་འགྲེལ་བརྗོད་ལྟ་བུ་ཞིག་ཡིན་པས་ཕན་ཚུན་ངོ་བསྟོད་བྱེད་རེས་བྱེད་པ་ནི་གནའ་བོའི་གཏམ་དཔེར་རྐུན་རྒྱབ་ཇག་ལངས་དང་ཇག་རྒྱབ་རྐུན་ལངས་ཟེར་བ་བཞིན་བྱས་པ་དང། དེབ་དེ་ཡང་སྒེར་གྱི་འབྲེལ་པ་བེད་སྤྱད་དེ་ཤེས་རིག་ལས་ཁུངས་ནས་གླ་ཡོད་འབྲི་རྒྱུ་རག་པ་ཞིག་ཡིན་པ་དང།
བཞི་ནས་ཐེ་བོ་ཤེས་རབ་ཟེར་བའི་མི་འདི་ད་ཕན་ཅུང་རང་ཚུགས་ཡོད་པའི་རྩོམ་འབྲི་མཁན་ཞིག་ཡིན་ཡང་ད་ཐེངས་ཚད་ལས་བརྒལ་བའི་”ངོ་བསྟོད་དང་རྫུན་སྒྲོག་གི་རྩོམ་ཡིག”བྲིས་པ་འདིས་ཀྱང་དེབ་འབྲི་མཁན་དང་དཔྱད་བརྗོད་པ་གཉིས་ཀའི་བྱབ་ཆུང་གི་རྣམ་པ་ཞིག་བསྟན་ཡོད་པ་དང།
ལྔ་ནས་མིའི་དཀའ་ལས་བརྒྱབ་པར་རྗེས་སུ་ཡི་རངས་ལོས་ཡོད་ཀྱང་ཧམ་པ་དང་ཕྲག་དོག་གིས་བྲིས་པའི་དེབ་གཟུགས་ཅིག་ལ་དེ་འདྲའི་རིན་ཐང་ཞིག་ཡོད་མེད་ནི་མིག་ལྡན་སུས་བལྟས་ཀྱང་ཟུར་བལྟས་ལེབ་མཐོང་དུ་འདུག་གོ།
གནས་སྐབས་དེ་ཙམ་བྱ།
རིག་འབྱུང་དོན་གྲུབ་བཀྲ་ཤིས་ལགས། ངས་དེབ་འདིས་ང་ལ་སྤྲད་པའི་བསམ་ཚུལ་དེ་འདིར་བཀོད་པ་ཡིན། ཁྱེད་ཀྱིས་ཞིབ་མོ་བཀླགས་ཡོད་པ་བདེན་ན་ངས་འདི་བཀླག་དགོས་པའི་རྒྱུ་མཚན་དེ་གསལ་པོ་བྱས་ནས་བྲིས་ཡོད། དེ་མིན་མཆན་བུ་གཞན་པ་ཚོར་ང་ལ་ཅི་ཡང་བཤད་རྒྱུ་མེད། སོ་སོས་ག་རེ་མཐོང་བ་དེ་འགྲེལ་བརྗོད་བྱོས་དང་འགྲིག་གི་རེད། འོན་ཀྱང་དངོས་ཡོད་གནས་ཚུལ་ཡིན་མིན་དེ་གནས་ཚུལ་ལོགས་ཀ་ཞིག་རེད།
སྤྱིར་རྩོམ་པ་པོའི་བསམ་དོན་དང་བརྩམས་ཆོས་གཉིས་ལ་ཡིན་མིན་གྱི་མུ་བཞི་ཡོད།
སྤྱིར་རྩོམ་པ་པོའི་བསམ་དོན་དང་བརྩམས་ཆོས་ཀྱི་བརྗོད་བྱ་གཉིས་ལ་ཡིན་མིན་གྱི་མུ་བཞི་ཡོད།
རྒན་ལ་དྭགས་པར་བཀྲ་ཤིས་བདེ་ལེགས་ཞུ། འདིར་ཉིད་ཀྱིས་པར་བསྐུན་ཞུ་དག་གནང་བའི་རྗེ་འཇམ་པའི་དབྱངས་གུང་ཐང་ཚང་གི་ཆུ་ཤིང་བསྟན་བཅོས་ལ་མཇལ་བཞིན་ཡོད། བོད་ཀྱི་བརྡ་སྤྲོད་ལོ་རྒྱུས་མཇལ་བས་བློ་སྐྱེད་མི་ཉུང་བ་བྱུང་། རྒན་ནི་དྲྭ་ཐོག་འདིའི་ཞུ་དག་པ་ཞིག་ལགས་པས། བོད་ཀྱི་གཞོན་ནུ་རྣམས་ཀྱི་ཡིག་གེའི་དག་ཆ་སོགས་ལ་ཐུགས་སྣང་གནང་བའི་བསྐུལ་མ་དང་། ཞུ་དག། སྐྱོན་བརྗོད་ཅི་རིགས་པ་གནང་དང་གནང་བཞིན་པ་ལ། སླད་མར་ཡང་ཕྲིན་ལས་ཀྱི་་རྒྱུན་བཟང་ཉམས་པ་མེད་པར་ཞུ་བ་དང། རྒན་ཀྱིས་ཉེས་སེལ་ཀྱིས་དྲྭ་ཐོག་གི་དག་ཆ་ཇེ་ལེགས་ལ་སོང་འདུག་པ་སྨྲོས་མེད་ཀྱི་བྱས་རྗེ་རླབས་ཆེན་ཞིག་རེད། ཟོལ་མིན་སྙིང་ནས་ཐུགས་རྗེ་ཅེ་ཞུ། ཡང་དྲི་བ་ཞིག་ནི། ལ་དྭགས་མཁས་དབང་བཀྲ་ཤིས་རབ་རྒྱས་འཚོ་བཞུགས་ཡིན་མིན་དང་། རྒན་ལགས་ཀྱིས་བོད་ཀྱི་རིག་གཞུང་ལ་ཞབས་ཞུ་སྒྲུབ་པའི་སྐོར་ཀྱི་རྣམ་ཐར་བྲིས་ཡོད་མིན་གསུང་གསལ་ཞུ། སྐུ་ཚེ་ཞབས་པད་བརྟན་པར་གསོལ་བ་འདེབས། དྲི་མེད་པས་གུས་ཕུལ།
མཁས་དབང་རྒན་འཇམ་དཔལ་མཆོག་དྲ་རྒྱའི་ནང་ཡང་སེ་ཕེབས་ནས་ཞུ་དག་དང་། ལམ་སྟོན་གནང་བར་ཐུགས་རྗེ་ཆེ། གུས་རང་བོད་དུ་སྡོད་སྐབས་འོད་མཚན་མགོན་པོའི་གདན་སར་མཇལ་ཁར་འགྲོ་དུས་གླིང་གི་དཀྱིལ་དུ་སྨན་ཁང་ཆེན་པོ་ཞིག་ཡོད་པ་དེའི་སྦྱིན་བདག་གི་མཚན་ནང་དུ་ཨ་རིར་གནས་ཞུགས་མཁས་དབང་འཇམ་དཔལ་ལགས་ཀྱིས་ཞལ་འདེབས་ག་གེ་ཞིག་གནང་ཞེས་བྲིས་འདུག་པར་སེམས་ནང་དུ་མཁས་དབང་ཁོང་ནི་ཨ་རིར་བཞུགས་ཀྱང་བོད་དུ་ཐུགས་འཁུར་དེ་འདྲ་གནང་གི་འདུག་སྙམ་པའི་སེམས་ཚོར་མི་འདྲ་བ་ཞིག་བྱུང་། ཉིན་ཞིག་མདོ་སྔགས་རིག་གནས་ཀུན་ལ་མཁས་ཤིང་སྦས་པའི་རྣལ་འབྱོར་བ་ཆེན་པོ་བཀའ་བཅུ་པ་བློ་བཟང་བསམ་བཏན་མཆོག་མཇལ་དུ་ཕྱིན་པས་ཁོང་ནས་རྒན་འཇམ་དཔལ་མཆོག་གི་སྐོར་གསུང་བྱུང་བར་གཞི་ནས་ཁོང་གི་སྐོར་རོབ་ཙམ་ཤེས་བྱུང་། དེ་རྗེས་གུས་རང་ཡུར་གྱར་ནས་རྒྱ་གར་དུ་སླེབས་ཤིང་རིང་པོར་མི་ཐོགས་པར་མཁས་དབང་མཆོག་ནས་ལོ་མང་སྔོན་ནས་བཙན་བྱོལ་ནང་གི་ཚག་ཤོག་དང་། དུས་དེབ། གཞུང་འབྲེལ་གྱི་ཡིག་ཆ་ཚང་མར་ཞུས་དག་གིས་ནོར་བཅོས་གནང་བའི་སྙན་ཞུ་ཞིག་༧གོང་ས་མཆོག་ལ་འབུལ་ལམ་ཞུས་པ་་དང་། མཁས་དབང་་མཆོག་ནས་ཕྱོགས་སྒྲིགས་གནང་པའི་ས་སྐྱ་ལེགས་བཤད་དབྱིན་བོད་ཤན་སྦྱར་དེབ་དེ་མཇལ་རྒྱུའི་གོ་སྐབས་བྱུང་བས་་གུས་རང་ལ་དབྱིན་བོད་གཉིས་ཀར་སྦྱང་རྒྱུར་ཕན་ཐོགས་མང་དུ་བྱུང་།
སྐུ་ཞབས་རེ་མདོ་སེངྒེ་ལགས་ཀྱི་དཔྱད་བརྗོད་དེབ་འཕྲེང་གསུམ་པ་《བོད་ཀྱི་ཤེས་ཡོན་ལམ་ལུགས་དང་སྲིད་བྱུས》 ཞེས་པ་དཔར་སྐྲུན་ལེགས་འགྲུབ་བྱུང་བར་བཀྲ་ཤིས་བདེ་ལེགས་ཞུ། དེབ་ཀྱི་ལྗིད་ཁོག་ཐད་ནས་སྐད་ཆ་གང་བཤད་ཤེས་ཀྱིན་མི་འདུག དེབ་དེ་ད་རུང་རེག་མ་སོང་བས་ཡིན།
ཡག་པོ་འདུག ངས་བལྟས་ན་ཐེ་བོ་ཤེས་རབ་སླར་ཡང་ཀིརྟི་དགོན་པར་འགྲོ་འདོད་ཡོད་པ་མིན་འགྲོ། ཁོས་དེ་ཚང་གི་མཐོ་གྲས་ཚོར་སྤྲེལ་ལེད་གཅིག་རྗེས་གཉིས་མཐུད་དུ་འཁྲབ་ཀྱིན་འདུག ཆབ་སྲིད་ཟེར་བ་འདི་དངོས་གནས་མགོ་འཚོལ་བ་ཞིག་མ་རེད་ཡ། དགོན་པའི་ངོས་ནས་ཚུར་ལ་ལྟ་ཚུལ་གང་ཡོད་མི་ཤེས་མོད་་་ཕལ་ཆེར་ཡག་ཚོད་མི་འདུག་བསམ་གྱི་འདུག་་་་་ཡིན་ནའང་ཕར་ལ་རེ་བ་དང་སྤྲེལ་ལེད་འཁྲབ་སྟངས་ལ་བལྟས་ན་འགྲོ་འདུན་ཡོད་ས་རེད་་་་ཡག་པོ་རེད་གྲྭ་པ་ཞིག་ཕྱི་ལོག་ལ་རང་དགར་འདུག་པ་ལས་དགོན་པ་ཞིག་ལ་སོང་ན་ཡག་པོ་མེད་འགྲོ གྲྭ་པ་ཆབ་སྲིད་པ་ཞིག་རེད་ཡ
བཀའ་ཁྲི་ཟམ་གདོང་གིས་སྤེལ་བའི་ཆེད་བརྗོད་དང་། ཤེས་རིག་བཀའ་བློན་ཐུབ་བསྟན་ལུང་རིགས་ཀྱིས་སྤེལ་བའི་ཆེད་བརྗོད། རེ་མདོ་སེང་གེས་བྲིས་པའི་སྔོན་གླེང་བཅས་བཀླགས་པ་ཙམ་ལས། གཞན། དེབ་འདི་ལ་ཤོག་ངོས་ ༥༤༥ འདུག་པ་ལས་དཀར་ཆག་ཙམ་ལས་བྱིངས་ནི་ཤོག་ངོས་གཅིག་ལའང་མིག་བཤེར་མ་བྱས་པར་བསམ་ཚུལ་ཞིག་འདོན་དགོས་ཆགས་སོང་།
བཀའ་ཁྲིའི་ཆེད་བརྗོད་ནང་། བོད་མིའི་དགོས་མཁོ་དང་༼འཚམ་པ༽་ཞེས་འབྲི་དགོས་སར་བོད་མིའི་དགོས་མཁོ་དང་༼འཚབས་པ༽ཞེས་བྲིས་པ་ལྟ་བུའི་ཡིག་ནོར་དང་། དེ་བཞིན་ཤེས་རིག་བཀའ་བློན་གྱིས་སྤེལ་བའི་ཆེད་བརྗོད་ནང་། ༼སངས་རྒྱས་༽ལ་༼སརྒྱས་༽ འདབ་༼གཤོག༽་གཉིས་ལྡན་ལ་འདབ་༼ཤོག༽་གཉིས་ལྡན། དགོས་མཁོ་དང་འཚམ་པར་ལ་དགོས་མཁོ་དང་༼མཚམས་༽པར་ཞེས་ཡིག་ནོར་སྤེལ་འདུག་པ་ནས། རྩོམ་པ་པོ་ཁོང་གིས་ཀྱང་སྔོན་གླེང་ནང་། ༼བོངས་ཚད༽་ལ་༼བང་ཚོད༽ བོད་མི་༼རིགས༽་ལ བོད་མི་༼མིགས༽ འཕེལ་༼འགྲིབ༽་ལ་འཕེལ་༼འགྲིམ༽ཞེས་སོགས་ཡིག་ནོར་མང་དུ་སྤེལ་འདུག་པ་མཐོང་བས། ཤེས་ཡོན་སྲིད་བྱུས་འདི་ཁ་ནས་གླེང་སྐབས་སྐད་གསེང་མཐོ་བ་ཙམ་ལས། དོན་དངོས་ལག་ལེན་གྱི་སྐབས་སུ་ཐུགས་སྣང་མིག་དཔེ་འདྲེན་པ་ཞིག་གནང་མི་འདུག་ཨང་སྙམ་པའི་ཚོར་སྣང་སྤྲད་སོང་། དེ་བས་ཀྱང་ལུང་སྐད་ཀྱི་ཐ་སྙད་དེ། ༼ཡོད་འདང་མ་བྱས་༽ལྟ་བུའི་ལུང་སྐད་རིགས་ཀྱང་འདུག་པ་དེ་དག རྩོམ་པ་པོས་གླེང་བརྗོད་སྤེལ་བའི་ནང་། ༼གང་ཐུབ་ཀྱིས་ཚིག་བརྗོད་དཀྱུས་མའི་ལུགས་སུ་འབྲི་ཐབས་བྱས་པས་གོ་མི་ཐུབ་པའི་དཀའ་ངལ་གཏན་ནས་མེད༽་ཅེས་བཀོད་འདུག་པ་དེ་ལུགས་ཚིག་བརྗོད་དཀྱུས་མའི་འབྲི་སྟངས་ཡིན་ཤས་ཆེ་ཡང་། ང་ལ་མཚོན་ན། ཡིག་ནོར་དང་ལུང་སྐད་རིགས་ནི་གོ་མི་ཐུབ་པའི་དཀའ་ངལ་འཁྱེར་ཡོང་མཁན་འདྲ་ཞིག་ཆགས་ཀྱི་འདུག གཅིག་བྱས་ན། ངའི་ཀློག་སྟངས་འགྲིག་གི་མེད་པས་ཡིན་སྲིད། ཡང་ན། ངའི་ཤེས་ཚད་འདིས་སྙོབས་ཀྱིན་མེད་པས་ཡིན་སྲིད། ཚོར་སྣང་འདི་འདྲ་ཞིག་སྤྲས་སོང་།
༼ངེས་པར་དུ་བཀླག་དགོས་པའི་དཔེ་དེབ་ཅིག༽ཡིན་སྐོར་འབྲི་མཁན་ལ་རྗེས་སུ་ཡི་རང་ཡོད། དེབ་འདིའི་དཀར་ཆག་ལ་མིག་བཤེར་ཙམ་བྱས་པར། ཐོག་མར་ཤོག་གྲངས་ ༩ ནས་ཤོག་གྲངས་ ༨༡ པའི་བར་གྱི་ཤོག་ངོས་ ༧༢ ་ནི་ཀློག་དགོས་པ་ཞིག་ཏུ་མཐོང་ནས་ཡོད། དེ་ནས་རིམ་པས་དེ་འཕྲོས་དག་བཀླགས་ཏེ། བསམ་ཚུལ་རིམ་པས་ཞུ་ཡི་ཡིན།
ཕྲག་དོག་ཆང་གིས་མྱོས་པ་ཡི། །
མི་བུ་སྲིན་པོའི་རིགས་དག་ལ། །
རང་ལས་གཞན་ལ་བལྟ་བ་ཡི། །
མིག་གཉིས་ཞེན་པར་སྙིང་རེ་རྗེ། །
སྐུ་ཞབས་རེ་མདོ་སེང་གེའི་ཕྱག་དེབ་གསར་ཐོན་ལ་དགའ་བསུ་ཞུ། ཉིད་ཀྱི་བརྩམས་དེབ་སྔ་ཕྱི་གཉིས་ཆ་ཀློག་རྒྱུའི་གོ་སྐབས་མ་ལྡན་ཡང་། བཟང་ངན་གྱི་གླེང་ཕྱོགས་མང་བོ་ཞིག་ཡོང་བཞིན་པར་བལྟས་ན། སོ་བཏབས་ས་ནས་ཁྲག་ཅིག་ཕུད་ཐུབ་ཡོད་ཤས་ཆེ་གི་བསམ་དྲན་བཞིན་ཡོད། མ་མཇལ་ནས་ཡུན་རིང་འགོར་སོང་། ཨེ་རླུང་ཚང་གི་བཅར་འདྲིའི་སྐབས་ཁྱེད་སྟོན་པའི་ན་བཟའ་སྨིག་དུང་ངེ་བ་ལྷན། གྲྭ་ཚང་ན་བཞུགས་ཡོད་པར་གསལ་བོར་ཧ་གོ་བས། ང་སེམས་པ་གཏིང་ནས་དགའ་སོང་། སྤོབས་པ་སྐྱེས་སོང་། ཐུགས་རྗེ་ཆེ་ཞུ་བ་ལགས།
ཀིརྟི་གྲྭ་ཚང་དུ་མ་བཀླགས་ཚད་མེད་ཀྱི་དེབ་ཡོད་ཅེས་བཤད་མཁན་མང་བ་འདྲ། ཡིན་ནའང་བཤད་མཁན་དང་འབྲི་མཁན་ཡོད་ཚད་ཀིརྟི་ཚང་གི་རང་མི་ཤ་སྟག་ཀྱང་ཡིན་པ་འདྲ། གང་ལྟར་དེབ་བརྒྱ་ལྷག་དཔར་པའི་ཁོར་ཡུག་དེ་རུ་དེབ་རེ་འགའ་ཡག་པོ་བྱུང་ན་ཡག་གི་རེད་པཱ།
ཀིརྟི་སྐྱབས་ཞེས་པ་འདིས་རང་གི་གདོང་དངོས་བསྟན་ནས་ད་བར་རེ་མདོ་སེངྒེ་མདུན་ནས་སྐད་ཆ་བཤད་ཐུབ་རྒྱུ་ཕལ་བཞག་ཐ་ན་རང་གི་མིང་ཙམ་ཡང་འབྲི་མི་ཐུབ་པའི་མི་ཞིག་གིས་སྒེར་གྱི་ཞེ་འཁོན་འདིར་སྤེལ་བ་ངོ་མ་ཞབས་འདྲེན་རང་རེད།
གང་ལྟར་རེ་མདོ་སེངྒེ་ལགས་ལགས་ཀྱི་རྩོམ་དེབ་སྔ་ཕྱི་གཉིས་ཀ་བཙན་བྱོལ་ཙམ་མ་ཟད་བོད་ནང་དུ་འང་གྲགས་སྙན་ཅུང་ཙམ་ཆེ་བའི་གྲས་སུ་སླེབས་པའི་གནས་ཚུལ་གོ་ཐོས་འདུག་པ་མ་གཏོགས་ཁོང་གི་གཤིས་ཀ་ག་རེ་ཡིན་མིན་ཆ་རྒྱུས་མེད་ལ་རྩོམ་དེབ་འདི་དང་འབྲེལ་བ་ཡོད་པ་ཞིག་ཀྱང་མ་རེད།
རེ་མདོ་སེང་གེ་ལགས་ལ་བསྔགས་བརྗོད་ཡོད། སེམས་ཤུགས་མ་ཆག
རེ་མདོ་སེང་གེས་བྲིས་པའི་༼རྩོམ་རིག་མཐའ་དཔྱོད༽ལ་སྤྱི་ཚོགས་ནང་གདེང་འཇོག་བྱེད་ཚད་དམའ་པོ་རེད། གང་ལ་ཟེར་ན། དེབ་ལས་གླེང་བརྗོད་རྫིག་པའི་དེབ་གསུམ་གྱི་གྲས་ལ་རྩིས་ཀྱི་འདུག དེས་གང་བཤད་ཀྱི་ཡོད་པ་རེད་ཟེར་ན། དེབ་ནི་རིན་ཐང་ལྡན་པ་ཞིག་མ་རེད། གླེང་བརྗོད་རྫིག་པོ་ཞིག་འདུག་ལབ་ཀྱི་ཡོད་པ་རེད། དེའི་གླེང་བརྗོད་ནི་ཟམ་གདོང་རིན་པོ་ཆེས་བྲིས་ཡོད་པ་དང་། ཚེ་དང་ལྡན་པ་རེ་མདོ་སེང་གེ་ཅིག་ཅིག་མིག་མིག་བྲིས་ཡོད་བསམ་སོང་།
ཐེ་བོ་ཤེས་རྒྱམ་ནས། སྤྲེལ་ལད་མི་འཁྲབ་དགུ་འཁྲབ་ཀྱིས་ཀིརྟིའི་དགེན་རེ་འདོ་སེངྒེ་ཞུ་བའི་དེབ་ཅིག་བྲིས་འདུག་པར་མ་ཀློག་གོང་ནས་སྡོམ་ཚིག་ཅིག་བརྒྱབས་ནས་དྲ་ཐོག་ཏུ་བཀྲམ་པ་ངོ་མ་ཡ་མཚར་རེད། དེའི་རང་གི་གཤིས་ཀ་དེ་ཡང་བསྟན་པ་མ་རེད་དམ། རང་ཉིད་ལ་དེབ་ཅིག་དང་རྩོམ་ཡིག་འཐུས་སྒོ་ཚང་བ་ཞིག་མེད་པར་གཞན་གྱི་དེབ་ལ་རིན་ཐང་གླེང་རྒྱུ་ནི་འོས་མཚམས་ཤིག་མིན་ལ། རྒྱུ་མཚན་ནི་རང་ཉིད་ལ་སློབ་སྦྱོང་ཅི་ཙམ་ཡོད་མེད་གཞན་གྱིས་མི་ཤེས་བཞིན་དུ་འདི་ལྟར་གླེང་ན་ཅིའི་ཕྱིར་དགོད་རེ་མི་བྲོ།
རེ་མདོ་སེང་གེའི་དེབ་དེ་གང་ནས་རག་གི་རེད། དེ་ཀློག་འདོད་ཡོད། དེབ་སྔོན་མ་དེ་ནི་རིན་ཐང་ཅན་ཞིག་མ་རེད། ཀློག་མཁན་གྱི་དུས་ཚོད་འཕྲོ་བརླག་གཏོང་བྱེད་འདྲ་བོ་རེད། ད་རེས་ཀྱི་དེབ་འདི་དེ་འདྲ་མིན་པའི་རེ་བ་ཡོད།
ཐེ་བོ་ཤེར་རྒྱམ་གྱིས་བཤད་སྟངས་འདི་བདེན་ན། ཀློག་དགོས་པ་ཞིག་རེད། ཡིན་ནའང་། མཚམས་མཚམས་ལ་རྩོམ་པ་པོས་གཞན་ལ་རེ་སྐུལ་གྱིས་བསྟོད་བསྔགས་འབྲི་བཅུག་པའི་གནས་ཚུལ་ཡང་ཡོང་གི་ཡོད་རེད། དེ་འདྲ་མིན་པའི་རེ་བ་ཡོད།
དེབ་དེའི་དཀར་ཆག་དྲ་ངོས་འདིར་འགོད་མཁན་ཞིག་ཡོད་ན་ཐུགས་རྗེ་ཆེ་ཞུ་བ་ཡིན།
ཐེ་བོ་ཤེས་རབ་རྒྱ་མཚོས་ངོ་སྤྲོད་དང་ངོ་བསྟོད་མཉམ་དུ་བྱས་པ་ལ་དེ་ཙམ་ཡིད་ཆེས་མ་སོང་ནའང་། ཁ་སང་བཤད་པ་བཞིན་ཡིན། ཤོག་ངོས་དགུ་པ་ནས་མར་ཀློག་གིན་ཡོད། ཀློག་གིན་ཀློག་གིན་སོང་ན། དཀར་ཆག་ལ་་མིག་བཤེར་གྱིས་ཀློག་འདོད་བྱུང་བ་དེ་ཚོའང་དེ་ཙམ་ཞིག་མ་རེད། ཤོག་ངོས་འདི་ཚོ་ཞིབ་ཚགས་ཤིག་ཁྱོན་ནས་མ་རེད། རེ་མདོ་བ་ལྟར་གྱི་ལོ་རྒྱུས་རིག་པའི་ལྟ་སྟངས་ཀྱི་འོག་ནས་གླེང་སྟངས་ཡིན་ནའང་འདྲ། ལོ་རྒྱུས་དངོས་གཙོའི་ལྟ་ཚུལ་གྱི་འོག་ནས་གླེང་སྟངས་ཡིན་ནའང་འདྲ། ཕར་བལྟས་ཚོད་ལ་ཤོག་གྲངས་མང་ཐབས་དང་། དེབ་མཐུག་པོ་ཡོང་ཐབས་གནང་འདུག་བསམ་པ་དྲན་བཅུག་སོང་།
དེབ་དེའི་ཤོག་ངོས་ ༡༡ ན།
༼ལོ་རྒྱུས་དངོས་གཙོའི་ལྟ་ཚུལ་གྱི་ཐོག་ནས་བཤད་ན། གདོད་མའི་མི་རྣམས་སྤྱིའི་ཆ་ནས་རང་གི་ཕུང་པོ་གསོན་གནས་ཐུབ་པ་ཙམ་འབད་སྒྲུབ་ཀྱི་རྩ་དོན་དུ་འཛིན་ཅིང་། རང་ཉིད་གསོན་གནས་ལ་གེགས་བྱེད་པའི་བཀྲེས་པ་དང་། སྐོམ་པ། ཚ་གྲང་སོགས་་ཕུང་པོ་འཚོ་གནས་ཀྱི་འགལ་རྐྱེན་རགས་པ་སེལ་བའི་ཐབས་སྦྱོར་བསྟེན། དེ་དག་ཀྱང་ཕུང་པོའི་གྲུབ་སྟངས་ཀྱི་དབང་གིས་རང་བཞིན་གྱིས་ལུས་ངག་གི་རྣམ་འགྱུར་དུ་ཐོན་པ་ལས། བསམ་བློའི་ནང་དམིགས་ཚད་ལྡན་པ་དང་། འཆར་འགོད་དང་བཅས་པའི་བྱ་བཞག་སྒྲུབ་པའི་བློ་མངོན་གྱུར་པ་མེད། དེར་བརྟེན་དུས་སྐབས་དེའི་ཤེས་ཡོན་ཟེར་བ་ཡང་ཕྱི་ཚུལ་གྱི་དབྱིབས་བཀོད་རགས་པའི་བཟོ་ཐབས་ཏེ། ཤིན་ཏུ་སྟབས་བདེའི་རྡོ་ཆས་དང་། རྫ་ཆས་བཟོ་རྩལ། གཅན་གཟན་ལ་རྔོན་རྒྱག་སྟངས། བཟའ་བཏུང་སྐོལ་བཙོ་བྱེད་ཐབས། རང་བྱུང་གི་འབྱུང་བའི་སྟོབས་ཤུགས་ལྷ་རུ་འཛིན་པའི་རྨོངས་དད་ཀྱི་འདུ་ཤེས་ལྟ་བུ་ལས་གཏིང་ཟབ་པའི་བསམ་བློའི་རིག་གནས་དང་། ཅུང་རྙོག་འཛིང་ཆེ་བའི་མ་ལག་ཅན་གྱི་འཕྲུལ་རིགས་གསར་སྐྲུན། གསེར་ཟངས་སོགས་དངོས་པོ་ཐོན་སྐྱེད་བྱེད་པའི་ཕྱིའི་ལག་ཤེས་བཟོ་རྩལ་གྱི་རིག་གནས་ཅང་མེད༽
ཅེས་བཀོད་འདུག འདི་ནི་རེ་མདོ་བས་བཤད་སྟངས་ལྟར་ན། ལོ་རྒྱུས་དངོས་གཙོའི་ལྟ་ཚུལ་གྱི་འོག་ནས་གླེང་སྟངས་ཡིན་འདུག འོན་ཀྱང་། དེ་ཞིབ་ཀྱིས་བཀླགས་ན། དེས། ནང་འགལ་མང་པོ་ཞིག་སྟོན་པར་བྱེད། གཞན། དཔེར་ན། སྒྲ་ནི་བརྗོད་འདོད་རྗེས་འབྲངས་ཕྱིར།། སོགས་ཀྱི་གཏན་ཚིགས་ལས་རིང་དུ་བརྒལ་བའི་བཤད་སྟངས་སུའང་འདུག་པས། ཞིབ་ཚགས་པོའི་ཞིབ་འཇུག་གི་བཟོ་ལྟ་དེ་མཐོང་རྒྱུ་དཀའ་བར་བྱས་འདུག དེབ་འདི་ག་ལེར་དུས་ཚོད་དང་བསྟུན་ནས་བཀླགས་ཏེ། རྩོམ་པ་པོར་བསམ་ཚུལ་སྙིང་བསྡུས་ཤིག་འབུལ་འདོད་ཡོད། རེ་མདོ་བར་དམའ་འབེབས་ཀྱི་ཆེད་དུ་མིན། བརྗོད་གཞི་འདི་གལ་ཆེན་པོ་རེད་བསམ་ནས། དེར་བསམ་ཚུལ་ལྟ་ཚུལ་འདོན་འདོད་པ་དེ་ཙམ་ཡིན། རེ་མདོ་བས་དྲ་ངོས་ཀྱི་བསམ་ཚུལ་འདི་རིགས་ཀློག་གིན་ཡོད་པ་ཞིག་གོ་སོང་། ཡིན་ནའང་། བསམ་ཚུལ་འདི་ཚོར་ལྟ་ཚུལ་རེ་ཡོད་ན་གསུངས་དགོས་པ་རེད་འདོད་ཀྱི་ཡོད།
དེབ་དང་རྩོམ་ནི་སུས་བརྩམས་ཀྱང་རྗེས་སུ་ཡི་རང་ཡོད། ཡིན་ཀྱང་སེམས་ཕམ་བློ་ཕམ་ཞིག་ནི་དེང་སང་དེབ་ཀློག་མཁན་གྱི་ན་གཞོན་ཇེ་ཉུང་དུ་འགྲོ་བཞིན་ཡོད། དེ་ཡི་ནང་ནས་ཀྱང་བོད་ཡིག་གི་དེབ་ཀློག་མཁན་ནི་དེ་ལས་ཀྱང་ཉུང་བ་ཞིག་ཡིན། མི་ལོ་ ༥༠ ཙམ་གྱི་རྗེས་ལ་བོད་ཡིག་གི་གནས་ཚད་དེ་ག་བར་བསླེབ་ཐུབ། དེའི་ཐོག་བསམ་བློ་བཏང་ཏོ་རན་འདུག ང་ཚོ་ཕོ་རོག་དང་འུག་པ། ཁྱི་དང་བྱི་ལ་བཞིན་དོན་མེད་ཀྱི་རྩོད་གླེང་བོར་ནས་བློ་མཐུན་ཁྲིམས་གཙང་གིས་གྲོས་ལ་འབད་དགོས། ཡངས་ཤིང་རྒྱ་ཆེ་བའི་འཁོར་བའི་རྒྱ་མཚོ་འདི་ནང་ལ་སྐྱོན་གཅིག་རྐྱང་མེད་པའི་སེམས་ཅན་ཞིག་གང་ནས་བཙལ་ཀྱང་བརྙེད་རྒྱུ་མེད། ཇོ་བོ་རྗེའི་ཞལ་ནས། རྩོད་པ་ཐམས་ཅད་སྤང་བྱ་ཞིང་། །ཞེས་གསུངས་འདུག