ཁ་སང་དགོང་མོ་ནས་ད་ལྟའི་བར་ཆར་བ་བསྟུད་མར་བབས་པས།
ངྷ་སའི་དེ་རིང་གི་ནམ་ཟླ་ཧ་ཅང་འཁྱག་གི
རྡོ་ལ་བརྡར་གྱི་རི་མགོ་གངས་ཀྱིས་གཡོགས་འདུག
ཀཱང་ར་ལུང་ཁོག་གི་མཛེས་ལྗོངས་ཆར་གྱིས་རླན་འདུག
གངས་སྐྱིད་ཀྱི་རི་ལུང་ཐང་གསུམ་དུའང་འདམ་བག་གིས་ཁེངས་འདུག
ངའི་སེམས་ཁམས་ཀྱང་འཁྱག་སོབ་སོབ་དང་གྲང་ཤུར་ཤུར་རེད།
ད་ལྟ་ཕྱི་དྲོའི་ཆུ་ཚོད་གསུམ་པ་ཡོལ་ནའང་།
ཕྱི་རོལ་ན་ད་དུང་ཆར་བ་འབབ་ཀྱིན་འདུག ཁ་ཆར་འདྲེས་མའི་བུ་ཡུག་འཚུབ་ཀྱིན་འདུག
སྔོ་ཞིང་བསངས་པའི་ནམ་མཁའ་མཐོང་གི་མི་འདུག
དྲོད་ཅིང་སྐྱིད་པའི་ཉི་མ་མཐོང་གི་འདུག
དཀར་བང་བང་གི་སྤྲིན་སྐར་མཐོང་གི་མི་འདུག
ཡོད་ཚང་གྲང་ཤུར་ཤུར་དང་ཁྱག་སོབ་སོབ་ཏུ་གྱུར་འདུག
ནམ་ཟླ་འདི་ལྟར་འཁྱག་པས་ངའི་ཁྱིམ་ན་གློག་ཐབ་བསྒྲོན་ཡོད།
ངའི་ལས་ཁུངས་སུའང་གློག་ཐབ་བསྒྲོན་ཡོད།
གློག་ཐབ་ལ་ཕ་ཡུལ་གྱི་ལྕགས་ཐབ་ལྟ་བུའི་དྲོད་ཁོལ་མེད་ནའང་།
མི་ལྔ་དྲུག་རེ་དེའི་གཡས་གཡོན་ནས་བསྡད་དེ་རེ་བའི་མིག་ཟུང་གིས་ཅེར་འདུག
གློག་ཐབ་ལ་འབྲོག་ཕྱོགས་ཀྱི་ཐབ་ཀ་ལྟ་བུའི་མེ་དྲོད་མེད་པས།
མེ་དྲོད་ཆུང་ཆུང་ཞིག་གི་ཁ་ན་མགོ་རྐ་ལག་ལྔ་བོ་འཆད་ལ་ཁད་རེད།
ཁ་ཆུ་སྣ་ཆུ་འཛད་མེད་དུ་བཞིར་ཡོང་གིན་འདུག
དེ་རིང་གི་ངྷ་སའི་ནམ་ཟླ་འདི་ལྟར་ཧ་ཅང་འཁྱག་གི
བར་མེད་དུ་འབབ་ཀྱིན་པའི་ཆར་རླུང་དང་ཁ་ཆར་འདྲེས་མའི་ཀློང་ན་ཧ་ཅང་འཁྱག་གི
ཡིན་ནའང་། ངས་ལུས་ལ་མ་ལོས་བསྐུར་བའི་དྲོད་འཇམ་གྱི་ཚར་ལྭ་ཞིག་གྱོན་ཡོད།
རིམ་ན་དྲོད་ཀྱིས་ཁེངས་པའི་བདེ་སྐྱིད་ཅིག་ཉར་ཡོད།
དྲོད་འཇམ་གྱི་ཚར་ལྭས་སྦྱིན་པའི་བདེ་དྲོད་དང་ནམ་ཟླའི་འཁྱག་གྲང་གི་ཀློང་ན།
ད་གཟོད་ངས་ཚར་ལྭ་འདི་མ་ལོས་གནང་བའི་བདེ་དྲོད་ཡིན་པ་ཚོར།
མ་ལོས་བྱམས་སེམས་དང་ཐུགས་ཁུར་གྱིས་གནང་བའི་བདེ་སྐྱིད་ཡིན་པ་ཚོར།
དྲོད་འཇམ་གྱི་ཚར་ལྭ་འདི་གྱོན་ཐེངས་རེ་རེ་དང་།
གྲོགས་པོ་ཚོས་འདི་ཡག་རབས་རྒྱན་རབས་གླེང་ཐེངས་རེ་རེར།
ངས་རང་གི་མ་ལོའི་བྱམས་སེམས་དྲན་ཡོང་།
ལ་མོའི་ཐུགས་ཁུར་དང་རེ་བ་ཡོད་ཚད་དྲན་ཡོང་།
མ་ལོ་ལགས། དེ་རིང་གི་ནམ་ཟླ་འཁྱག་ནའང་།
ང་ལ་ཁྱེད་ཀྱིས་བསྐུར་བའི་དྲོད་འཇམ་གྱི་ཚར་ལྭ་ཡོད་པས།
ད་ལྟ་ང་འཁྱག་གི་མི་འདུག ད་ལྟ་ང་གྲང་གི་མི་འདུག
ངའི་སེམས་ན་བདེ་སྐྱིད་ཀྱི་ཚོར་བས་ཁེངས་ཡོད།
ངའི་ལུས་ལ་དྲོད་སྐྱིད་ཀྱི་སྣང་བས་ཁྱབ་ཡོད།
མ་ལོ་ལགས། དྲན་ཆེན་ཨ་མ།
(མཆན། པར་འདི་གཉིས་དེ་རིང་བླངས་པ་ཡིན་ལ། ངའི་འཁྲིས་ཀྱི་མི་དེ་ནི་ངའི་སློབ་གྲོགས་དང་ལས་གྲོགས་བནྡེ་སྐྱབས་ཡིན།
གོང་གསལ་སྙན་ངག་འདི་ཨ་ཁུ་ཀླུ་སྨྱོན་གྱི་སྙན་ངག་འབྲི་སྟངས་དེར་སློབ་སྦྱོང་བྱས་པའི་ཁུལ་ཡིན་མོད། སྙན་ངག་གི་ཕྱོགས་ནས་རྨང་གཞི་ཅི་ཡང་མེད་པས་ལེགས་པོ་ཞིག་འཁྱོངས་མ་སོང་།
སྙན་ངག་མི་ཡག་པའི་སྟེང་དུ་ངེད་གཉིས་ཀྱང་རྫིག་རྒྱུ་མེད་པས་ཀློག་མཁན་གྱི་དུས་ཚོད་འཕྲོ་བརླག་ཏུ་བཏང་བར་དགོངས་དག་ཞུ། )
ཡག་མོ་བདའ་ ཡག་མོ་བདའ་ སྙན་ངག་ཡག་མོ་བདའ་ ངོ་མ་ཡག་མོ་བདའ་ དཔར་ཡང་བལྟད་མོ་བདའ་ པགས་ཚག་དྲོད་མོ་བདའ་ ཡག་མོའི་ནང་གི་ཡག་མོ་ ཨ་མའི་བཀའ་དྲིན་དྲོད་མོ་ ཁྱེད་ཀྱི་ཨ་མ་ ངེད་ཀྱི་ཨ་མ་ ངེད་ཚོའི་ཨ་མ་ བོད་ཀྱི་ཨ་མ་ བརྩེ་བ་དྲོ་བའི་ཨ་མ་།
མདང་གོང་གངས་བབས་སོང་།
འདི་རིང་ཆར་པ་བབ་བགྱིན་འདུག
སང་ཉིན་ཉི་མ་སྟོན་ཡ་རེ་བ་ཡོད།
ཨ་རིག་ལགས་ཀྱིས་སྙན་ངག་སྦྱོང་བརྡར་འདི་བཞིན་ཡག་པོ་འདུག བཙན་བྱོལ་བོད་མིའི་བོད་ཡིག་ཉམས་དམས་སུ་འགྲོ་བཞིན་པས། ན་གཞོན་རྣམས་ལ་སློབ་གསོ་དང་ལམ་སྟོན་ལེགས་པོ་ཡོང་བ་འདུག ཐུགས་རྗེ་ཆེ། ཞོར་དུ་ཨ་རིག་ལགས། དུས་བབ་ཀྱི་མདུན་ངོས་སུ་གནས་ཚུལ་རྣམས་ཁང་སང་གང་དང་གང་ཡོད་པ་ལས།་ གསར་པ་གང་ཡང་མི་འདུག་པས། རྡ་སའི་ནམ་ཟླ་ཧ་ཅང་འཁྱག་པས་ཡིན་ཚོད་རེད། བཀྲིས་བདེ་ལེགས། སྐུ་ཁམས་བཟང་།
ཨ་ཁོ་རེ ཡ་མོ་གྲ་མོ་མགུ ཕ་ཡུའུ་དྲེན་ཕྱི་གདའ
ཁ་སང་དགོང་མོའི་ཆུ་ཚོད་བཅུ་གཅིག་བར་ལས་ཁུངས་ནང་ལྷག་པ་དང་ད་ནངས་ཞོགས་པ་སྔ་བོ་ནས་ལངས་ཏེ་བོད་གཞུང་ཟློས་གར་ཁང་གི་སྟག་རྒྱབ་ཀྱི་རི་མགོར་གངས་ནང་དུ་པར་ལེན་པར་ཕྱིན་པ་བཅས་བྱས་ཏེ། ད་ལྟ་མ་གཏོགས་ལས་ཁུངས་སུ་འབྱོར་མེད། ད་ལྟ་ཐོན་མ་ཐག་ནམ་རྒྱུན་ལྟར་རང་གིས་ཀློག་འདོད་པའི་དྲ་རྒྱ་ཚང་མའི་སྒོ་ཕྱེས་ཏེ་ལྟ་སྐབས། ངས་སྙན་ངག་ཡིན་ལ་མིན་གྱི་སྦྱོང་བརྡར་སྙན་ངག་འདི་ཡང་འདི་ཡང་ཁ་བརྡའི་སྟེང་བཀོད་འདུག་པས། བཤད་མི་ཤེས་པའི་དུང་ཞེན་ཞིག་གམ་དགའ་སྣང་ཞིག་བྱུང་། གང་ལྟར་སྙན་ངག་འདི་འདིར་བཀོད་མཁན་དང་མཆན་འདེབས་མཁན་གཉིས་ཀར་ཐུགས་རྗེ་ཆེ་ཞུ་བ་ཡིན།
སྙན་རྩོམ་ཐུང་ཐུང་བོ་འདིར་སུས་བཀོད་མིན་མ་ཤེས་མོད། གང་ལྟར་ཐུགས་རྗེ་ཆེ་ཞུ་འདུན་བྱུང་ལ། རང་གི་སྙན་ངག་ལ་དྲ་ལམ་མ་འདྲ་ཞིག་ནས་མཇལ་དུས་དགའ་སྣང་ཞིག་ཀྱང་འདུག དེ་བཞིན་མཆན་འདེབས་ཡོངས་ལ་ཐུགས་རྗེ་ཆེ་ཞུ་བ་ཡིན།
གོང་ནས་ངས་ཨ་ཁུ་ཀླུ་སྨྱོན་གྱི་སྙན་ངག་འབྲི་ཐབས་ལ་སྦྱོང་བ་བྱས་ཟེར་དུས་གཙོ་བོ་ཁོང་གིས་དེང་སྐབས་འབྲི་སྦྱོང་བྱེད་པའི་སྙན་ངག་གི་འབྲི་ཐབས་ཤིག་སྟེ། དཔེར་ན་ཡིད་འགྱུ་གཙོ་བོར་བཟུང་སྟེ་བྲིས་པའི་སྙན་ངག་ལས་ཤུགས་ཀྱིས་བཙུར་ཏེ་ཡོང་བའི་འབྲི་ཐབས་ལ་གོ་གི་མེད། དེ་ཙམ་ལགས།
མཆན་དང་པོ་དེ་སོང་མི་འདུག་བསམ་ནས་གཉིས་པ་བྲིས་པ་ཡིན་མོད། གཉིས་ཀ་སོང་འདུག་པས་གསུམ་པས་དེ་དོན་འགྲེལ་དགོས་བྱུང་སོང་། ད་དགོད་སྤྱད་ཅིག་ཆགས་སོང་། ཧཧཧ
མདང་དགོང་དྷ་སར་ཁ་བ་བབས། །
འདི་རིང་དྷ་སར་འཁྱག་རོམ་ཆགས། །
སང་ཉིན་དྷ་ས་ལྷ་སའི་བར། །
ཉིན་གསར་དགའ་སྟོན་ཤར་རེ་འདུག །