མགལ་དུམ།
སྣ་ཚོགས་སེམས་ལ་སྣ་མང་འཁྲུལ་སྣང་རེ།།
འཁྲུལ་སྣང་རེ་ལ་རྒྱབ་བཤད་ཕྲ་ཤན་རེ།།
ཕྲ་ཤན་ཚིག་ལ་ཆགས་སྡང་རྣོ་བོ་རེ།།
རྣོ་བོའི་ཚོར་བར་བདེན་ཁ་སྤྲོད་དམ་ཅི།།
སོ་སྐྱེས་རེ་ལ་ནོར་བ་ཕྲན་བུ་རེ།།
ཕྲན་བུའི་ལས་ལ་གཞན་གྱི་ཁ་རྡུང་རེ།།
ཁ་རྡུང་ཚིག་ལ་སྐུར་འདེབས་སྣོན་མ་རེ།།
སྣོན་མ་དེ་ཡང་ནོར་བ་རེད་དམ་ཅི།།
མི་རེའི་བར་ན་འགྲེལ་མེད་འབྲེལ་བ་རེ།།
འབྲེལ་བ་རེ་ལ་ཞེན་ཁོག་འབྲེལ་མེད་རེ།།
འབྲེལ་མེད་སེམས་ལ་ལན་ཆགས་འཐོལ་བ་རེ།།
འཐོལ་བའི་ལས་ལ་ངལ་བ་དགོས་སམ་ཅི།།
གང་ཟག་རེ་འགར་རྣམ་རྟོག་རྫུན་མ་རེ།།
རྫུན་མ་རེ་ལ་ན་ཟུག་ངོ་མ་རེ།།
ངོ་མའི་རྒྱུ་ལ་འཁོན་འཛིན་རྫོགས་མེད་རེ།།
རྫོགས་མེད་སྡུག་ལ་མུ་རུ་བརྩོན་ནམ་ཅི།།
སྐྱེ་དམན་འགའ་རེར་ཞལ་ཁ་ལྷག་མ་རེ།།
ལྷག་མ་རེ་ལ་ཁ་རྫུན་ཁུངས་མེད་རེ།།
ཁུངས་མེད་རེ་ལ་ཁ་མཆུ་ཆོ་མེད་རེ།།
ཆོ་མེད་ལས་ལ་དུས་ཚོད་གཏོང་ངམ་ཅི།།
རང་རང་སེམས་ན་གནས་ལུགས་ཡིན་མིན་རེ།།
ཡིན་མིན་བློ་ལ་མུན་པའི་ཟྭ་ཆེན་རེ།།
ཟྭ་ཆེན་རེ་ལ་ནང་ཟྭ་མཁྲེགས་པོ་རེ།།
མཁྲེགས་པོའི་བློ་ཡིས་བདེན་ལུགས་རྙེད་དམ་ཅི།།
ཕ་མ་ལ་ལར་བརྩེ་བ་ལྷག་མ་རེ།།
ལྷག་མ་རེ་ལ་ལྷག་བསམ་འཛོལ་བ་རེ།།
འཛོལ་བ་རེ་ལ་བུ་ཕྲུག་ལངས་ཤོར་རེ།།
ལངས་ཤོར་བུ་ལ་རེ་བ་འཛིན་ནམ་ཅི།།
༢༠༢༡-༠༡-༢༤ཨོ་གླིང་ཞོགས་པར་བྱ་བའི་བྲེལ་འཚུབ་བར་ནས་ཤར་མར་སུག་ལས་སུ་བགྱིས་པ་འདིས་ཀྱང་བོད་སྐད་ཡིག་གི་སྲོག་ལ་དབུགས་རྟ་རྔ་ཙམ་སྦྱིན་པར་གྱུར་ཅིག་གུ