བོད། ལྷ་ཀླུ་གཉན་གསུམ།
ང་རང་ཉིན་ལྟར་ལས་ཀ་སོང་། ལས་ཀ་ནས་བཙོ་བསྲེག་གི་བར་ནས་སྣུམ་ཚ་བོ་ཐིགས་པ་རེ་དང་། ཆུ་ཚ་བོ་ཐིགས་པ་རེ་ལག་པའི་སྟེང་དུ་ཟེགས་དུས་སུ། ངའི་མིག་ལམ་དུ་བོད་ནང་གི་རྒྱལ་གཅེས་པ་དེ་དག་གི་སྙིང་སྟོབས་ལ་བསམ་བློ་གཏོང་དགོས་ཆགས་ཀྱི་འདུག ངའི་མིག་ལམ་དུ་མེ་ལྕེ་དམར་པོ་འབར་ནས་འོང་གི ང་རང་དངོས་ནས་རང་ལུས་མེ་རུ་སྒྲོན་པའི་སྙིང་སྟོབས་དེ་དག་ལ་ཧ་ལས་ཀྱི་འདུག མི་རིགས་ཀྱི་ཆེད། རང་དབང་གི་ཆེད། རང་གི་རྩ་བའི་བླ་མ་རང་གི་ས་ཐོག་ལ་གདན་འདྲེན་བྱེད་ཆེད་དུ། དེ་ལས་གཞན་པའི་ཁོང་ཚོས་གསུང་འབོད་བྱེད་མ་ཐུབ་པའི་རེ་སྐུལ་གང་ཞིག་ལུས་ཡོད་སྲིད་དམ་སྙམ་ཞོར་ངས་ཉིན་ལྟར་ལས་ཀ་སོང་། ལས་ཀ་བྱས། ཞོར་དུ་རང་གིས་རང་ལ་ཡང་དང་བསྐྱར་དུ་དྲིས། ད་ལྟའི་བོད་ནང་གི་གཞིས་ལུས་མི་མང་གི་སྙིང་སྟོབས་དང་ཞི་རྒོལ་གྱི་གནས་ཚུལ་ཛ་དྲག་ཆེ་རུ་འགྲོ་བཞིན་པ་འདི་ལ། རྒྱལ་སྤྱིའི་སྒང་ནས་བོད་སྐྱོབས་འབོད་སྒྲ་སྒྲོག་བཞིན་ཡོད་དམ། རེད་རེད། རྒྱལ་ཁབ་རེ་གཉིས་ཀྱི་སྲིད་ཀྱི་སྣེ་མོ་བ་ཁ་ཤས་ཀྱིས་རྒྱ་ནག་གཞུང་ལ་འབོད་སྐུལ་བྱས་ཡོད་པ་རེད།
ངས་དེ་ལྟར་བསམ་བློ་བཏང་། རྒྱ་ནག་སྲིད་གཞུང་གིས་དེ་ཡི་ལན་དུ་གང་ཞིག་བཤད་ཡོད་དམ། བརྡ་ལན་དྲང་མོ་ཞིག་ཡོད་སྲིད་དམ། ཁོང་ཚོས་ཀྱང་རེ་བ་བཞག་ཡོད་མེད་མི་ཤེས་ཀྱང་། ངས་རྒྱ་ནག་སྲིད་གཞུང་གིས་བོད་བཙན་བཟུང་བྱས་ནས་མི་ལོ་དྲུག་བཅུའི་རིང་ལ། བདེན་པ་ཞེས་པའི་ཡིག་འབྲུ་དེ་དག་དང་ཞི་བདེ་དང་རང་དབང་ཞེས་པའི་མིང་ཚིག་དེ་དག་འོག བོད་མི་རིགས་འདི་བདེ་ཐང་ངང་གསོན་དུ་བཅུགས་མེད་པ་ཡིན་དུས། ངས་རྒྱ་ནག་སྲིད་གཞུང་གིས་ད་དུང་སྐྱག་རྫུན་ཁོ་ན་ཞིག་དང་། ཞི་བའི་མི་མང་ལ་མེ་མདའི་བརྡ་ལན་སྤྲོད་པའི་སྐོར་སོགས་ངེས་ལེན་མི་བྱེད་པ་སེམས་སུ་དྲན་དུས། དངོས་ནས་གཞིས་ལུས་མི་མང་གི་དཀའ་སྡུག་དང་ཤེས་རབ་ཀྱི་མེ་ལྕེ་ཁྲོད་དུ་བཞུད་པའི་སྤུན་ཟླ་དེ་དག་གི་ཁ་ཆེམས། སྙིང་སྟོབས་ཀྱི་མེ་ལྕེ་ཁྲོད་དུ་འདས་པའི་སྤུན་ཟླ་དེ་དག་གི་རིགས་ཞེན། སད་རྟོགས་ཀྱི་ཅོང་སྒྲ་སྒྲོག་མཁན་གྱི་རིགས་ཀྱི་དབའ་བོ་དེ་དག་གི་འབོད་ཚིག་སོགས་ལ་བསམ་བློ་བཏང་། དངོས་ནས་ཁོང་ཚོ་བཞུད་རྗེས་སུ། ང་དང་བཅས་པའི་བོད་མི་རིགས་སུ་སྐྱེ་བ་བླངས་པའི་བོད་མི་ཡོད་ཚད་ཀྱིས་རང་ཉིད་བོད་མི་ཞིག་ཡིན་བསམ་པ་སེམས་པའི་གཏིང་ནས་དྲན་བཞིན་ཡོད་དམ། ཡོད་ན་ག་རེ་བྱེད་དགོས་མིན་གྱི་སྐོར་ལ་བསམ་གཞིག་ག་འདྲ་བྱེད་ཀྱི་ཡོད་སྲིད།
ཉིན་མ་འདི་དག་གི་རིང་དུ་བོད་ནང་དུ་བོད་མི་རིགས་ཀྱི་འཆི་གསོན་ཆེད་དུ་ཚེ་སྲོག་ལོང་སྤྱོད་དང་བཅས་པ་བློས་གཏོང་གིས་བདེན་དྲང་གི་ཆེད་དུ། རང་དབང་གི་ཆེད་དུ། རང་གི་རྩ་བའི་བླ་མ་རང་སར་ཕེབས་ཆེད། མེ་མདའི་རྩེ་གྲི་ཁ་ན་ཞི་འབོད་བྱེད་སྟངས་དེར་ཉན་དུས། ཚུར་ཕྱོགས་སུ་རྒྱ་ནག་གཞུང་ཚབ་ཁང་གི་འགྲམ་ན། རྒྱ་ནག་གཞུང་ལ་ང་ནི་ཁྱེད་ཀྱི་མི་མང་ཡིན། ང་རང་ཕྱིར་རང་རྒྱལ་དུ་ལོག་དུ་བཅུགས་རོགས་ཟེར་ནས་ཞུ་བ་འཐེན་བཞིན་པའི་བོད་མི་བླ་རྐང་མེད་པའི་རིགས་དེ་དག་མང་དུ་བྱིན་འདུག་ཟེར་བ་གོ་དུས་སེམས་པའི་གཏིང་ནས་གཟེར་ཞིང་། ད་དུང་། རྒྱལ་ཁབ་འདྲ་མིན་གྱི་གཞུང་ཚབ་ཁང་དག་གི་སྒོ་འགྲམ་ན། ང་རང་ཡུལ་སྐོར་དུ་འགྲོ་མཁན་ཡིན། ང་རང་ཉེ་འཕྲད་དུ་འགྲོ་མཁན་ཡིན་སོགས་རྫུན་གཏམ་གྱི་ལས་ལ་བྲེལ་ནས་གཞན་མིའི་གཡོག་ལས་སུ་ཞུགས་ནས་དབལ་འབྱོར་ལ་སྨོན་པ་བྱེད་ཀྱིན་པའི་རིགས་གཅིག་སྤུན་ཟླ་དེ་དག་གི་གྲངས་ཀ་མང་དུ་སོང་བ་གོ་དུས། དེ་བས་ཀྱང་སེམས་པ་མ་སྐྱིད་པར། ངས་གཞིས་ལུས་བོད་མི་སྤུན་ཟླ་དག་ལ་སྙིང་ཁོང་རུས་པའི་གཏིང་ནས་བཀའ་དྲིན་ཆེ་ཞུ་བ་དང་བསྒྲགས། བོད་ཀྱི་འདས་མ་ད་གསུམ་འཆི་གསོན་གང་དུ་འགྲོ་མིན་ནི། ཁྱེད་ཅག་གི་སྙིང་སྟོབས་དང་བླ་མེད་ཀྱི་སྤོབས་པ་རེད་ཅེས་ཞུ་ན་འདོད་སོང་།
ངས་འདི་ལྟར་བསམ་བློ་ཉིན་མ་རེ་རེ་བཞིན་བཏང་། ད་ནི་རང་ཉིད་ཀྱང་བོད་མི་ཞིག་གི་དངོས་ནས་ལས་ཀ་ཞིག་གི་འགོ་འཛུགས་དགོས་ཀྱི་ཡོད་དམ། ལས་ཀ་དེ་ཡི་ཕུགས་འབྲས་སོགས་ལ་ཡང་བསམ་བློ་བཏང་། གྲུབ་འབྲས་ཀྱི་སྐོར་ལ་ཡང་བསམ་བློ་བཏང་། བློས་གཏོང་མི་ཉུང་བ་ཞིག་བྱེད་དགོས་ཀྱི་འདུག་ནའང་། བློས་གཏོང་དེ་དག་གི་རྒྱབ་དུ་བླངས་པའི་བོད་ཀྱི་རང་དབང་གི་ཆེད་དུ་གྲལ་སྒྲིག་པའི་མི་རབས་ཤིག་བྱུང་སྲིད་དམ། དཔེར་ན། བོད་ནང་གི་སྤུན་ཟླ་དེ་དག་གིས་རང་ལུས་མཆོད་མེར་སྒྲོན་པ་རེད། རྒྱལ་སྤྱིའི་གོ་མེད། རྒྱ་ནག་སྲིད་གཞུང་གི་དཔོན་ངན་དེ་དག་གིས་ག་ལ་གོ་སྲིད། ད་དུང་། བོད་བྱེས་བཅར་བ་མི་མང་གིས་ཀྱང་ཡག་པོ་ཞིག་གོ་ཡོད་དམ། ཨ་ཤུ་རེ་གོ དངོས་ནས་འཛམ་གླིང་གང་སར་གནས་པའི་བོད་མི་ཡིན་བསམ་མཁན་གྱི་བོད་པ་ཚང་མ་ཁ་སང་དེ་རིང་ང་དང་འདྲ་བར་བསྡོད་མ་ཚུགས་པར་ཡོད་ངེས་རེད། དེ་ཡིན་དུས། སྤུན་ཟླ་ཚོ། ཁྱེད་ཅག་གིས་ཁོང་ཚོས་འབོད་སྒྲ་གོ་སོང་ངམ། ད་ནི་ཅི་ཞིག་བྱས་ན་དོན་ཕན་ཡོད་དམ། བོད་ཀྱི་ལས་དབང་ལ་འགྱུར་བ་ཞིག་འགྲོ་བར་ལས་འགུལ་གང་ཞིག་ང་ཚོའི་མིག་མདུན་དུ་སླེབས་ཡོད་དམ།