དགེ་ལེགས།
བོད་ཇི་ལྟར་ཕམ་ཞིང་ཕུང་ལུགས་ལ། །སེམས་ཡོད་རྣམས་ཀྱིས་བསམ་བློ་ཐོངས། །བག་ཡངས་སོས་བདེར་སྡོད་དབང་ནི། །རྒྱ་ཇག་རྣམས་ཀྱིས་མི་སྟེར་རོ། །༼དང་པོ་རྒྱལ་ཁབ་དར་དུས་སུ། །འཛམ་གླིང་སུམ་གཉིས་བོད་ལ་དབང་། །བན་བོན་མངོན་ལྐོག་ནང་འཁྲུག་གིས། །བཙན་པོ་བོད་ཀྱི་ཆབ་སྲིད་གཏོར། །མི་ལོ་བཞི་བརྒྱར་སིལ་བུར་ཐོར། །༼དེ་ནས་བོད་ཁམས་གཅིག་གྱུར་ནི། །ས་སྐྱ་གོང་མས་བྱེད་དབང་དེ། །ཆེན་པོ་ཧོར་གྱིས་ཕུལ་བ་སྟེ། །ཆོས་རིག་དཔལ་ཡོན་ཆེ་སྟོབས་ཀྱིས། །ཧོར་རྗེས་དབུ་བླར་བཀུར་བས་ཡིན། །མི་ཡུར་ཆེན་མོ་བཅད་པ་ཡིན། །བོད་པ་རྒྱ་ལ་དྲིན་ཆེན་ཡིན། །བླ་མས་བོད་སྲིད་སྐྱོང་ལུགས་འདིས། །ཆོས་ཀྱི་དབུ་འཕང་མཐོ་གྱུར་ཀྱང་། །སྲིད་དབང་སྲིད་ལུགས་ཉམས་དམས་ཏེ། །ཡུལ་ཁམས་བདེ་ཆུས་སྣང་མེད་ངང་། །ཁམས་མཐའི་མངའ་རིས་ཐང་བསྐྱུར་གྱིས། །དེ་དེའི་བསྟན་སྲིད་རླུང་ལ་བསྐུར། །དེར་ཡོད་སྐྱེ་འགྲོ་སྡུག་ལ་སྦྱར། །བསྟན་པ་བྱང་དུ་རྒྱས་སོ་ལོ། །སྣ་ཐག་སས་བྱས་ཧོར་དམག་སླེབས། །ཁྲག་གི་འཁོར་ལོ་བསྐོར་ནས་སོང་། །སྐྱབས་མེད་མགོན་མེད་སྙིང་རེ་རྗེ། །རང་སྲུང་དམག་དཔུང་སུ་ཡིས་བྱེད།།
༼ས་དབང་ནང་ཁུལ་རྩོད་པས་ཉམས། །དེ་རྗེས་ཕག་གྲུས་དབང་ཕབ་སྟེ། །བོད་ཀྱི་དབང་ལུང་བསྒྱུར་མོད་ཀྱང་། །སྔར་མེད་གྲུབ་མཐའ་སྣ་མང་གི། །ཁ་རྗེ་དབང་ཐང་འཐེན་འཁྱེར་གྱིས། །ཁྲི་སྐོར་ཕན་ཚུན་འཁྲུག་འཛིང་ངང་། །བོད་ན་བསྟན་པ་དར་སོ་ལོ། །བོད་འབངས་བདེ་ཞིང་སྐྱིད་དོ་ལོ།། ༼དེ་ཡང་རིང་བོ་མ་ལོན་པར། །སྡེ་སྲིད་གཙང་བས་དབང་ཕབ་སྟེ། །ཀར་བསྟན་གཙུག་ཏུ་བཀུར་ཚུལ་གྱིས། །དགེ་བསྟན་བསྣུབ་པའི་སྦྱོར་བབ་ལས། །བོད་ཡུལ་འོ་མའི་རྒྱ་མཚོ་ཆེར། །བཙན་འཛུལ་ཧོར་སོག་ཁྲག་ལམ་བཏོད། །སྣ་འདྲེན་གཉེར་བ་བསོད་རབ་སྟེ། །བོད་ཀྱི་དབང་ཐང་ཉམས་པའི་མགོ །ཐན་སྐད་དང་པོ་དེ་ནས་གྲག། ༼དགའ་ལྡན་གཞུང་སས་དབང་བཟུང་ཚུན། །ནང་འཁྲུག་འཇགས་པའི་རྣམ་པ་དང་། །དགེ་ལུགས་ཤུགས་ཆེར་དར་ནའང་། །འབྲུག་དང་ལ་དྭགས་རིམ་པར་བོར། །བསྟན་འཛིན་ཆོས་རྒྱལ་བུ་རྒྱུད་དང་། །སྒོ་མང་མཁན་པོ་ངག་བརྩོན་ཚོས། །རྒྱལ་དབང་དྲུག་པ་ཁྲི་ལས་ཕབ།
དྲིན་ཅན་སྡེ་སྲིད་དབུ་སྐེ་བྲེག །སོག་པོ་བོད་རྗེ་བྱས་འབྲས་ཡིན། །བདུན་པའི་དུས་སུ་མདོ་སྨད་ཕྱོགས། །དྭ་ཕྲུག་ཐང་བསྐྱུར་བྱས་འབྲས་སུ། །ཆུ་ཡོས་དམར་གསོད་ཆེན་མོ་ཞེས། །བྱང་གི་དགོན་ཆེན་བཞི་བོ་ཡང་། །གཡོ་ཅན་མན་ཇུའི་དམག་གིས་བརྒྱབ། །གོང་མ་འཇམ་དབྱངས་ཡིན་ནོ་ལོ། །ཁྲི་བ་བླ་གྲྭའི་དབུ་སྐེ་མང་། །ཟོར་བས་སྔོ་རྩྭ་བཞིན་དུ་བྲེགས། །དགོན་པ་བསྲེགས་ཤིང་བོད་འབངས་བཅོམ། །སྐྱབས་མེད་མགོན་མེད་སྙིང་རེ་རྗེ། །བོད་ཕྱི་མ་ནང་མའི་ཐ་སྙད་སྦྱར། །ཕྱི་སོག་ནང་སོག་བཏགས་ཇི་བཞིན། །མན་ཇུ་ཧམ་སེམས་ཆེ་རྟགས་ཉིད། །གཞུང་སའི་སྤྱན་གྱིས་གཟིགས་ལགས་སམ། །རང་སྲུང་དམག་དཔུང་མེད་ལགས་སམ། །ཆོས་པས་སྣེ་ཁྲིད་ནང་འཁྲུག་སྐབས། །གདན་ས་གསུམ་ཡང་དམག་ལ་འགྲོ། །ཕྱི་དགྲས་བཙན་འཛུལ་དམག་འཁྲུག་སྐབས། །ཁེངས་དམད་ཉམ་ཆུང་སུ་ཡི་ལུགས། །བོད་དང་རྒྱ་གར་ས་མཚམས་ཐིག །བཅུ་གསུམ་སྐབས་ཀྱི་གླང་ལོར་བཏབ། །འབྲི་ཆུའི་ཤར་རྒྱུད་རྒྱ་ལ་བྱིན། །
ཆེན་པོས་གཙང་ཁུལ་དབང་རིས་རྩོད། །ར་སྟག་སྲིད་སྐྱོང་དབང་ཆ་རྩོད། །བསྟན་སྲིད་སྤྱི་ཆུས་འཇའ་ལྟར་ཡལ།། ༼མཐའ་མ་གུང་བྲན་ཇག་པའི་སྐབས། །གྲོས་མཐུན་བཅུ་བདུན་བཙན་ལེན་བྱས། །དེ་རྗེས་ཡོད་ཚད་དོར་ནས་བྲོས། །བོད་ཁམས་ཆོལ་ཁ་གསུམ་པོ་དེ། །དུས་གཅིག་དམྱལ་བའི་གཏིང་དུ་ལྷུང་། །འདི་འདྲའི་བསད་བཟུང་བཅོམ་འཕྲོག་ཚུལ། །འཛམ་གླིང་ལོ་རྒྱུས་ཁྲོད་ན་མེད། །ཀྱེ་མ་ཀྱི་ཧུད་དཀོན་མཆོག་གསུམ། །ཉམ་ཐག་བོད་འབངས་ཅི་ཡིས་ནོངས། །མགོན་སྐྱོབས་མཛོད་ཅིག་བླ་མ་ལྷ། །ཆོས་པས་ཆབ་སྲིད་བཟུང་བའི་འབྲས། །ལེ་ལན་འཁོར་བ་འདི་ལས་གང་། །བཙན་པོའི་རྒྱལ་ཁབ་ཕྱོགས་རིས་འཁྲུག་པས་གཏོར། །ཕྱི་དར་བསྟན་པ་རིས་ཆད་གྲུབ་མཐས་འཐོར། །ཆོས་སྲིད་གཉིས་ཀའི་དཀྱིལ་འཁོར་རྒྱ་དྲལ་ཏེ། །བོད་ཁམས་ཕུང་ལ་སྦྱར་བའི་མཐའ་འདི་ཉོས། །༼དེ་ནས་བཙན་བྱོལ་སྤྱི་ཚོགས་ནང་། །རང་བཙན་དོར་ནས་དབུ་མ་དང་། །བོད་གཞུང་དོར་ནས་སྒྲིག་འཛུགས་དང་། །རང་དབང་དོར་ནས་གཞན་དབང་གི །རྩ་ཁྲིམས་འོག་གི་རང་སྐྱོང་ཟེར། །མཐའ་མར་སྲིད་དབང་རྩིས་སྤྲད་དེ། །སྲིད་སྐྱོང་བློ་བཟང་སེང་གེ་ཟེར། །དམངས་གཙོ་དོར་ནས་རྒྱ་ནག་གི །སྤྱི་ཚོགས་རིང་ལུགས་དང་ལེན་སོགས། །སྤྲེལ་འདུལ་མཁན་པོའི་ཐག་སྣེ་ན། །མཆོང་ལྡིང་སྐྱེན་པའི་སྤྲེའུ་བཞིན། །གཞན་དབང་འཁྲབ་སྟོན་ངུ་བྲོ་རང་།།
༼དཔའ་རྒོད་པཎ་ཆེན་དུང་ཟླ་ཡང་། །རྒྱ་ཇག་དམར་པོས་དུག་གིས་བཀྲོངས། །ད་དུང་ཆབ་བྲ་རིན་པོ་ཆེ། །ཆོས་རྗེ་འཇིགས་ཕུན་གུང་ཐང་ཚང་། །དེ་སོགས་མང་པོ་རིམ་བཞིན་བཀྲོངས། །དེང་སང་དུས་ཀྱི་ཐ་མར་ཡང་། །བོད་ན་གནས་ལུགས་ཤེས་མཁན་ཉུང་། །ཆོས་ལྡན་བོད་ཀྱི་ལས་བྱེད་ཚོས། །རྒྱ་དམར་ཇག་པས་ཅི་ཟེར་བྱེད། །བླ་མ་རྣམས་ཀྱིས་ལྷ་སྡེ་རྩོད། །དགེ་བཤེས་རྣམས་ཀྱིས་གྲུབ་མཐའ་རྩོད། །གཟུགས་བརྙན་རྣམས་ཀྱིས་ཤུགས་ལྡན་རྩོད། །རོང་འབྲོག་ཚང་མས་ས་ཆུ་རྩོད། །དབྱར་རྩྭ་འཐུ་བའི་ཐོབ་དབང་རྩོད། །མཚོན་རྣོན་པོ་ཕུ་ནུའི་མགོ་ལ་ཕྱར། །སྲོག་དམར་པོ་རྒྱ་ཇག་མདུན་ནས་གཅོད། །ཁྲེལ་ངོ་ཚ་རང་གི་ཡུལ་ནས་བོར། །བོད་གླེན་པ་ཟོག་འདྲ་ཐ་ར་ར། །བོད་འབངས་ནང་འཁྲུག་ཀློང་དུ་བསྟིམས། །
འགོ་ཁྲིད་རྣམས་ཀྱིས་གོ་ཐོབ་གཉེར། །རྒན་གཞོན་མེད་པར་སྒོར་མོ་གཉེར། །ད་ནི་བོད་ཀྱི་ཆོས་སྲིད་ཚར། །ས་ཚར་ཆུ་ཚར་ཤིང་ནགས་ཚར་། །ཟོག་ཚར་ལུག་ཚར་སྦྲ་གུར་ཚར་། །རི་དྭགས་འབྲོག་པ་མཉམ་དུ་ཚར། །ཞིང་ཚར་ནས་ཚར་རོང་བ་ཚར། །སྐད་ཚར་ལྭ་ཚར་གོམས་གཤིས་ཚར། །ཤ་ཚར་མར་ཚར་འོ་མ་ཚར། །ས་འོག་ས་སྟེང་ཡོངས་རྫོགས་ཚར། །སྣོད་བཅུད་གཉིས་ཀ་མཉམ་དུ་ཚར།། ༼གཞིས་སྡོད་ཁྱིམ་དོན་གཉེར་བས་བྲེལ། །བྱེས་པ་ཕྱི་ན་མགོ་བོ་འཁོར། །རང་སྲེག་དཔའ་བོ་བརྒྱ་སུམ་ཅུ། །བསྟན་སྲིད་སྐྱོབ་ཕྱིར་གཤེགས་ན་ཡང་། །བདག་པོ་རྩ་དོན་རྩོད་མཁན་ཉུང་། །ཀྱི་ཧུད་བོད་ཀྱི་ལས་སྐལ་གཟིགས། །བསྟན་དང་བོད་ཀྱི་རིག་གཞུང་དང་། །བོད་ཀྱི་བདག་པོ་བོད་རིགས་རྣམས། །ཡུན་རིང་གནས་ཕྱིར་སྲུང་སྐྱོབ་ཆེད། །ཕྱོགས་རིས་ཆེ་བའི་སྤྲུལ་སྐུ་དང་། །དམ་སྲི་ཤུགས་ལྡན་བསྟེན་མཁན་དང་། །སྡོམ་པ་སྤངས་པའི་དཀོར་ཟན་དང་། །ཆོས་སྤོང་ཁྲོམ་བསྒྲགས་བྱེད་ཕོད་པའི། །བདུད་རྗེ་དགའ་རབ་དངོས་བྱོན་ཚོ། །ཁ་ལུད་བཞིན་དུ་འདོར་འོས་ཉིད། །
དད་ལྡན་གཞུང་དྲང་མང་ཚོགས་ལ། །ཆོས་བརྒྱུད་འཐེན་འཁྱེར་བསླབ་སྟོན་གྱིས། །དམྱལ་བའི་གཏིང་རྡོར་འཕེན་བཟོད་པ། །བོད་ཀྱི་ཕུང་རྒན་དེ་དག་ཡིན། །བླ་ཆེན་ཡིན་ཀྱང་དུག་བཞིན་སྤོངས། །ཁྱི་ལུད་ལྟར་དུ་འདོར་རྐྱང་གྱིས། །བོད་ལ་དགོས་པ་རྡོག་རྩ་གཅིག་སྒྲིལ་ཡིན། །དཔའ་བོ་དཔའ་མོའི་ཞལ་ཆེམས་སྙིང་ལ་ཆོངས། །བསྟན་པ་འཛིན་ལ་མཚན་ལྡན་བླ་མ་མཁོ། །ཆོས་ལ་དགོས་པ་དད་པ་དག་སྣང་ཡིན། །དབང་གི་སྲོག་རྩ་དམ་ཚིག་སྡོམ་པ་ཡིན། །ཡིན་ངོ་ཤེས་ནས་ཉམས་ལེན་བརྩོན་འཚལ་ལོ། །
ཆོལ་གསུམ་བོད་པ་ཕུ་ནུ་མིང་སྲིང་སྟེ། །འབུད་ན་སྒང་གཅིག་ལྷུང་ན་ཁུག་གཅིག་ཡིན། །བསྟན་སྲིད་མི་རིགས་ཡུན་རིང་གནས་པའི་ཕྱིར། །དཔྱོད་ཤེས་རྣམས་ཀྱིས་བསླབ་སྟོན་ཉམས་མྱོང་ཤོད། །གཞོན་པས་ཤེས་ཡོན་ནུས་རྩལ་ཅི་འབྱོར་བརྩོན། །ས་བདག་ཚང་མས་རང་ཡུལ་སྲུང་སྐྱོབ་གྱིས། །རྒྱ་ཇག་ཤ་རུལ་སྦྲང་ནག་འགོག་ཐབས་བྱོས། །བསྟན་པ་རིས་མེད་དར་ཞིང་རྒྱས་པ་དང་། །རྩམ་ཟན་འགྲོ་བའི་སྡུག་བསྔལ་སེལ་བར་སྨོན། །གཞིས་བྱེས་མཇལ་འཛོམས་དགའ་སྟོན་འཕེལ་གྱུར་ཅིག །
དེའི་དུས་མྱི་ལ་ངོ་ཚ་མེད།
སྤྱི་ལ་དགོས་བའི་གཞུང་སེམས་མེད།
རང་ལ་དགོས་པའི་རྒྱུ་ནོར་མེད།
འབངས་ལ་དགོས་བའི་ལུང་བ་མེད།
གོང་གི་བླ་མར་ཚངས་སྤྱོད་མེད།
རང་གི་རིགས་ལ་ཡོན་ཏན་མེད།
མགོ་འི་དཔོན་ལ་ཐུགས་སྟོབས་མེད།
མེད་མེད་ཟེར་ལ་དགའ་བ་ང་མིན་པའི་ལེའུ་དེ་མཇུག་བསྡུས་ནས།
ང་ཡིས་བལྟས་ན་བོད་འདི་འཇོན་པོ་རེད།
སྟབས་རེ་བདེ་ན་དགྲ་མགོ་གཅོག་རྒྱུ་རེད།
ཆེན་པོ་བོད་འདི་ཆིག་སྒྲིལ་ཡོང་རྒྱུ་རེད།
དེའི་དུས་སྟོད་པ་སྤོབས་པའི་སྨྱུག་རྩལ་འགུལ་རྒྱུ་ཡིན་པའི་ལེའུ་དེ་མགོ་བརྩམ་པའོ།