ཨ་རིག་འགྱུར་མེད།
ངོ་དེབ་ (facebook) ནམ་བྱུང་མིན་ངས་གསལ་བོར་མི་ཤེས། ངས་ཤེས་པ་ནི་ངོ་དེབ་དྲ་བ་ཐོག་མར་གསར་བཟོ་བྱེད་མཁན་དེ་དྲ་རྒྱ་ཆེད་སྦྱོང་གི་མཐོ་སློབ་ཀྱི་སློབ་མ་ཞིག་ཡིན་པ་དང་། ནམ་ཞིག་དགེ་རྒན་གྱིས་སློབ་བུ་ཚོར་ཁྱེད་ཚོས་མི་རང་རང་གི་རྣམ་དཔྱོད་བེད་སྤྱོད་ཀྱིས་དྲ་རྒྱ་གསར་བ་རེ་བཟོས་ཤོག་ཅེས་བསྐུལ་བར། ངོ་དེབ་དྲ་བ་བཟོ་མཁན་གྱིས་ངོ་དེབ་འདི་ཐོག་མར་མཐོ་སློབ་དེའི་ལས་གཞི་ (project) རུ་གསར་བཟོ་བྱས་ཤིང་དགེ་རྒན་ལ་བསྟན། དྲ་བ་འདི་བཟོས་པ་ཅུང་ལེགས་པས་དགེ་རྒན་གྱིས་བསྔགས་བརྗོད་ཐོབ་པར་མ་ཟད། སློབ་གྲྭ་དེའི་ཁོ་ར་ཁོར་ཡུག་གི་སློབ་མ་ནང་ཁུལ་དུའང་བེད་སྤྱོད་གཏོང་འགོ་བརྩམས། དེ་ནས་ཅུང་མ་འགོར་བར་མཐོ་སློབ་ཀྱི་སྒོ་དང་སྒེའུ་ཁུང་ནས་མཆོང་སྟེ་སྤྱི་ཚོགས་ཁྲོད་བསླེབས་ཤིང་། མཐོ་རིམ་སློབ་མ་ཞིག་གི་ལས་གཞི་ནས་ད་ལྟ་སྤྱི་ཚོགས་ཀྱི་མི་མཐོ་དམན་བར་གསུམ་གྱིས་རྒྱ་ཁྱབ་ཏུ་བེད་སྤྱོད་བྱེད་བཞིན་པའི་གནས་སྟངས་འདི་བྱུང་བ་རེད་ཟེར། ངས་ཤེས་པའི་སྒྲུང་འདི་ཡང་གྲོགས་པོ་ཞིག་གི་ཁ་ནས་གོ་བ་ཙམ་ལས་ཁུངས་དག་པོ་དང་བདེན་མིན་གསལ་བོར་མི་ཤེས། ངོ་དེབ་དྲ་བ་གསར་བཟོ་བྱེད་མཁན་ཁོང་ཉིད་དེང་སྐབས་འཛམ་གླིང་གི་ཕྱུག་བདག་ཨང་བཅུའི་གྲས་སུ་བསླེབས་ཡོད།
དེ་བཞིན་ངོ་དེབ་བོད་སྤྱི་ཚོགས་སུ་ཇི་ལྟར་བསླེབས་མིན་ཐད་ནས་ཀྱང་ང་ལ་གསལ་བོ་ཞིག་བཤད་རྒྱུ་མི་འདུག ང་རང་ཉིད་སྔར་ལོ་ནས་བཟུང་ངོ་དེབ་སྟེང་ཞུགས་ཤིང་གཏན་སྡོད་བྱས། དེ་སྔོན་ ༢༠༠༨ ལོར་ངོ་དེབ་སྟེང་ཚར་གཅིག་ཞུགས་ཀྱང་། སྐབས་དེར་གཅིག་ནས་ངའི་གཡས་གཡོན་ན་ངོ་དེབ་བེད་སྤྱོད་གཏོང་མཁན་མང་བོ་མེད་པ་དང་། གཉིས་ནས་ང་རང་ཉིད་ཀྱིས་ཀྱང་ངོ་དེབ་དྲ་བ་བེད་སྤྱོད་ལེགས་པོ་གཏོང་ཤེས་མིན་གྱི་དབང་གིས་ཕྱིར་བུད་པ་ཡིན། ད་ལྟ་སྐབས་དེར་བཟོས་པའི་ངོ་དེབ་ཀྱི་ཁ་བྱང་ཤེས་ཀྱང་གསང་གྲངས་མི་དྲན་པས་ནང་འཛུལ་བྱེད་ཐུབ་ཀྱི་མི་འདུག
གང་ལྟར། ཁ་སང་དེ་རིང་བཙན་བྱོལ་གྱི་སྤྱི་ཚོགས་ཆུང་ཆུང་བོ་འདིའི་བོད་མི་མཐོ་དམན་བར་གསུམ་དང་རྒན་དར་གཞོན་གསུམ་མང་བོ་ཞིག་ ( ཤེས་ཡོན་ཡོད་མེད་གཉི་ག་འདུ། ) ངོ་དེབ་དྲ་སྟེང་དུ་ཡོང་གི་འདུག་ལ། ངོ་དེབ་དྲ་བྱང་ཡོད་པའི་བོད་མི་ཡང་གྲངས་ཀྱིས་མི་ཟིན་པའི་ཚོད་དུ་འདུག འདི་གཅིག་བྱས་ན་མཆོང་སྐྱོད་ཅིག་ཡིན་སྲིད་ལ་འཕེལ་རྒྱས་ཤིག་ཀྱང་རེད་སྙམ། ངོ་དེབ་བརྒྱུད་ནས་སྔར་ངོ་མི་ཤེས་པའི་མི་མང་བོ་ཞིག་ངོ་ཤེས་སུ་གྱུར་ཅིང་། ཕན་ཚུན་ལ་ཁ་བརྡ་བྱེད་པ་དང་ཀུ་རེ་རྩེད་པ། གཅིག་གཅིག་གིས་པར་དང་བརྙན་རིས། བསམ་ཚུལ་དང་མཆན་སོགས་ལ་བལྟ་རིས་བྱས་པས་གྲོགས་པོར་གྱུར་བ་མང་ལ། ཡང་སྔོན་ཆད་བོར་ཟིན་པའི་གྲོགས་པོ་གྲོགས་མོ་མང་བོ་ཞིག་དེང་སྐབས་ངོ་དེབ་བརྒྱུད་ནས་རྙེད་ཡོང་གིན་འདུག ཁོང་ཚོ་འཛམ་གླིང་གི་ཤར་དང་ནུབ། ལྷོ་དང་བྱང་། ཨ་རི་དང་དབྱིན་ཡུལ། ཉི་ཧོང་དང་ཡུ་རོབ། ཐེ་ཝན་དང་བོད་ནང་སོགས་གང་ནས་ཡིན་ཡང་རྙེད་ཐུབ་ཀྱི་འདུག འདི་ཡང་དོན་དག་བཟང་བོ་ཞིག་རེད།
ཡང་ངོ་དེབ་འདི་གསར་འགྱུར་ལས་རིགས་ཀྱི་དྲ་བ་དག་དང་བསྡུར་ན་མི་མང་དཀྱུས་མར་གསར་འགྱུར་འདོན་སྤྲོད་ཀྱི་ལམ་ཁ་སྤྲོད་ཐུབ་མཁན་དང་དུས་ལྟར་གསར་འགྱུར་མཁོ་སྤྲོད་ཀྱི་ནུས་པ་གལ་ཆེན་ལྡན་འདུག དཔེར་ན། དེང་སྐབས་གསར་འགྱུར་ཡག་བཙོག་དང་བཟང་ངན་ཅི་ཞིག་བྱུང་ཡང་ངོ་དེབ་ཀྱིས་གསར་འགྱུར་དྲ་བ་ཚོ་རྟ་ལམ་བོང་བུས་མི་ཆོད་པའི་སར་བཞག་སྟེ་སྔོན་ལ་ཡོང་གི་འདུག་ལ། དུས་ཚོད་སྐར་ཆ་རེ་རེའི་ནང་དུ་འཛམ་གླིང་གི་ས་ཕྱོགས་སོ་སོ་ན་ཡོད་པའི་ཀློག་མཁན་ཚོར་གསར་འགྱུར་འདོན་སྤྲོད་དང་པར་དང་བརྙན་རིས་སོགས་སྟོན་པར་བྱེད། གལ་སྲིད་དུས་ཚོད་གཅིག་གཉིས་ཤིག་གི་གཞུག་ནས་གསར་འགྱུར་ངོ་མ་དེ་ཁུངས་དག་པོ་དང་གོ་རིམ་ལྡན་པའི་ངང་བསླེབ་པའི་དབང་དུ་བཏང་ཡང་། ངོ་དེབ་ནས་ངོ་རྟགས་ཤིག་བཞག་ཚར་བའི་རྐྱེན་གྱིས་ཞིབ་ཚགས་པོས་ཀློག་རྒྱུར་ངལ་བ་འབྱུང་གིན་འདུག འདིར་བསམ་ན་ངོ་དེབ་དྲ་བས་ངེས་པ་དོན་སྟེང་ནས་མང་ཚོགས་དཀྱུས་མ་མི་རེ་ངོ་རེ་བཞིན་གསར་འགོད་པ་བྱེད་པར་གལ་ཆེའི་ནུས་པ་འདོན་གྱིན་འདུག
འདི་ལྟར་ངོ་དེབ་ཀྱི་དགེ་མཚན་བཤད་དགོས་ན་བརྗོད་ཀྱིས་མི་ལངས་ལ་ང་རང་ཉིད་ལ་མཚོན་ནའང་། སྔར་ལོ་ནས་ད་བར་ངོ་དེབ་ཀྱི་གྲོགས་པོ་བསྡོམས་པས་ ༡༠༤༦ བྱུང་འདུག་ལ། དེ་དག་ལས་བརྒྱ་ཆ་ལྔ་བཅུ་ཙམ་སྔར་གྱི་གྲོགས་པོ་རྙིང་པ་དག་ལ་ངོ་དེབ་སྟེང་ནས་བསྐྱར་མཇལ་བྱུང་བའི་དབང་དུ་བཏང་ན། ལྷག་མ་ལྔ་བཅུ་ཙམ་ནི་གསར་དུ་ངོ་ཤེས་པའི་གྲོགས་པོའི་རིགས་ཡིན། ལྷག་མ་ལྔ་བཅུ་བོའི་ཁྲོད་དུའང་བོད་རིགས་སྤུན་ཟླ་བརྒྱ་ཆ་བཞི་བཅུ་ཙམ་དང་ཐེ་ཝན་དང་ཨ་རི་བ། དབྱིན་ཇི་བ་སོགས་ཕྱི་གླིང་བའི་རིགས་ཀྱང་བརྒྱ་ཆ་བཅུ་གྲངས་ཤིག་ལོངས་སྙམ། འདི་ནི་གནའ་མི་བོད་ཀྱི་གཏམ་དཔེ་ཇི་བཞིན་གྲོགས་པོ་བརྒྱ་ལ་ཉུང་སྐྱོན་དང་དགྲ་ཟླ་གཅིག་ལ་མང་སྐྱོན་ཡིན་པས་ང་ལ་མཚོན་ན་དགའ་དགོས་པའི་དོན་དག་ཅིག་ཡིན་པར་འདོད།
ཡིན་ནའང་། དེང་སྐབས་ངོ་དེབ་ནང་དུ་འཛུལ་ཐེངས་རེ་རེ་བཞིན་ང་ལ་སེམས་ཁྲལ་འཐོལ་བ་ཞིག་ཡོང་གི་འདུག་ལ། གཅིག་བྱས་ན་འདི་ནི་ངས་དགོས་མེད་ཀྱི་སེམས་ཁྲལ་ལྷག་མ་ཞིག་ལས་ཅི་ཡང་མིན་སྲིད་མོད། གང་ལྟར་བོད་མི་ཚོས་ངོ་དེབ་དྲ་རྒྱ་བེད་སྤྱོད་གཏོང་མགོ་བརྩམས་པ་ནས་བལྟས་བལྟས་རིག་རིག་ཏུ་དོན་དག་མང་བོ་ཞིག་ལ་འགྱུར་ལྡོག་བྱུང་སོང་། དེ་དག་ལས་ཀྱང་ངས་སེམས་ཁྲལ་བྱེད་ས་ནི་རིགས་གཉིས་ཏེ། གཅིག བོད་རིགས་གཞོན་སྐྱེས་རྣམས་བོད་སྐད་ཡིག་གི་རྩོམ་འབྲི་དང་རིང་དུ་གྱེས་ཀྱིན་པ། གཉིས། བོད་རིགས་ན་གཞོན་རྣམས་ཀྱི་དུས་ཚོད་འཕྲོ་བརླག་ཏུ་འགྲོ་བཞིན་པ་དེ་རེད། ངོ་དེབ་ངོ་མ་ཤེས་པའི་གོང་ཏག་ཏག་དེར། བོད་ཡིག་ཤེས་མཁན་ཞིག་ཡིན་ན་གློག་ཀླད་སྒོ་ཕྱེ་ཐེངས་རེ་རེར་ཐོག་མར་གློག་འཕྲིན་སྒོ་ཕྱེས་ཏེ་གྲོགས་པོ་གྲོགས་མོ་ཚོས་གློག་འཕྲིན་གསར་བ་བསྐུར་ཡོད་མེད་བསྔོག་སྲིད་ཀྱང་། དེའི་རྗེས་ནས་བོད་ཀྱི་དུས་བབ་དང་བོད་ཀྱི་བང་ཆེན། ཁ་བརྡ་སོགས་བོད་ཕྱི་ནང་གི་བོད་ཡིག་གི་དྲ་བ་དག་བསྔོག་གི་རེད་སྙམ། ངས་ཚོད་དཔག་ནོར་མེད་ན་སྐབས་དེ་དུས་བོད་ཡིག་ལ་དུང་ཞེན་ཟབ་པའི་ཀློག་མཁན་སྐོར་ཞིག་གིས་ཉིན་མཚན་སྦྲེལ་ཏེ་བོད་ཡིག་གི་དྲ་རྒྱ་ཁག་ཏུ་ཉུལ་བཞིན་པར་མ་ཟད། མཆན་རེ་རེ་བཞིན་ཏུ་བཀླགས་ཏེ་སོང་ས་བསྡད་ས་ནས་དེའི་སྐོར་ནས་གླེང་གིན་ཡོད་ལ། བོད་ཡིག་གི་དྲ་རྒྱ་ཁག་ལ་དོ་སྣང་ཡང་ཧ་ཅང་ཆེན་པོ་རེད། མ་མཐར་ཡང་ང་རང་ཉིད་དེ་འདྲ་ཡིན། ཡིན་ནའང་། ངོ་དེབ་ངོ་ཤེས་རྗེས་ནས་དེའི་ཕྱོགས་ནས་འགྱུར་ལྡོག་ཅིག་བྱུང་། བོད་ཡིག་གི་དྲ་རྒྱ་ཁག་ལས་ཀྱང་ངོ་དེབ་ལ་མཐུན་རྐྱེན་སྣ་ཚོགས་འཛོམ་པ་ནི་བཤད་མ་དགོས་པ་ཞིག་ཡིན་སྟབས། བོད་མི་ཚོས་ངོ་དེབ་དྲ་བ་ཅི་ཙམ་གྱིས་བེད་སྤྱོད་མང་དུ་བཏང་ན་དེ་ནི་ངོ་དེབ་དྲ་བར་མཚོན་ན་དོན་དག་བཟང་བོ་ཞིག་ཡིན་ཡང་། ཉམ་ཆུང་བའི་བོད་ཀྱི་དྲ་བ་དག་ལ་མཚོན་ན་འདི་དོན་དག་ཡག་པོ་ཞིག་གཏན་ནས་མིན། ངས་བལྟས་བལྟས་རིག་རིག་ཏུ་བོད་ཀྱི་དུས་བབ་དང་ཁ་བརྡ་དྲ་རྒྱ་སོགས་སུ་སྔར་གྱི་འདུ་བྲེལ་དེ་ཉུང་དུ་ཕྱིན་པ་དང་། བོད་ཀྱི་དུས་བབ་ཀྱི་ཟིན་བྲིས་སྡེ་ཁག་ཏུ་ཟིན་བྲིས་སྤེལ་མཁན་ཇེ་ཉུང་དང་མཆན་འདེབས་མཁན་དེ་བས་ཀྱང་ཇེ་དཀོན་དུ་གྱུར། ཁ་བརྡ་དྲ་བར་མཚོན་ནའང་གླེང་ཉོག་རིགས་ཤིག་མིན་ན་མཆན་འདེབས་མཁན་སྔར་ལྟར་འཚངས་ཁ་ཤིག་ཤིག་ཅིག་རེད་མི་འདུག
ངས་དེ་ལྟར་སེམས་ཁྲལ་བྱེད་ཀྱིན་ངོ་དེབ་སྟེང་ནས་གསར་དུ་ངོ་ཤེས་པའི་གྲོགས་པོ་ཞིག་གི་ངོ་དེབ་མདུན་ངོས་སུ་སོང་ནས་ཁོའི་ལོ་རྒྱུས་རྒྱབ་ལྗོངས་བསྔོག་པ་དང་ཡིད་དུ་འོང་པའི་འདྲ་པར་དག་ལ་ལྟ་བ། དགོད་བྲོའི་མཆན་སྣ་ཚོགས་དང་ཡིག་ཚོགས་ཉུང་ལ་གོ་བདེའི་གསར་འགྱུར་སྣ་ཚོགས། ད་དུང་ཡ་མཚན་དངོས་བྱུང་གི་བརྙན་རིས་སྣ་ཚོགས་སོགས་ལ་ལྟ་ཆོག་པས་དངོས་གནས་འཇིག་རྟེན་གཞན་ཞིག་ཏུ་བསླེབས་པ་ལྟར། མཐོང་ཐོས་མ་བྱུང་བའི་ཤེས་བྱ་གང་མང་ཞིག་ཤེས་ཐུབ་པ་སོགས་ལ་བཟང་ཕྱོགས་ནས་བསམ་བློ་བཏང་མོད། དེས་ང་ལ་བློ་ཡིད་མི་ཚིམས་པའི་སྣང་བ་ཞིག་འགོག་མེད་དུ་སྦྱིན་ཡོང་། ཇི་ལྟར་ཞེ་ན། ངོ་དེབ་སྟེང་ནས་བོད་ཡིག་བཀོལ་སྤྱོད་བྱེད་ཆོག་པ་བདེན་ཡང་། ཁྱབ་རྒྱ་ཆེན་པོ་མ་རེད། ལྷག་པར་དུ་གོང་དུ་ངས་བོད་རིགས་ན་གཞོན་རྣམས་ཀྱི་དུས་ཚོད་མང་བོ་འཕྲོ་བརླག་ཏུ་གཏོང་གི་འདུག་ཅེས་བརྗོད་པ་ལྟར། དེ་དག་ཡོད་ཚད་ཁྲ་ཁྲ་རིག་རིག་ཙམ་པོ་སྟེ་ཞིབ་ཏུ་བསམ་པ་དང་རིག་པས་དཔྱད་ན། དེ་ལྟ་བུའི་ཁྲ་ཁྲ་རིག་རིག་གིས་ད་གཟོད་བོད་རིགས་གཞོན་སྐྱེས་རྣམས་ཀྱི་མཚར་སྡུག་འོད་སྟོང་འབར་བའི་ལང་ཚོ་འཕྲོ་བརླག་ཏུ་གཏོང་གིན་འདུག་ལ། རིན་ཆེན་གསེར་ལས་ལྷག་པའི་དུས་ཚོད་ཀྱང་འཕྲོ་བརླག་ཏུ་གཏོང་གིན་འདུག དངོས་གནས་ཁྲ་ཁྲ་རིག་རིག་ཡིན་རྒྱུ་མང་དྲགས་རྐྱེན། ངོ་དེབ་དྲ་སྟེང་ནས་ཁྱོད་ཀྱིས་གླེགས་བམ་མཐུག་པོ་དག་དང་རིག་པའི་གཞུང་ལུགས་ཤིག་གི་རྩ་འགྲེལ་ཡང་འགྲེལ་མི་རྙེད་པར་སྒྱུ་མའི་གྲོང་གི་ལྟད་མོ་ཙམ་ལ་མགོ་འཁོར་ཡོད་པ་མ་བརྗེད།
ཉེ་ཆར་ཞིག་ནས་བཟུང་ངས་རང་གི་གྲོགས་པོ་སྐོར་ཞིག་ལ་ངོ་དེབ་དྲ་སྟེང་ནས་ཡུན་རིང་ལ་མ་འདུག་ཅེས་བསྐུལ་བ་ཡིན་ལ། ཡང་སྐོར་ཞིག་གིས་ཚུར་སྐད་ཆ་སྣ་ཚོགས་བཤད་པར་བརྩོན་ན་ངས་དོན་དག་ཡོད་མེད་དྲིས་ཏེ། གལ་སྲིད་དོན་དག་མེད་ན་གཞུག་ནས་ཐུག་ཅེས་བརྗོད་པ་ཡིན། ལྷག་པར་དུ་ནམ་ཡིན་རུང་དྲ་ཐོག་ཏུ་ (online) ཡོད་ཡོད་པ་ལྟ་བུ་ཁག་ཅིག་མཐོང་སྐབས་ང་ལ་འཕངས་སེམས་ཤིག་ཡོང་གི་འདུག ང་རང་ཉིད་ཀྱང་ངོ་དེབ་ནང་འཛུལ་ཏེ་སྐོར་ཉུལ་ཞིག་བྱས་རྗེས་ངེས་པར་དུ་གླེང་མོལ་བྱེད་དགོས་པའི་གྲོགས་པོ་རེར་མ་ཐུག་ཚེ། གང་མགྱོགས་ཀྱིས་ཕྱིར་འབུད་རྒྱུར་འབད་བརྩོན་བྱས་པ་ཡིན། ཇི་ལྟར་ཞེ་ན་ངོ་དེབ་སྟེང་ནས་མི་གཞན་དག་གི་པར་རིས་སྣ་ཚོགས་ལ་བལྟས་པས་སྐར་མ་བཅོ་ལྔ་འགོར་སྲིད་ལ། གྲོགས་པོ་ཞིག་གིས་ཁམས་འདྲི་ཞིག་བྱས་པའི་རྒྱུ་མཚན་གྱིས་དེ་ལ་དོན་དག་མེད་ས་ནས་སྐར་ཆ་བཅོ་ལྔར་ཁ་བརྡ་བྱེད་སྲིད། ད་དུང་གླེང་སྟེགས་ཏེ་དཔེར་ན་ན་གཞོན་གྱི་འཇིག་རྟེན་དང་གསར་འགྱུར་རིག་པའི་སྟེགས་བུ། ངལ་གསོའི་ཇ་ཁང་། སྐད་ཆ་སྐྱིད་པོ་བཤད་ས། མི་རབས་གསར་བུའི་གླེང་སྟེགས་ལྟ་བུའི་གླེང་སྟེགས་ཚོའི་ནང་ནས་ཀྱང་སྐར་ཆ་བཅོ་ལྔ་འགོར་སྲིད། ཡང་ཁྱོད་རང་ཉིད་ཀྱིས་པར་ཡར་འཇོག་མར་ཕབ་བྱས་ཏེ་སྐར་ཆ་བཅོ་ལྔ་འགོར་སྲིད་པས་ཆུ་ཚོད་གཅིག་དེ་ལྟར་སོང་ཡོད་ལ། དེའི་རྗེས་ཁྱོད་ཀྱིས་རང་གི་ཆུ་ཚོད་གཅིག་དེའི་རིན་ཐང་ལ་བསྐྱར་དུ་བསམ་གཞིག་ཅིག་བྱོས་དང་། ཕལ་ཆེར་ཁྱོད་ཀྱིས་གསེར་ལས་དཀོན་པའི་ཆུ་ཚོད་གཅིག་གི་སྐར་ཆ་རེ་རེའི་ནང་དུ་བསྒྲུབ་ཐུབ་པའི་དོན་དག་མང་བོ་ཞིག་ངོ་དེབ་ཀྱིས་བརླགས་ཟིན་པ་ཤེས་ལ། ཆུ་ཚོད་གཅིག་དེ་ཁྱོད་ཀྱི་སྒྱུ་མའི་གྲོང་ནས་བསྐྱལ་ཟིན་པའི་ཚོར་སྣང་ཐན་ཐུན་ཞིག་ཀྱང་ངང་གིས་སྐྱེས་ཡོང་།
དེ་ལྟར་ལེགས་པས། ངས་ངོ་དེབ་སྟེང་མ་འགྲོ་ཟེར་གྱི་མེད་ཀྱང་གང་ཐུབ་ཐུབ་ཀྱིས་ཉུང་ཉུལ་བྱོས། ཉུང་འགྲོ་བྱོས། རང་ཚོད་ཟིན་གི་ཆུགས་ཟེར་གྱིན་ཡོད། མཐར་གཏུག་ན་རང་གི་རིན་བྲལ་གྱི་དུས་ཚོད་ལ་གཅེས་སྤྲས་བྱེད་རོགས། རང་གི་གཞོན་དུས་ཀྱི་ལང་ཚོ་དོན་མེད་དུ་ལེ་ལོར་མ་གཡེང་། བོད་མི་རིགས་དང་སྐད་ཡིག་གི་ཆེད་དུ་འབད་རོགས་ཞེས་ཞུ་བར་ཐལ་ལོ། །
ཕྱོགས་གཅིག་ནས་ཅུང་ཙམ་བདེན་པ་ཡོད་སྲིད། མ་ཚད་གསར་འགོད་པ་ཞིག་གི་ངོས་ནས་བཤད་ན་ཡིན་རྒྱུ་རེད། འོན་ཀྱང་བོད་ཀྱི་སྐད་ཡིག་ཡར་རྒྱས་ལ་གནོད་པ་མེད་པ་མ་ཚད་ཕན་ནུས་ཆེན་པོ་ཡོད་པའི་སྣང་ཚུལ་བྱུང་།་རྒྱུ་མཚན་ནི། ཆབ་སྲིད་ལ་གོ་རྟོགས་ཆེན་པོ་མེད་མཁན་དང་ཆབ་སྲིད་ཀྱི་ནང་དོན་གསར་འགྱུར་ཉོག་རིང་དེ་ཚོ་ཀློག་ཡག་པོ་མི་ཤེས་པའི་རིགས། བོད་ཀྱི་རིག་གཞུང་ལ་ཅུང་ཙམ་ཞེན་པ་ཡོད་མཁན་དེ་ཚོར་ངོ་དེབ་ནི་འཇུག་བདེ་ལ་ཚིག་ཉུང་པ་དོན་ཚང་བ་གཅས་ཀྱི་ཁྱད་ཆོས་ཡོད་པ་མ་ཚད། ནུབ་ཕྱོགས་ཀྱི་རྒྱལ་ཁབ་ཀུན་ཏུ་ངོ་དེབ་ནི་ཁ་པར་གྱི་ནང་དུ་ཡང་བེད་སྤྱོད་བྱེད་བདེ་བའི་དྲ་ཚིགས་ཤིག་ཡིན་པས་ལས་དཀའི་བར་གསེང་སོགས་ནས་ཅིང་འཇུག་བདེ་བ་བཅས་ཀྱི་ཁྱད་ཆོས་ལྡན་ཡོད། ད་ལྟའི་ཕྱི་སྡོད་བོད་མི་ནི་འཚོ་བ་གཞན་དང་ཆབ་སྲིད་གཞན་བརྟེན་པ་ཡིན་པས་ཤར་ནུབ་ཀྱི་ཡུལ་གྲུ་མང་པོར་ཁ་འཐོར་དུ་ཡོད་པ་གསལ་བོ་རེད། དེར་བརྟེན་བོད་མི་རིགས་དང་མི་རིགས་གཞན་ལ་འབྲེལ་འདྲིས་བྱེད་བདེ་བ། མ་ཚད་གལ་ཆེན་ཀྱི་དྲ་ཚིགས་དང་འདྲ་པར་སོགས་ཐད་གར་གྲོགས་པོ་ཕན་ཚུན་ལ་གཏོང་ཐུབ་པ་བཅས་ཀྱི་ཁྱད་ཆོས་ཚང་ཡོད། གཞན་ཡང་དཔེ་མཚོན་ཙམ་ཞུས་ན། སྔོན་མ་དྲ་ཐོག་གི་བོད་ཡིག་འབྲི་ཀློག་གི་ལས་ལ་འཇུག་མ་མྱོང་མཁན་དེ་ཚོ་ཡང་གཞི་ནས་ངོ་དེབ་ལ་འཇུག་སྟེ་བོད་ཡིག་འབྲི་ཀློག་བྱེད་བཞིན་པ་མི་ཉུང་བ་ཞིག་ཡོད་པ་ང་རང་གི་ཤེས་ཡོད། གཞན་ཕྱོགས་ནའང་དེ་ལྟར་ཡིན་སྲིད། ང་རང་ལ་མཚོན་ན་ཁ་བརྡ་དྲ་ཚིགས་སུ་མཆན་འགོད་མ་ཐུབ་པར་ཟླ་གཅིག་ལྷག་ཕྱིན་ཡོད། རྒྱུ་མཚན་གང་གིས་ཡིན་པ་མི་ཤེས། ང་རང་གི་སྐྱོན་ཡིན་ཡང་སྲིད།
འགྱུར་མེད་ཀྱིས་བཤད་ནོ་ངོ་མ་བདེ་ན་གི་ཡ། བཟང་ངན་གང་ལྟར་ཡང་ཅང་མི་ཤེས་པ་ང་ལྟ་བུའི་མྱི་མང་པོ་ཞིག་གི་གསེར་ལས་ལྷག་པའི་ཆུ་ཚོད་འཕྲོ་བརླག་ཏུ་གཏོང་གི་འདུག དེས་ཕྱིར་ང་ངོ་དེབ་ལ་འབྲོ་ཀི་ཡོད། བཟུར་གི་ཡོད། དེའི་ནང་ལ་འཛུལ་ཚར་ནས་མ་མཐར་དོན་མེད་དུ་ཆུ་ཚོད་གཅིག་གཉིས་རེ་འགོར་འགྲོ།
བདེན་པ་རེད།
སྤྱིར་ཡིན་ན་ངོ་དེབ་ནང་དུ་བོད་ཡིག་བཀོལ་སྤྱོད་ཐུབ་པ་དེ་ནི་དངོས་གནས་དོན་དག་བཟང་བོ་ཞིག་རེད་ལ། མང་བོ་ཞིག་ངོ་དེབ་ནང་བསླེབས་རྗེས་གཞི་ནས་སྙུག་རྩེར་རང་དབང་འཐོབ་ཀྱིན་འདུག་པས་དགའ་དགོས་པ་ཞིག་ཀྱང་རེད། ཡིན་ནའང་། ངས་སེམས་ཁྲལ་བྱེད་ས་ཆེ་ཤོས་ངོ་དེབ་ནང་དུ་མགོ་འཁོར་ས་མང་དྲགས་རྐྱེན་མང་མང་ཞིག་གི་དུས་ཚོད་འཕྲོ་བརླག་ཏུ་འགྲོ་གིན་འདུག་ཟེར་བ་དེ་ཡིན་ལ། དཔེར་ན། པར་རིས་དང་བརྙན་རིས་རིགས་ནི་སྒྱུ་མའི་གྲོང་གི་ལྟད་མོ་ཙམ་པོ་ལས་དེ་དག་ལས་ལེན་འཇོག་རྒྱུ་དཀོན་པོ་རེད་ཅེས་ཀྱང་ཟེར་བ་ཡིན། མ་རེད་དམ། གཙང་རིགས་ལགས།
གང་ལྟར། མི་རང་རང་གི་འདོད་པ་ལྟར་ངས་འདི་ལ་མཐའ་གཅིག་ཏུ་དགག་པ་རྒྱག་གི་མེད་ལགས།