ཧི་མ་ལ་ཡའི་འཕྲུལ་སྨྱུག
དང་པོ་ནི། སྤྱིར་དངོས་གཙོ་དང༌། སེམས་གཙོ་ཞེས་པའི་ཐ་སྙད་འདི་གཉིས། ནུབ་དར་མཚན་ཉིད་རིག་པའི་འཇིག་རྟེན་༼ལ་༽ལྟ་ཚུལ་མི་འདྲ་བ་གཉིས་ཀྱི་མིང་ཡིན་པར་གྲགས། དེ་ཡང་ལོ་གྲངས་ཉིས་སྟོང་ལྔ་བརྒྱ་ཙམ་གྱི་ཡར་སྔོན་དུ། ས་དབུས་རྒྱ་མཚོའི་བྱང་འགྲམ། ཡོ་རོབ་ལྷོ་མའི་ཡུལ་གྲུ་རྒེ་རེད་སི་རུ། ཁྲེ་ལེ་སི་ཞེས་པའི་མི་ཞིག་གིས། དངོས་གཙོ་སྨྲ་བའི་སྲོལ་གཏོད། ༼Thales ཁོང་ནི་སྤྱི་ལོ་སྔོན་གྱི་༦༤༠ ལོར་འཁྲུངས་པ་ཞིག་རེད།༽ དེ་ནས་ལོ་བརྒྱ་ཕྲག་ཙམ་གྱི་རྗེས་སུ། གནའ་རབས་རྒེ་རེད་སིའི་མི་བོ་ཆེ་གསུམ་གྱི་ཡ་གྱལ།༼?༽ ཕོ་ལ་ཐོ་༼platon༽ཞེས་༼པ་སྤྱི་ལོ་སྔོན་གྱི་ ཁྲུངས་ཤིང༌། སྤྱི་ལོ་སྔོན་གྱི་ ༣༨༦ ལོར་ཨ་ཁ་ཏེ་སྨིའི་སློབ་གྲྭ་བཙུགས་༽པས་སེམས་གཙོ་སྨྲ་བའི་༼མ་ལག་ཆ་ཚང་༽སྲོལ་གཏོད། ༼སྤྱི་ལོ་སྔོན་གྱི་ ༣༤༨ ལོར་གཤེགས།༽
འཛམ་གླིང་ཤར་ཕྱོགས་སུ་གནའ་བོའི་ཤེས་རིག་གི་ཕ་ས་རྒྱ་གར་འཕགས་པའི་ཡུལ་ལ་མཚོན་ན། སྐབས་དེར་སངས་རྒྱས་ཆོས་ལུགས་ནི། སྟོན་པ་ཤཱཀྱ་ཐུབ་པས་སྲོལ་གཏོད་མ་ཐག་ཙམ་ཡིན་པས། མ་ལག་ཚང་བའི་རིག་པའི་གཞུང་ལུགས་ཆགས་ཐུབ་མེད། ༼ཅེས་པའང་ངེས་བརྟན་མེད་པའི་རློམ་གཏམ་དུ་མངོན་ཏེ། ཁྱེད་ཀྱི་བསྒྲབས་ཡིག་འདི་སྤེལ་བའི་ལོ་དེར་ནི། སྟོན་པ་འདས་ནས་བགྲང་བྱ་ ༢༥༥༢ འདས་ཟིན་པ་ཡིན་ལ། རྒེ་རེད་སི་ནས་ཡིན་པའི་ཁྲེ་ལེ་སིས་ཀྱང༌། ལོ་གྲངས་ཉིས་སྟོང་ལྔ་བརྒྱ་ཙམ་གྱི་ཡར་སྔོན་དུ་དངོས་གཙོ་སྨྲ་བ་སྲོལ་གཏོད་ཅེས་པ་གཞིར་བཞག་ན། ལོ་གྲངས་ ༢༥༠༠ ཡིན་པ་མཚུངས་པ་ལ། སྔ་མས་མ་ལག་ཚང་བའི་རིག་པའི་གཞུང་ལུགས་ཆགས་ཐུབ་ཡོད་པའི་སྒྲུབ་བྱེད་དང༌། ཕྱི་མས་(མ་ལག་ཚང་བའི་རིག་པའི་གཞུང་ལུགས་ཆགས་ཐུབ་མེད་)པའི་གསལ་ཁ་གང་ཡང་མ་བཀོད་པའི་ཕྱིར་རོ།།༽
བྲམ་ཟེའི་ཆོས་ལུགས་དར་ཞིང་རྒྱས་པའི་སྒང་ཡིན་ཡང༌། འཇིག་རྟེན་ལྟ་ཚུལ་ཐད་དུ་དྲང་སྲོང་དག་གིས་མངོན་ཤེས་དང༌། རྫུ་འཕྲུལ་གྱི་ལམ་ནས་ལྷ་སྒྲུང་གི་རྣམ་པས། འགྲེལ་བཤད་ཡ་མཚན་པ་དག་བརྒྱབ་པ་ཙམ་ལས། དོན་དངོས་ལ་བརྟག་དཔྱད་དང༌། བསམ་གཞིག་གི་སྲོལ་ད་དུང་ཚུགས་མེད་པ་འདྲ། ༼ཞེས་པ་དེ་ཡང་རང་མཚང་རྗེན་གཅེར་དུ་ངོམས་པའི་དཔང་འཕེར་ཞིག་ཡིན་ཏེ། འོག་ཏུ་ཡེ་ཤུ་ཆོས་ལུགས་དེ་དངོས་གཙོ་དང༌། སེམས་གཙོ་གང་ཡིན་དཔྱད་པའི་སྐབས་སུ། (བརྟགས་ཤིང་དཔྱད་ན། སེམས་གཙོ་སྨྲ་བའི་ཁྱད་ཆོས་ཚང་འདུག་སྟེ། དཀོན་མཆོག་ནི། འཇིག་རྟེན་བཀོད་པ་པོ་དང༌། ཁོང་གི་མངོན་འདོད་ནི། དངོས་པོ་ཀུན་གྱི་འབྱུང་ཁུངས་སུ་སྨྲ་བའི་ཕྱིར་རོ།།) ཞེས་པ་ལྟར་ན། བྲམ་ཟེའི་ཆོས་ལའང༌། རྒྱུ་མཚན་དེ་དེ་ནོ་ཟེར་ན། ཅི་འགྱུར་གྱི་ལན་འདེབས་ཤིག་ཀྱང་སྨྲ་དགོས་པ་རིགས་སོ།།༽