བེ་རི་རིག་པའི་རྡོ་རྗེ།
ནམ་རྒྱུན་༧གོང་ས་ལྷ་མིའི་རྣམ་འདྲེན་༧སྐྱབས་མགོན་༧རྒྱལ་དབང་ཐམས་ཅད་མཁྱེན་པའི་ཞལ་སྔ་ནས་ཀྱིས་དུས་འཁོར་དབང་ཆེན་གནང་སྐབས། མཁས་བླུན་མང་པོ་ཞིག་གིས་རང་རང་གི་ས་ནས་དུས་དབང་གི་སྐོར་ལ་འགྲེལ་བཤད་སྣ་ཚོགས་གནང་བཞིན་ཡོད་པས། དེ་རིང་གནས་ལུགས་དང་དྲང་བདེན་དཔང་བོར་བཞག་ནས་དངོས་ཡོད་ཀྱི་ལོ་རྒྱུས་ཕྱོགས་ཙམ་ཞིག་མི་བཤད་ཐབས་མེད་བྱུང་།
དང་པོ། དུས་འཁོར་དབང་ཆེན་གྱི་བརྒྱུད་རིམ་ཐད། མཁས་དབང་ཞིག་གི་བཅར་འདྲིའི་ལན་ཁ་བརྡ་དྲ་ཐོག་ཏུ་སྤེལ་གསལ། “བར་སྐབས་ཤིག་ནས་བུ་ཇོ་ལུགས་གཉིས་ཞེས་བུ་སྟོན་ལུགས་དང་ཇོ་ནང་བའི་ལུགས་དེ་གཉིས་བྱུང་ཞིང་། བུ་སྟོན་གྱི་ལུགས་ལ་ར་འབྲོ་གཉིས་ཀྱི་བརྒྱུད་པ་གཉིས་འདྲེས་སུ་ཚང་བར་བཤད། དེ་ལས་རིམ་བཞིན་བརྒྱུད་པའི་གདམས་པ་ད་ལྟའི་སྐུ་བཅར་རྣམ་རྒྱལ་གྲྭ་ཚང་ཕན་བདེ་ལེགས་བཤད་གླིང་གི་ཕྱག་ལེན་འདི་ཡིན་ལ། ༧སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་དབང་རྒྱུན་ཡང་བུ་སྟོན་ཐམས་ཅད་མཁྱེན་པའི་ལུགས་ཡིན། གཞན་ཡང་དེང་སྐབས་བོད་མདོ་དབུས་ཀྱི་ཆོས་སྡེ་རྣམས་སུ་བུ་ཇོ་གཉིས་ཀའི་ལུགས་དར་རྒྱས་ཆེ་ཞིང་ལྷག་པར་ཇོ་མོ་ནང་པའི་ཆོས་སྡེ་རྣམས་སུ་དུས་འཁོར་རྫོགས་རིམ་སྦྱོར་དྲུག་གི་ཉམས་ལེན་ཤིན་ཏུ་ངོ་གཙང་ཡོད།” ཅེས་གསུངས་འདུག
སྤྱིར་བཏང་དུས་འཁོར་ལ་འགྱུར་མི་འདྲ་བ་ཁ་ཤས་ཡོད་མོད། ཡོངས་སུ་གྲགས་པ་འབྲོ་རྭ་གཉིས་ཡིན། དེའི་རྒྱུ་མཚན་འབྲོ་པ་རྣམས་ཀྱིས་སྒྲུབ་པ་གཙོ་བོ་དང་། རྭ་པ་རྣམས་ཀྱིས་བཤད་པ་གཙོ་བོ་མཛད་པས་ལུགས་སྲོལ་ཆེན་པོ་གཉིས་སུ་བགྲངས་པ་རེད། འོན་ཀྱང་ཇོ་ནང་ཀུན་སྤངས་ཐུགས་རྗེ་བརྩོན་འགྲུས་ ༡༢༤༣-༡༣༡༣ ཀྱི་སྐུ་རིང་ལ་དེ་གཉིས་གཅིག་འདྲེས་སུ་གྱུར་བ་མ་ཟད། དུས་འཁོར་གྱི་ལུགས་སྲོལ་ཆེན་པོ་བཅུ་བདུན་པོ་ཐམས་ཅད་དེ་མདོར་ན། བོད་དུ་འགྱུར་རོ་ཅོག་གི་དུས་འཁོར་གྱི་དབང་བཀའ་གདམས་ངག་དང་བཅས་པ་ཆུ་མགོ་གངས་ལ་ཐུག་པ་ལྟར། ཇོ་ནང་ཀུན་སྤངས་ཆེན་པོར་ཐུག་ཡོད། དེ་ཡང་འཇམ་མགོན་ཀོང་སྤྲུལ་བློ་གྲོས་མཐའ་ཡས་ཀྱིས་མཛད་པའི་ཤེས་བྱ་ཀུན་ཁྱབ་1ཏུ། “བོད་དུ་སྔོན་བྱོན་བཞི་དང་བར་བྱོན་ལྔ།། ཕྱིས་བྱོན་གཉིས་སུ་གྲགས་ཆེ་གྱི་ཇོ་རྨ།། ཁྲོམ་ལོ་ཇོ་བོ་འབྲོ་རྭ་ཙ་མི་དང་།། རས་ཆུང་རྒ་ལོ་གསུམ་དང་ཁ་ཆེ་གཉིས།། བི་བྷཱུ་ཏི་གཉིས་ཆག་ལོ་མན་ལུང་སྟེ།། ལུགས་སྲོལ་བཅུ་བདུན་ཀུན་སྤངས་ཆེན་པོར་འདུ།།” ཞེས་གསུངས་པ་ལྟར། རིགས་ལྡན་སྤྲུལ་བའི་སྐུ་ཆོས་རྗེ་ཀུན་སྤངས་ཆེན་པོ་ཐུགས་རྗེ་བརྩོན་འགྲུས་ཀྱིས་དུས་འཁོར་གྱི་ལུགས་སྲོལ་ཡོངས་སུ་རྫོགས་པ་གསན་བསམ་སྒོམ་པ་མཐར་ཕྱིན་མཛད། ཆོས་རྒྱལ་རིགས་ལྡན་སོགས་བརྒྱུད་པའི་བླ་མ་རྣམས་བྱོན་ནས་བྱིན་རླབས་དང་ལུང་བསྟན་མཛད། ཐོག་མཐའ་བར་དུ་དགེ་བའི་མཚན་མ་ཐོབ་ནས་སྦྱོར་དྲུག་ཁྲིད་ཡིག་ཐོག་མཐའ་བར་དགེ་དང་། དུས་ཀྱི་འཁོར་ལོའི་རྒྱུད་ཀྱི་སྙིང་པོ་རྩ་འགྲེལ་སོགས་མཛད་པས་ཇོ་ནང་པ་ཆེན་པོ་ཞེས་ཕྱོགས་ཀུན་ཏུ་གྲགས་ཤིང་། དུས་འཁོར་གྱི་བསྟན་པ་ཡོངས་རྫོགས་ཀྱི་བདག་པོར་གྱུར་བས། ཡོངས་གྲགས་སུ་དུས་འཁོར་ཇོ་ལུགས་ཞེས་གྲགས་པ་དེ་བྱུང་བ་རེད།
དེ་བཞིན་དུ་དུས་འཁོར་བུ་ལུགས་ཞེས་གྲགས་པ་ཡང་། བུ་སྟོན་རིན་ཆེན་གྲུབ་ ༡༢༩༠-༡༣༦༤ ཀྱིས་དུས་འཁོར་རྒྱུད་འགྲེལ་གྱི་འཆད་ཉན་རྒྱ་ཆེར་སྤེལ་བས་བུ་ལུགས་ཞེས་སྐད་གྲགས་ཆེན་པོ་ཆགས་པ་ཙམ་ལས། དོན་ལ་ཁོང་གི་དུས་འཁོར་གྱི་དབང་ཁྲིད་ཆ་ཚང་གི་བརྒྱུད་པ་ཇོ་ནང་ཀུན་སྤངས་ཆེན་པོ་ལ་ཐུག་ཡོད་པས་བུ་ལུགས་ཇོ་ལུགས་ལས་འགྲོ་ས་མེད། དེ་ཡར་འདེད་ཇི་ལྟར་བྱེད་དགོས་སྙམ་ན། ༧སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་ཞལ་སྔ་ནས་ཀྱིས་གནང་བཞིན་པའི་དུས་འཁོར་དབང་ཆེན་གསན་ས་ཡོངས་འཛིན་གླིང་རིན་པོ་ཆེ་རེད། ཁོང་ལ་པཎ་ཆེན་དཔལ་ལྡན་ཡེ་ཤེས་སོགས་ནས་བརྒྱུད་པ་རེད། དེ་ནས་ཡར་དེད་ན་རྒྱལ་དབང་སྐལ་བཟང་རྒྱ་མཚོ་སོགས་རེད། དེ་ནས་ཡར་དེད་ན་འཇམ་མགོན་བླ་མ་ཙོང་ཁ་པ་ཆེན་པོ་ཡབ་སྲས་ལ་ཐུག་པ་རེད། དེ་ནས་ཡར་དེད་ན་དབང་གི་བརྒྱུད་པ་མཁས་གྲུབ་ཁྱུང་པོ་ལྷས་པ་དང་། བུ་སྟོན་རིན་ཆེན་གྲུབ། ཀུན་མཁྱེན་འཕགས་པ་འོད་རེད། འཕགས་འོད་ཀྱིས་དུས་འཁོར་གྱི་དབང་ཁྲིད་ཡོངས་རྫོགས་གསན་ས་ཇོ་ནང་གྲུབ་མཐའི་སྲོལ་འབྱེད་ཀུན་སྤངས་ཐུགས་རྗེ་བརྩོན་འགྲུས་རེད། དེས་ན་བུ་ལུགས་ཇོ་ལུགས་ལ་ཐུག་འདུག་གམ་མི་འདུག དེ་ནས་ཡར་དེད་ན་ཁ་ཅིག་གིས་ལྟ་ལོག་ཏུ་བརྩི་བའི་གྲུབ་ཆེན་ཡུ་མོ་བ་མི་བསྐྱོད་རྡོ་རྗེ་ལ་ཐུག་པ་རེད། གཏན་ཚིགས་ཀྱི་སྒོ་ནས་བཤད་ན། ལྟ་ལོག་ནས་བརྒྱུད་པའི་ཆོས་དེ་ཡང་ཆོས་ལོག་ཞིག་ལོས་ཡིན། ད་དུང་བྱུང་རིམ་གྱི་དབང་དུ་བཏང་ན་ཡང་། དང་པོ་འབྲོ་ལུགས་དང་། དེ་ནས་རྭ་ལུགས། དེ་གཉིས་གཅིག་འདྲེས་སུ་གྱུར་བ་ཇོ་ལུགས། དེའི་སློབ་རྒྱུད་དུ་བུ་ལུགས་བྱུང་བ་ཡིན་པས། བུ་ཇོའི་ལུགས་ཞེས་པའི་ཐ་སྙད་དེ་ཡང་དྲང་མོ་ཞིག་བྱུང་མེད།
གང་ལྟར་དེ་ནས་ཡར་དེད་ན་ཁ་ཆེའི་པཎ་ཆེན་ཟླ་བ་མགོན་པོ་དང་། གྲུབ་ཆེན་དུས་ཞབས་ཆེ་ཆུང་ནས་བྱང་ཤམ་བྷ་ལའི་རིགས་ལྡན་རྒྱལ་དཀའ། དེ་ནས་ཡར་དེད་ན་ཆོས་རྒྱལ་ཟླ་བ་བཟང་པོ། ཁོང་གིས་བསྟན་པའི་བདག་པོ་སྟོན་པ་བཅོལ་ལྡན་འདས་ཀྱི་ཞལ་ནས་དངོས་སུ་གསན་པ་རེད། ལོ་རྒྱུས་དྲང་མོར་བཤད་ན་དེ་འདྲ་རེད། ཐུགས་ཡིད་མ་ཆེས་ན་རྒྱལ་མཆོག་སྐལ་བཟང་རྒྱ་མཚོས་མཛད་པའི་དུས་འཁོར་རྒྱུད་འདེབས2། དེང་སྐབས་རྣམ་རྒྱལ་གྲྭ་ཚང་གིས་ནམ་རྒྱུན་གསུང་བཞིན་ཡོད་པ་འདིར་བཀོད་ཡོད་པས་གཟིགས་རོགས། དེ་ཉིད་ལས། “དུས་ཞབས་ཆེ་ཆུང་ཟླ་བ་མགོན་པོ་དང་།། དཀོན་མཆོག་སྲུང་བ་མཁས་པ་སྒྲོ་སྟོན་ཞབས།། རྫུ་འཕྲུལ་མངའ་བརྙེས་མི་བསྐྱོད་རྡོ་རྗེ་ལ།། གསོལ་བ་+ ཆོས་ཀྱི་དབང་ཕྱུག་གྲུབ་ཐོབ་ནམ་མཁའ་འོད།། ནམ་མཁའ་རྒྱལ་མཚན་འཇམ་དབྱངས་གསར་མའི་ཞབས།། འོད་གསལ་ཡེ་ཤེས་མངོན་གྱུར་ཆོས་སྐུ་བར།། གསོལ་བ་+ མཉམ་མེད་ཐུགས་རྗེ་བརྩོན་འགྲུས་འཕགས་པ་འོད།། ཀུན་མཁྱེན་བུ་སྟོན་ཆོས་ཀྱི་དཔལ་བའི་ཞབས།། གསོལ་བ་+ བློ་བཟང་རྒྱལ་བ་གཉིས་པ་ཡབ་སྲས་ལ།།” ཞེས་སོགས་དང་། ཡང་དེས་མཛད་པའི་དུས་འཁོར་སྒྲུབ་ཐབས་3༧གོང་ས་ཐམས་ཅད་མཁྱེན་པས་དུས་འཁོར་དབང་ཆེན་གནང་སྐབས་ཀྱི་སྒྲུབ་ཆོག་གཙོ་བོ་དེའི་སྨན་མཆོད་སྐབས། “ཨོཾ་དུས་ཞབས་པ་ཆེ་བ་ལ་ན་མ༔ ཨོཾ་རྒྱལ་སྲས་ན་ལེན་ཏྲ་པ་ལ་ན་མ༔ ཨོཾ་ཁ་ཆེ་ཟླ་བ་མགོན་པོ་ལ་ན་མ༔ ཨོཾ་སྒོམ་པ་དཀོན་མཆོག་སྲུངས་ལ་ན་མ༔ ཨོཾ་སྒྲོ་སྟོན་གནམ་ལ་བརྩེགས་ལ་ན་མ༔ ཨོཾ་ཡུ་མོ་མི་བསྐྱོད་རྡོ་རྗེ་ལ་ན་མ༔ ཨོཾ་སྲས་དྷརྨེ་ཤྭ་ར་ལ་ན་མ༔ ཨོཾ་གྲུབ་ཐོབ་ནམ་མཁའ་འོད་ལ་ན་མ༔ ཨོཾ་གྲུབ་ཐོབ་སེ་མོ་ཆེ་ནམ་མཁའ་རྒྱལ་མཚན་ལ་ན་མ༔ ཨོཾ་འཇམ་གསར་ཤེས་རབ་འོད་ཟེར་ལ་ན་མ༔ ཨོཾ་བླ་མ་ཆོས་སྐུ་འོད་ཟེར་ལ་ན་མ༔ ཨོཾ་ཀུན་སྤངས་ཐུགས་རྗེ་བརྩོན་འགྲུས་ལ་ན་མ༔ ཨོཾ་འཕགས་འོད་ཡོན་ཏན་རྒྱ་མཚོ་ལ་ན་མ༔ ཨོཾ་ཀུན་མཁྱེན་བུ་སྟོན་ཁ་ཆེ་ལ་ན་མ༔” ཞེས་སོགས་གསུངས་པའི་ཕྱིར་རོ།།
གྲུབ་ཆེན་ཡུ་མོ་མི་བསྐྱོད་རྡོ་རྗེ་དང་། ཇོ་ནང་ཀུན་སྤངས་ཐུགས་རྗེ་བརྩོན་འགྲུས་སོགས་ལྟ་ལོག་རེད་སྙམ་ནས་དུས་དབང་གི་བརྒྱུད་པའི་བླ་མའི་ནང་ནས་ལེན་འདོད་པ་ཡིན་ནམ། བླངས་ན་ཆོག་མོད། དེ་དག་གི་ཚབ་ལ་སུ་ཞིག་འཇོག་རྒྱུ་ཡིན་ནམ། ཡང་ན་དེའི་བར་ནས་བརྒྱུད་པ་ཆད་སོང་ཟེར་རྒྱུ་ཡིན་ནམ། ཧ་ཧ། ཧེ་ཧེ། ཕཊ། རྩེ་མཚར་ཙམ་དུ་ཐལ་ལོ།།
གཉིས་པ། དུས་འཁོར་དབང་ཆེན་ཁྲོམ་དབང་དུ་བསྐུར་ཚུལ་ཐད། བོད་མིའི་རང་དབང་གསར་ཤོག་ཞིག་4ཏུ། “བོད་དུ་དུས་འཁོར་གྱི་བཀའ་དབང་ཐོག་མ་དེ་རྒྱལ་བ་སྐུ་ཕྲེང་བདུན་པ་སྐལ་བཟང་རྒྱ་མཚོས་སྩལ། དེ་ནས་རིམ་བརྒྱུད་ཀྱིས་ད་ལྟའི་༧གོང་ས་སྐུ་ཕྲེང་བཅུ་བཞི་པ་ཆེན་པོས་ཡོངས་འཛིན་རྣམ་པ་གཉིས་ནས་དུས་འཁོར་གྱི་བཀའ་དབང་སྐོར་བུམ་པ་གང་བྱོའི་ཚུལ་དུ་བཞེས་ཏེ་” ཞེས་བཀོད་ཡོད་ཅིང་། དེ་བཞིན་དུ་མཁས་དབང་ཁོང་གིས་ཀྱང་། “བདག་ཅག་གི་སྟོན་པ་ནས་བཟུང་སྐབས་རེ་ཆིག་བརྒྱུད་དང་། སྐབས་རེ་སློབ་མ་ཉུང་ཤས་ལ་དུས་འཁོར་གྱི་དབང་གནང་པ་ཡིན་ཞིང་། ༧རྒྱལ་དབང་སྐུ་ཕྲེང་བདུན་པ་སྐལ་བཟང་རྒྱ་མཚོ་དང་། ༧པཎ་ཆེན་སྐུ་ཕྲེང་དྲུག་པ་དཔལ་ལྡན་ཡེ་ཤེས་རྣམ་གཉིས་ཀྱི་སྐུ་དུས་ནས་མི་མང་ལ་ཁྲོམ་དབང་དུ་གནང་བ་ཡིན་པས་ཐོག་མར་དེ་ནས་བྱུང་བ་དང་།” ཞེས་གསུངས་འདུག་ལ། ད་དུང་ཉེ་ཆར་ཨེ་ཤ་ཡ་རང་དབང་རླུང་འཕྲིན་ཁང་གི་དྲ་ཐོག་ཏུ་གསར་འགོད་པ་ཚེ་དབང་ནོར་བུ་ལགས་ཀྱིས། “དཔལ་དུས་ཀྱི་འཁོར་ལོའི་དབང་ཆེན་གྱི་བརྒྱུད་པ་དེ་དུས་རབས་ ༡༨ ནང་༧རྒྱལ་དབང་སྐུ་ཕྲེང་བདུན་པ་སྐལ་བཟང་རྒྱ་མཚོ་མཆོག་གིས་དབུ་བཙུགས་གནང་ཡོད་པ་དང་། ད་ལྟའི་༧རྒྱལ་དབང་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་གིས་ཕྱི་ལོ་ ༡༩༥༤ ལོའི་ཕྱི་ཟླ་ ༤ ནང་ལྷ་སའི་ནོར་བུ་གླིང་ཁར་དུས་འཁོར་དབང་ཆེན་ཐེངས་དང་པོ་དེ་གནང་བ་ནས་བཟུང་ད་བར་དུ་དུས་འཁོར་དབང་ཆེན་ཐེངས་ ༣༤ ཙམ་གནང་ཚར་ཡོད་”ཅེས་བཀོད་འདུག
དྲང་མོར་ཞུས་ན། དེ་ནི་དུས་འཁོར་ཆོས་འབྱུང་ལ་ཐུགས་རྒྱུས་ཤིན་ཏུ་ཆུང་བའི་རྟགས་རེད། དཔལ་དུས་ཀྱི་འཁོར་ལོའི་བརྒྱུད་རིམ་གོང་དུ་བཤད་ཟིན་པས་འདིར་བསྐྱར་བཤད་མི་དགོས་མོད། གལ་ཏེ་དུས་འཁོར་དབང་ཆེན་ཁྲོམ་དབང་དུ་བསྐུར་བ་ལ་ཟེར་གྱིན་ཡོད་སྙམ་ན། དེ་ཡང་བཤད་པར་པར་བྱ་སྟེ། ༧རྒྱལ་དབང་སྐལ་བཟང་རྒྱ་མཚོའི་སྔོན་དུ་ཇོ་ནང་ཀུན་མཁྱེན་དོལ་པོ་སངས་རྒྱས་ཀྱིས་དུས་འཁོར་ཁྲོམ་དབང་དུ་བསྐུར་གནང་མཛད་ཡོད་དེ། ཇོ་ནང་ཆོས་འབྱུང་5ལས། “སྐྱེ་བོ་སྟོང་ཕྲག་མང་པོ་ལ་མཆོག་དབང་གོང་མ་གནང་བས་མི་རྣམས་ལ་ལྟ་ཅི་སྨོས། སྲང་ཁའི་ཁྱི་ཚུན་ཆད་ལ་ཡེ་ཤེས་ཕེབས་པའི་རྣམ་འགྱུར་མང་དུ་བྱུང་།” ཞེས་གསུངས་པ་ལྟར་དང་། འོན་ཀྱང་རྒྱལ་བ་ཇོ་ནང་བའི་ལུགས་ལ་དུས་འཁོར་བསྐྱེད་རྫོགས་ཀྱི་ཉམས་ཁྲིད་དང་། རྒྱུད་འགྲེལ་འཆད་ཉན་གཙོ་བོར་མཛད་པ་ལས། དབང་སྐུར་རྐྱང་བ་ཙམ་གྱིས་ཆོག་པར་འཛིན་གྱིན་མེད།
ཡང་གཅིག་བཤད་ན། ཇོ་ནང་གོང་མ་རྣམ་གསུམ་༼ཀུན་སྤངས་ཐུགས་རྗེ་བརྩོན་འགྲུས། བྱང་སེམས་རྒྱལ་བ་ཡེ་ཤེས། མཁས་བཙུན་ཡོན་ཏན་རྒྱ་མཚོ།༽གྱི་སྐུ་རིང་ལ་སློབ་མས་དུས་འཁོར་སྦྱོར་དྲུག་ཉམས་ལེན་གྲུབ་རིམ་བཞིན། དཔལ་མཆོག་དུས་ཀྱི་འཁོར་ལོའི་བསྐྱེད་རིམ་རྣལ་འབྱོར་བཞི་བསྒོམ་པ་ལ་དབང་བྱེད་བྱིས་འཇུག་དབང་བདུན་དང་། རྫོགས་རིམ་སྨིན་བྱེད་མཆོག་དབང་གོང་མ་བཞི་སྟེ་སློབ་མའི་དབང་བཅུ་གཅིག་དང་། ལོ་གསུམ་ཕྱོགས་གསུམ་གྱི་ཉམས་ལེན་ཡོངས་སུ་གྲུབ་རྗེས། སློབ་ཆེན་རེ་ཟུང་ལ་བདག་པོ་བདག་ཆེན་གྱི་དབང་སྟེ་རྡོ་རྗེ་སློབ་དཔོན་གྱི་དབང་བསྐུར་གནང་སྲོལ་ཡོད་པ་ལས་ཁྲོམ་དབང་གནང་སྲོལ་ཆེར་མེད་མོད། གོང་དུ་བཤད་པ་ལྟར་ཀུན་མཁྱེན་དོལ་པོ་སངས་རྒྱས་ཡབ་སྲས་ཀྱི་སྐུ་དུས་ནས་དུས་འཁོར་ཁྲོམ་དབང་དུ་གནང་སྲོལ་བྱུང་ཡོད་ལ། དབང་བསྐུར་གྲུབ་རྗེས་ཉམས་ཁྲིད་ཀྱང་མང་དུ་གནང་བས། ལམ་ཁའི་སྤྲང་བོ་ཚུན་ཆད་ཀྱིས་དབེན་གསུམ་དང་། དངོས་གཞི་སྦྱོར་བ་ཡན་ལག་དྲུག་སྒོམ་མཁན་མང་དུ་བྱུང་ཚུལ་ཇོ་ནང་ཆོས་འབྱུང་6དུ། “དབང་དང་ཁྲིད་ཆ་ཚང་ཐོབ་པ་ཁྲི་ཕྲག་བརྒལ་བ་དང་། མཆོག་དབང་གོང་མ་དང་སོ་སོར་སྡུད་པའི་ཁྲིད་གསན་ཅིང་ཉམས་མྱོང་སྐྱེས་པ་ནི་བགྲང་བར་མི་དཔོག་པ་ཙམ་ཡོད་པར་གྲགས་ཤིང་། སྤྱིར་བསྟན་པ་སྒོ་ཐམས་ཅད་ནས་རྒྱས་པར་མཛད། སྒོས་སུ་བོད་ཀྱི་རི་སུལ་ཐམས་ཅད་རྡོ་རྗེའི་རྣལ་འབྱོར་གྱི་སྒྲུབ་པ་པོས་ཁྱབ་པ་དང་། བཤད་ཉན་གྱི་གྲྭ་ཐམས་ཅད་དུ་སྙིང་པོའི་མདོ་དང་རྒྱུད་བླ་མའི་བསྟན་བཅོས་ལས་བརྩམས་ཕྱིར་མི་ལྡོག་པ་འཁོར་ལོའི་གཏམ་བདེ་གཤེགས་སྙིང་པོ་སེང་གེའི་སྒྲས་ཁྱབ་པར་མཛད་དེ།” ཅེས་དང་། “གྲངས་སུ་མ་བཅད་པ་ལ་ཟབ་ལམ་སྒོམ་མཁན་དཔག་ཏུ་མེད་དེ། སྤྲང་བོ་ཚུན་ཆད་ཀྱང་ཆོས་ལ་དད་པ་སྐྱེས་ནས་ལམ་སྲང་རྣམས་སུ་དབེན་གསུམ་སྒོམ་པ་དང་།” ཞེས་གསུངས་པ་ལྟར་རོ།།
དབང་སྐུར་མཁན་གྱི་བླ་མར་མཚོན་ན་ཡང་། དུས་འཁོར་བསྡུས་རྒྱུད་7ལས། དང་པོར་ཡང་དག་བསྟེན་བྱའི་བླ་མ་རྣམས་ནི་དམ་ཚིག་ལྡན་དང་རྡོ་རྗེ་ཐེག་ལ་ལྷག་པར་གནས།། དེ་ཉིད་བསྒོམ་དང་ལྡན་དང་མ་ཆགས་སྡིག་པ་རྣམ་པར་སྤངས་དང་བཟོད་དང་རང་བཞིན་ལམ་ལ་གནས།། སློབ་མ་རྣམས་ལ་ལམ་སྟེར་དམྱལ་བའི་འཇིགས་པ་འཇོམས་དང་དེ་ཁོ་ན་ཡི་ཚངས་པར་སྤྱོད་པ་དང༌།། དེ་རྣམས་ལྡན་པ་བདུད་རྣམས་རྡོ་རྗེའི་དབྱུགས་པ་ས་ཡི་སྟེང་དུ་རྡོ་རྗེ་སེམས་དཔའ་རབ་ཏུ་འགྲུབ།། ཅེས་གསུངས་པ་ལྟར། དུས་འཁོར་དབང་ཆེན་ཐོབ་པ་དང་གྲངས་བསྙེན་སོང་བ་ཙམ་མ་ཡིན་པར་རྒྱུད་རྒྱལ་དུས་ཀྱི་འཁོར་ལོའི་བསྐྱེད་རིམ་རྣལ་འབྱོར་ཆེན་པོ་བཞི་དང་། རྫོགས་རིམ་སྦྱོར་བ་ཡན་ལག་དྲུག་གི་ཉམས་ལེན་འཁོར་བའི་ལོ་གསུམ་ཕྱོགས་གསུམ་གྱི་སྒོ་ནས་མཐར་ཕྱིན་པ་རྐྱང་རྐྱང་ཡིན་ནོ།།
གསུམ་པ། དུས་འཁོར་དབང་ཆེན་ཞེས་པའི་ཐ་སྙད་ཀྱི་སྐོར་ལ། ཡང་ཁོང་གིས། “༧རྒྱལ་དབང་སྐུ་ཕྲེང་བདུན་པ་སྐལ་བཟང་རྒྱ་མཚོ་དང་། ༧པཎ་ཆེན་སྐུ་ཕྲེང་དྲུག་པ་དཔལ་ལྡན་ཡེ་ཤེས་རྣམ་གཉིས་ཀྱི་སྐུ་དུས་ནས་མི་མང་ལ་ཁྲོམ་དབང་དུ་གནང་བ་ཡིན་པས་ཐོག་མར་དེ་ནས་བྱུང་བ་དང་། མི་མང་ལ་ཁྲོམ་དབང་གནང་བ་ཡིན་པས་དབང་ཆེན་ཞེས་བརྗོད་པ་ཡིན་སྙམ།” ཞེས་གསུངས། སྐུ་ཉིད་ཀྱིས་དེའི་སྐོར་གསལ་བོར་མཁྱེན་གྱིན་མེད་ན་མ་གསུང་ཀྱང་ཆོག སྙམ་སྒྲ་སྦྱར་ཏེ་སྐྲག་ཞོར་ལ་ཅིག་གསུང་དོན་ཅི་ཡིན་ནམ། ངས་དུས་ཚོད་མང་པོ་བཏང་ནས་ཞིབ་འཇུག་མ་བྱས་མོད། དུས་རབས་ ༡༣ པའི་ནང་དུ་དུས་འཁོར་དབང་ཆེན་ཞེས་པའི་ཐ་སྙད་དེ་ཡོད། དེ་ཡང་དཔལ་དུས་ཀྱི་འཁོར་ལོའི་བརྒྱུད་པ་རིན་པོ་ཆེའི་རྟོགས་བརྗོད་8ལས་ཀུན་མཁྱེན་དོལ་པོ་སངས་རྒྱས་ཀྱི་རྣམ་ཐར་གྱི་སྐབས་སུ། “མཁན་ཆེན་བསོད་གྲགས་པས་གཙོ་མཛད་ཇོ་གདན་ཚོགས་པ་ལ་གཞལ་ཡས་ཁང་དུ་དུས་འཁོར་གྱི་དབང་མོ་ཆེ་མཛད།” ཅེས་གསུངས་པ་ལྟར། ཀུན་མཁྱེན་དོལ་པོ་སངས་རྒྱས་ཡབ་སྲས་ཀྱི་སྐུ་དུས་ནས་དུས་འཁོར་དབང་མོ་ཆེ་ཞེས་པའི་ཐ་སྙད་དེ་ཡོད།
སྤྱིར་བཤད་ན། གང་ཟག་སུ་ཡིན་ཡང་སོ་སོའི་ཆོས་བརྒྱུད་ལས་ཆོས་བརྒྱུད་གཞན་ལ་མ་དགའ་ན་ཆོག་ལ། མ་དད་ན་དེ་བས་ཀྱང་ཆོག་མོད། དཔལ་དུས་ཀྱི་འཁོར་ལོའི་དབང་དང་ཁྲིད་ཀྱི་བརྒྱུད་པའི་ལོ་རྒྱུས་དོན་གྱི་ལོ་རྒྱུས་སུ་རྩ་འཛིན་བྱེད་དགོས། གལ་ཏེ་དུས་འཁོར་གྱི་དབང་ཁྲིད་ཀྱི་བརྒྱུད་རིམ་ནང་དུ་ཇོ་ནང་པའི་བླ་མ་མང་པོ་ཡོད་པས་དེ་ལྟར་མི་འདོད་སྙམ་ན། དུས་འཁོར་གྱི་ཆོས་སྐོར་ཞུ་རྒྱུ་མཚམས་འཇོག་གནང་དགོས་པ་ལས། དེའི་བརྒྱུད་པའི་བླ་མའི་ནང་དུ་དབྱེ་བསལ་དང་། ལོ་རྒྱུས་ལ་འཁྱོག་བཤད་བྱས་པ་ནི་རང་གི་དེ་ཉིད་ཕྱིར་བསྟན་པ་ཙམ་དུ་ཟད་དོ།།
དེའི་ཞོར་དུ་བཤད་འདོད་པ་ཞིག་ལ། ཕྱི་ལོ་ ༢༠༡༢ ལོའི་དུས་དབང་སྐབས་མཁན་ཟུར་ཞིག་གིས། དུས་བབ་བཅར་འདྲིའི་ལན་དུ། “དུས་ཀྱི་འཁོར་ལོའི་དབང་རྡུལ་ཚོན་གྱི་ཐོག་ནས་འབྲི་བཞེངས་དང་། ས་གར་མཆོད་གར་སོགས་ཆོ་ག་རྒྱས་ཤོས་ཀྱི་ཐོག་ནས་དུས་འཁོར་དབང་ཆེན་སྐུར་མཁན་དེ་ཕལ་ཆེར་དགེ་ལུགས་པ་མིན་འགྲོ་སྙམ།” ཞེས་དང་། ཡང་། “དེ་མིན་རས་བྲིས་ཀྱི་དཀྱིལ་འཁོར་ཐོག་ས་སྐྱ་གོང་མ་རིན་པོ་ཆེ་དང་ཇོ་ནང་གི་བླ་མ་མཁན་པོ་ཚོས་དུས་དབང་གསུང་གི་ཡོད།” ཅེས་གསུངས་པ་ནི་ཅུང་ཐུགས་ཉམས་མ་བཞག་པར་མངོན་ཏེ། ཇོ་ནང་ཀུན་མཁྱེན་དོལ་པོ་སངས་རྒྱས་ཡབ་སྲས་ཀྱི་སྐུ་དུས་ནས་ད་བར་དུ་དུས་འཁོར་དབང་ཆེན་རྡུལ་ཚོན་དང་རས་བྲིས་ཀྱི་དཀྱིལ་འཁོར་གཉིས་ཀར་བརྟེན་ནས་སྐུར་སྲོལ་ཡོད། ལྷག་པར་དུ་གོང་དུ་ཞུས་པ་ལྟར། སློབ་མས་སྦྱོར་དྲུག་ཉམས་ལེན་གྲུབ་རིམ་བཞིན། བླ་མས་ཀྱང་དུས་དབང་རིམ་གནང་མཛད་སྐབས་རས་བྲིས་རྐྱང་བར་བརྟེན་ནས་དབང་བསྐུར་ཚུལ་ཀྱང་ཡོད། འདི་ནི་ཀུན་སྤངས་ཀྱི་གནས་སུ་རྡུལ་ཚོན་དཀྱིལ་འཁོར་འབྲི་བཞེངས་ཀྱི་ཆ་སྐྱེན་མ་འཛོམས་པ་ཡིན་སྲིད། གང་ལྟར་ཀྱང་རས་བྲིས་ལ་བརྟེན་ནས་དབང་བསྐུར་གནང་ཚུལ་གྲུབ་མཐའ་ཚང་མར་ཡོད་ཅིང་། ཇོ་ནང་པར་ཡང་དེ་མཚུངས་ཡོད་ལ། ད་དུང་ལུས་དཀྱིལ་དང་། བསམ་གཏན། བློས་བསླངས་སོགས་ཀྱི་དཀྱིལ་འཁོར་ལ་བརྟེན་ནས་དབང་བསྐུར་གནང་ཚུལ་ཀྱང་ཡོད།
ཡང་མཁན་རིན་པོ་ཆེས། “རིགས་ལྡན་དང་པོ་འཇམ་དཔལ་གྲགས་པ་ནས་ད་ལྟའི་བར་རིགས་ལྡན་ཉེར་གསུམ་པར་བསླེབས་ཡོད།” ཅེས་གསུངས་པ་ནི་དུས་འཁོར་བསྟན་རྩིས་ཙམ་ལ་ཡང་གཟིགས་མ་མྱོང་བའི་བཟང་རྟགས་རེད། དུས་འཁོར་ལུགས་གཞིར་བཟུང་བྱས་ན། ད་ལྟའི་གནམ་ལོ་འདི་རབ་བྱུང་ ༡༧ བགྲང་བྱ་ ༣༠ པ་བསྟོད་འགྲེལ་དུ་གདོང་ངན་དང་བོད་དུ་མེ་སྤྲེལ་ཞེས་གྲགས་པ་དེ་རེད། རིགས་ལྡན་ ༢༡ པ་མ་འགགས་པ་ཤམ་བྷ་ལའི་ཆོས་ཁྲིར་འཁོད་ནས་མི་ལོ་ ༩༠ ཕྱིན་ཡོད། འདི་ནས་མར་བརྩིས་པའི་ལོ་གྲངས་ ༡༡ སྟེ་རབ་བྱུང་ ༡༧ ཉག་མ་ ༤༡ མེ་ལུག ཕྱི་ལོ་ལྟར་བརྩིས་ན་ ༢༠༢༧ ལོར་རིགས་ལྡན་ ༢༢ མི་ཡི་སེང་གེ་ཤམ་བྷ་ལའི་ཆོས་ཁྲིར་ཕེབས་རྒྱུ་རེད། དེའི་ཁྲི་ལོ་ ༡༠༠ རྫོགས་རྗེས་གཟོད་རིགས་ལྡན་ ༢༣ པ་དབང་ཕྱུག་ཆེན་པོ་ཁྲིར་ཕེབས་རྒྱུ་རེད། དེས་ན་དེ་རིང་ནས་བརྩིས་ན་རིགས་ལྡན་ཉེར་གསུམ་པ་ཁྲི་ལ་འཁོད་རྒྱུར་ད་དུང་མི་ལོ་ཧྲིལ་བོ་ ༡༡༠ ཡོད།
གཞན་ཡང་ཁོང་རྣམ་པས་དུས་འཁོར་གྱི་ཕྱི་ནང་གཞན་གསུམ་སྦྱོར་ཚུལ་དང་། དེའི་གཞི་ལམ་འབྲས་གསུམ་གྱི་རྣམ་གཞག ཤམ་བྷ་ལའི་ཞིང་གི་གནས་སྟངས། དུས་དབང་གནང་མཁན་གྱི་སློབ་དཔོན་དང་ཞུ་བ་པོ་སློབ་མའི་མཚན་ཉིད། དབང་གི་ཕན་ཡོན་དང་དབང་ཞུས་རྗེས་ཀྱི་དམ་ཚིག་དང་སྡོམ་པ། ད་དུང་དུས་ཀྱི་འཁོར་ལོའི་ཞལ་ཕྱག་གི་གྲངས་དང་། ཕྱག་མཚན། ལྷག་པར་ཉེ་ཆར་ཨེ་ཤ་ཡ་རང་དབང་རླུང་འཕྲིན་ཁང་གི་དྲྭ་བརྙན་ཐོག སྟོང་གཟུགས་མ་འགྲུབ་པ་སྒྲུབ་བྱེད་ཏིང་འཛིན་གྱི་ཡན་ལག་གསུངས་པ་སོགས་མདོར་ན་དུས་ཀྱི་འཁོར་ལོའི་རྒྱུད་དང་དེའི་འགྲེལ་བར་མི་མཐུན་པའི་འགྲེལ་བཤད་མང་པོ་གསུང་བཞིན་ཡོད་མོད། རེ་ཞིག་དེ་ཙམ་གྱིས་ཆོག་པར་བྱས་སོ།།
མདོར་བསྡུས་ན། འཇམ་མགོན་ཀོང་སྤྲུལ་བློ་གྲོས་མཐའ་ཡས་9ཀྱིས། “ཁྱད་པར་རྟོན་པ་བཞི་ལྡན་ཀུན་མཁྱེན་རྗེ།། རྩོད་དུས་རྡོ་རྗེ་འཆང་དངོས་སྒྲོལ་བའི་མགོན།། རིགས་ལྡན་གཉིས་པའི་བཀའ་བརྒྱུད་ཕུལ་དུ་བྱུང་།། ལུགས་སྲོལ་དེ་དག་ཐམས་ཅད་ལས་ཁྱད་པར་དུ་འཕགས་པ་རྔ་བོ་ཆེའི་མདོ་སོགས་ནས་ཐུབ་མཚན་འཆང་བའི་དགེ་སློང་དུ་ལུང་བསྟན་པ། རིགས་ལྡན་སྤྲུལ་པའི་སྐུ་དོལ་པོ་པ་ཆེན་པོ་རྒྱལ་བའི་གསུང་རབ་ལ་མཐར་ཐུག་རྟོན་པ་རྣམ་པ་བཞི་དང་ལྡན་པ་ཀུན་མཁྱེན་ཆོས་ཀྱི་རྗེ་ཤེས་རབ་རྒྱལ་མཚན་དཔལ་བཟང་པོ་དང་། རྩོད་པའི་དུས་ཀྱི་མཐར་གྲུབ་ཆེན་སྤྱོད་འཆང་དབང་པོ་བསམ་བཞིན་སྐྱེ་བ་བཞེས་པ། གསང་བ་ཟབ་མོའི་གནས་ལ་རྡོ་རྗེ་འཆང་གཉིས་པའི་གོ་འཕང་བརྙེས་པ་རྗེ་བཙུན་སྒྲོལ་བའི་མགོན་པོས་ཤིང་རྟའི་ལམ་སྲོལ་ཕྱེས་པ་དག་ནི་རིགས་ལྡན་གཉིས་པའི་བཀའ་བརྒྱུད་དེ་གཞན་ལས་ཕུལ་དུ་བྱུང་ཞིང་སྒྲུབ་བརྒྱུད་འདིའི་བཀའ་ཆེན་བབས་པ་ཡིན་ནོ།།” ཞེས་དང་།
༧གོང་ས་ཐམས་ཅད་མཁྱེན་པའི་ཞལ་སྔ་ནས་ཀྱང་།
“མདོ་རྒྱུད་གཞན་དང་བཞད་སྲོལ་མི་འདྲ་བའི།།
ཤིང་རྟའི་སྲོལ་ཆེན་དུས་ཀྱི་འཁོར་ལོའི་རྒྱུད།།
མི་ཉམས་འཛིན་ཅིང་སྤེལ་བའི་བཀའ་བབས་པ།།
ཇོ་ནང་པ་ཡི་བསྟན་པ་རྒྱས་གྱུར་ཅིག།” ཅེས་གསུངས་པ་ལྟར་རོ།།
ཕྱི་ལོ་ ༢༠༡༧ ཟླ་ ༡ ཚེས་ ༩ ཉིན། བེ་རི་རིག་པའི་རྡོ་རྗེས།
1 ཐེག་པའི་སྒོ་ཀུན་ལས་བཏུས་པ་གསུང་རབ་རིན་པོ་ཆེའི་མཛོད་བསླབ་པ་གསུམ་ལེགས་པར་སྟོན་པའི་བསྟན་བཅོས་ཤེས་བྱ་ཀུན་ཁྱབ། པར་མ། གླེགས་བམ་དང་པོ། ཤོག་ཨང་། 34b
2 དུས་འཁོར་བརྒྱུད་འདེབས། པར་མ། 156b-157a
3 བཅོམ་ལྡན་འདས་དཔལ་དུས་ཀྱི་འཁོར་ལོའི་སྐུ་གསུང་ཐུགས་ཡོངས་སུ་རྫོགས་པའི་དཀྱིལ་འཁོར་གྱི་སྒྲུབ་ཐབས་མཁས་གྲུབ་ཞལ་ལུང་། པར་མ། ཤོག་ངོས། བོད་ཡིག དོན་གཅིག ས དབྱིན་ཨང་། 391
4 ཕྱི་ལོ་ ༡༩༩༡ ལོའི་ཟླ་ ༡ ནང་གི་བོད་མིའི་རང་དབང་གསར་ཤོག་གི་ཤོག་ངོས་ ༦ པར།
5 ཇོ་ནང་ཆོས་འབྱུང་ཟླ་བའི་སྒྲོན་མེ། ངག་དབང་བློ་གྲོས་གྲགས་པ། དེབ་གཟུགས། ཀྲུང་གོའི་བོད་ཀྱི་ཤེས་རིག་དཔེ་སྐྲུན་ཁང་། ཤོག་ཨང་། 31
6 ཇོ་ནང་ཆོས་འབྱུང་ཟླ་བའི་སྒྲོན་མེ། ངག་དབང་བློ་གྲོས་གྲགས་པ། དེབ་གཟུགས། ཀྲུང་གོའི་བོད་ཀྱི་ཤེས་རིག་དཔེ་སྐྲུན་ཁང་། ཤོག་ཨང་། 29, 31
7 དཔལ་དུས་ཀྱི་འཁོར་ལོ་བསྡུས་པའི་རྒྱུད་ཀྱི་རྒྱལ་པོའི་སྙིང་པོ། ལྷ་ས་བཀའ་འགྱུར། རྒྱུད། ཀ ཤོག་གྲངས། ༢༡༤ ས-༢༡༥ ཉ
8 ཆག་ལོ་ཙཱ་བ་རིན་ཆེན་ཆོས་རྒྱལ་གྱིས་མཛད་པའི་དཔལ་དུས་ཀྱི་འཁོར་ལོའི་བརྒྱུད་པ་རིན་པོ་ཆེའི་རྟོགས་པ་བརྗོད་པ་དཔག་བསམ་གྱི་སྙེ་མ། པར་མ། 89b
9 ཐེག་པའི་སྒོ་ཀུན་ལས་བཏུས་པ་གསུང་རབ་རིན་པོ་ཆེའི་མཛོད་བསླབ་པ་གསུམ་ལེགས་པར་སྟོན་པའི་བསྟན་བཅོས་ཤེས་བྱ་ཀུན་ཁྱབ། པར་མ། གླེགས་བམ་དང་པོ། ཤོག་ཨང་། 547b
དབང་གི་ཡེ་ཤེས་པ་འབབ་པའི་སྐོར་འདི་ལ། ང་ལ་ཁམས་ཕྱོགས་ཀྱི་བུད་མེད་ཅིག་གིས་བཤད་རྒྱུར། མོ་རང་བོད་ན་ཡོད་དུས་བླ་མ་ནོར་ཟོའམ་མར་པ་ཆོས་དབྱིངས་རྡོ་རྗེས་དབང་གསུང་སར་ཕྱིན་པ་ཡིན། ཁོང་གིས་དབང་གསུང་ཐེངས་རེ་རེར་མི་མང་པོར་ཡེ་ཤེས་བབས་པའི་སྐོར་མང་པོ་མཐོང་ཞིང་ཐོས་པས་སྐྲག་སྣང་ཞིག་སྐྱེས། ཁོང་གིས་དབང་གསུང་དུས་ལུས་དང་སེམས་ལ་རང་དབང་མེད་པར་ཚ་ཟིང་ཟིང་ཆགས་ཡོང་བ་དང་། དེ་ནས་ལག་པའི་མཛུབ་མོ་རྣམས་ལ་རང་དབང་མེད་པར་སྡིགས་མཛུབ་འདྲ་བོ་ཆགས་སོང་། ཟེར།
གཞན་ཡང་། ལོ་མང་སྔོན་ཐོས་པ་ལྟར་ན། མར་པ་ཆོས་དབྱིངས་ཆོས་དབྱིངས་རྡོ་རྗེས་དབང་གསུང་དུས་བོད་མི་ཆོས་དད་པ་ཕར་ཞོགས། རྒྱ་གར་བརྙན་ལེན་པ་ཚོར་ཡང་ཡེ་ཤེས་པ་བབས་པ་དང་། ཐ་ན་རི་མགོའི་ཟོག་ལ་ཡང་ཡེ་ཤེས་པ་བབས་པའི་རྟགས་འཆར་ཡོང་ཟེར།
ཕ་དམ་པའི་དབང་གསུང་དུས་མ་ཅིག་ལབ་སྒྲོན་ལ་དབང་གི་ཡེ་ཤེས་པ་བབས་ནས་ནམ་མཁར་ལ་འཕུར་ནས་རྗེས་མ་ཟིན་པ་བྱུང་བས། དབང་ཉན་པ་ཚོས་མོ་ལ་དབང་མ་ཐོབ་ཅེས་བསྒྲགས་ཀྱང་ཕ་དམ་པས། ཀུན་རྫོབ་ཀྱི་དབང་དེ་ཁྱོད་ཚོས་ཐོབ། དོན་དམ་གྱི་དབང་དེ་མ་ཅིག་གིས་ཐོབ། ཅེས་གསུངས་འདུག
དམ་པས་་་་
ཡག་པོ་བྲིས་འདུག ཡིན་ནའང་། རྩོམ་འདི་བཀླགས་རྗེས། གོང་ས་མཆོག་ལ་ཟུར་ཟ་ཆེན་པོ་བྱས་འདུག་སྙམས་པའི་ཚོར་སྣང་བསླེབས། ༧གོང་ས་མཆོག་གིས་དུས་འཁོར་ཁྲོམ་བསྒྲགས་བྱས། ཁོང་རང་གིས་བསྐྱེད་རྫོགས་ཉམས་ལེན་བྱེད་ཀྱི་མེད་པའི་ཟུར་ཟ་ཞིག་གོ་བྱུང་། ང་ནོར་ཡོད་ན། དགོངས་དག
རྒྱལ་བ་རིན་པོ་ཆེས་ཐབས་ཤེས་གང་ཡོད་གནང་ནས་བོད་ཀྱི་ཆོས་རྒྱུད་ཐམས་ཅད་འཆམ་མཐུན་དང་མཉམ་གནས་ཡོང་བའི་སྐུ་ངལ་ཆེན་པོ་བཞེས་ཀྱང་། མཚམས་རེ་ཆོས་ལུགས་ཀྱི་འཐེན་འཁྱེར་ཉོན་མོངས་འོག་ལ་ཤོར་བའི་ཆོས་པ་འགའ་ཤས་ཀྱིས་རྟག་ཏུ་རྒྱལ་བ་ལ་སྙོན་བཙུགས་བྱེད་པ་འདི་ངོ་མ་སྙིང་ལ་ནད་ཅིག་བསླངས་འོང་།
རྗེས་མ་ནས་རྒྱལ་བ་རིན་པོ་ཆེས་དགེ་ལུགས་པའི་ཡི་དམ་ཞིག་གི་དབང་བསྐུར་ནས་བཞུགས་ན་དགའ་ས་རེད། དེ་ལ་ཇོ་ནང་བ་ཚོ་སེམས་མ་སྐྱིད་པ་བྱེད་དགོས་དོན་མིན་འདུག དེ་མིན་ག་དུས་དུས་འཁོར་དབང་ཆེན་གནང་རུང་ཇོ་ནང་བ་ཚོ་མ་སྐྱིད་པ་བྱས་ནས། སྐད་འཕྲིན་ནང་ལ་ཡོང་ནས་འདི་འདྲའི་སྡུག་པོ་ཤོད་ཀྱི་འདུག དེང་སང་སྐད་འཕྲིན་ནང་ལ་རྒྱལ་བ་རིན་པོ་ཆེར་ཁ་གཏོང་མཁན་མང་ཤོས་ཇོ་ནང་བ་ཚོ་ཆགས་བསྡད་འདུག ངོ་མ་སེམས་སྐྱོ་སོང་། ཇོ་ནང་བའི་ནང་ནས་གཙོ་བོ་ཡུ་རོབ་དང་ཨ་རིར་ཡོད་པའི་ཇོ་ནང་བ་དེ་ཚོ་རེད། བོད་ལ་བཞུགས་པའི་ཇོ་ནང་བ་ཚོས་ཚུར་ཁྱེད་ཚོ་འདི་འདྲ་མ་ཤོད་ཟེར་སློབ་གསོ་གཏོང་ནའང་ཉན་གྱི་མིན་འདུག ངོ་མ་དགྲ་དགའ་གཉེན་སྡུག་གི་ལས་རེད།
ཟུར་གནས་ལགས།
སྤྱིར་བཏང་ང་དྲ་འཛིང་བྱེད་རྒྱུར་དགའ་བོ་མེད་མོད། འོན་ཀྱང་ད་ལན་ཁྱེད་ལ་ལན་ཞིག་མི་ཞུ་ཐབས་མེད་བྱུང་།
ང་ཚོ་ཇོ་ནང་བའི་ངོས་ནས་༧གོང་ས་ལྷ་མིའི་རྣམ་འདྲེན་ཆེན་པོ་མཆོག་འདི་ཕྱི་གཉིས་ཀྱི་སྐྱབས་གནས་ཉག་གཅིག་ཏུ་བཟུང་ཡོད་པས་ཁོང་ལ་ཟུར་ཟ་ཞུ་རྒྱུའི་རྣམ་རྟོག་ཙམ་ཡང་སེམས་ལ་འཁོར་མ་མྱོང་ལགས། རྒྱ་གར་ལུང་བར་ཇོ་ནང་ཞེས་པའི་མཚན་གྱི་སྒྲ་ཙམ་གྲགས་པ་དེ་ཡང་ཁོང་གི་བཀའ་དྲིན་ཉག་གཅིག་ལ་བརྟེན་ནས་བྱུང་བ་རེད། གལ་ཏེ་ཁྱེད་ཀྱིས་ཐུགས་ལ་དེ་ལྟར་དགོངས་ཡོད་ན་དེ་ལ་གསལ་བཤད་ཙམ་ཞུས་པ་ཡིན། ཤེས་བཞིན་རང་གི་ཞེ་འདོད་བསྒྲུབ་ཆེད་ཡིན་ན། ཅི་དགར་གནང་རོགས།
ཀླུ་སྨྱོན་གྱིས། རྨོངས་དད་སྤེལ་བགྱིད་འདུག དམ་པས་ཆོས་གསུང་དུས། མ་ཅིག་ཆོས་ཉན་འཕྲོ་བཞག་ནས་ཕྱི་ལ་ཐོན་པ་ལས། འཕུར་བའི་ཁུངས་མེད་ཀྱང་། དམ་པས། ཁྱེད་ཚོ་འདིར་སྡོད་མཁན་ཚོས་ཚིག་དབང་ཙམ་ཐོབ་པ་ལས། མོས་དོན་གྱི་དབང་བླངས་ནས་ཕྱིན་སོང་ཞེས་བསྟོད་པ་ལས་མེད།
མི་ལའི་ཤྭ་གྲོལ་ཁྱི་གྲོལ་དང་། འདིར། སྲང་ཁའི་ཁྱི་ཚུན་ཆད་ལ་ཡེ་ཤེས་ཕེབས་པའི་རྣམ་འགྱུར་མང་དུ་བྱུང་། ཟེར་བ་ནི་སྟོང་སྐད་ཙམ་དུ་ཟད་དོ།།
འདིའི་ཐོག་ལ་དེ་ནས་ཕར། རྩོད་འདོད་མེད། ང་དད་མེད་ཀླ་ཀློ་རེད་ལབ་ན་ཡང་ལོབས།
ཀརྡོ། ངས་ཁྱོད་ལ་ཁུངས་དེ་མ་ཅིག་རྣམ་བཤད་ལས་སྤྲོད་ཡོང་།
བེ་རི་རིག་པའི་རྡོ་རྗེ་ལགས། ང་ཡང་དྲ་འཛིང་ཁྱོན་ནས་རྒྱག་མཁན་ཞིག་མིན། ཕྱིའི་སྣང་བ་གང་བྱུང་བ་དེ་ལ་ནང་གི་མྱོང་བ་ཐོན་པས། དེ་དྲ་ཐོག་ལ་བཀོད་པ་ཡིན། ངས་འདས་ཟིན་པའི་ལོ་ལྔའི་ནང་ལ་ཁ་བརྡ་འདིའི་སྟེང་ལ་མཆན་བརྒྱབ་ཡོད། དྲ་འཛིང་གཅིག་ཀྱང་མེད། ད་བར་ཇོ་ནང་བ་ཚོར་རྒྱབ་སྐྱོར་ཤ་སྟག་ལས་སྐྱོན་སྣེ་གཅིག་བཏོན་མྱོང་མེད། ཇོ་ནང་ཆོས་རྒྱུད་ལ་དད་པ་དང་གཙིགས་ཆེན་བྱེད་མཁན་ཞིག་ཡིན། ཇོ་ནང་ཁྲིད་བརྒྱ་དང་། རི་ཆོས་དེ་ཚོ་མཇལ་སྐབས་ངོ་མ་ཆོས་པ་རྣམ་དག་གི་ཆོས་རྒྱུད་ཅིག་རེད་ཨང་བསམས་ནས་དད་པ་སྐྱེ་བཞིན་ཡོད།
མི་དགའ་ས་འདི་དུས་འཁོར་དབང་ཆེན་གནང་སྐབས་ཡང་སེ་རྙོག་ཁྲ་དང་ཟུར་ཟ་ཐོན་ཡོང་གི་འདུག དེ་ཡང་ཡོངས་ཁུངས་དེ་ཇོ་ནང་བའི་མིང་འཛིན་བ་དེ་ཚོའི་ནང་ནས་རེད། སྔོན་མ་རྣམ་རྒྱལ་གྲྭ་ཚང་གི་གོང་ས་མཆོག་གིས་བཀའ་གནང་ནས་བཞེངས་པའི་དུས་འཁོར་གྱི་ཐང་ག་དེར་དཔུང་པ་འགྲིགས་མིན་འདུག་ཅེས་རྙོག་ཁྲ་བཟོས། རྗེས་མ་དེ་ཕྱི་རྒྱལ་བ་དེ་ཚོས་ཁ་ལ་ཁྱེར་ནས་གོང་ས་མཆོག་ལ་ཞུས་ནས། ཁོང་མི་བདེ་བ་བཟོས་སོང་།
དེ་ནས་གོང་ས་མཆོག་གི་དུས་འཁོར་དབང་ཆེན་དེ་ཁྲོམ་བསྒྲགས་ལས་དོན་དམ་པའི་སྐྱེད་རྫོགས་ཁྲིད་མིན་འདུག ཁོང་ལ་ཡང་སྐྱེད་རྫོགས་ཀྱི་ཉམས་ལེན་ཨེ་ཡོད་ལྟ་བུ་ཇོ་ནང་བ་ཚོའི་ནང་ནས་དྲ་རྒྱ་དང་སྐད་འཕྲིན་ལ་ཐོན་ནས་བཤད་སོང་། དེ་ཚོ་ཚང་མ་ཇོ་ནང་གི་ནང་ནས་ཡོང་གི་འདུག ཁྱེད་སྒེར་ལ་དམིགས་ཏེ་ཞུ་གི་མེད། ངས་ཇོ་ནང་བ་སྤྱི་ལ་ཡང་རྒྱུག་པ་ལེབ་རྡུང་བྱེད་ཀྱི་མེད། གོང་གི་མཆན་དེར་གཟིགས་རོགས།
ད་ནས་མི་བཤད།
ཟུར་གནས་ལགས།
གསལ་བཤད་དང་ཇོ་ནང་བར་རྒྱབ་སྐྱོར་གནང་བ་བཀའ་དྲིན་ཆེ་ཞུ། སྒེར་ལ་མཚོན་ལ་༧གོང་ས་ཡིད་བཞིན་ནོར་བུར་ཟུར་ཟ་ཞུ་རྒྱུའི་ཀུན་སློང་སྤུ་ཙམ་ཡང་མེད་ཅེས་ཞུ་ཐུབ། གལ་ཏེ་ཇོ་ནང་བ་ཞིག་གིས་༧གོང་ས་མཆོག་ལ་ཟུར་ཟ་བྱས་པ་ཡིན་ན། དེ་ནི་དྲིན་ལན་ལོག་འཇལ་བྱས་པ་རེད། ཡིན་ན་ཡང་། ༧གོང་ས་ཐམས་ཅད་མཁྱེན་པས་དུས་འཁོར་དབང་ཆེན་ནམ་གནང་སྐབས། ཁ་ཅིག་གིས་གོ་སྐབས་དེ་བཟུང་ནས་ལོ་རྒྱུས་ལ་འཁྱོག་བཤད་བྱས་ཡོང་དུས། རང་ཉིད་དུས་འཁོར་ལ་རྒྱུས་མངའ་ཅུང་ཟད་ཅིག་ཡོད་པའི་ཆ་ནས་ཅིག་ཞུ་ཤོར་འགྲོ་གིན་འདུག ངོ་མ་བཤད་ན། རང་ཉིད་ཀྱིས་གང་བྲིས་པ་དེ་དག་དྲང་བདེན་གྱི་སྐད་ཆ་ཞིག་ཞུས་པ་ཙམ་ལས་རྙོག་དྲ་བཟོས་པར་ངོས་འཛིན་ཞུ་ཡི་མེད།
དེ་སྔོན་སྐྱབས་མགོན་རྗེ་བཙུན་དམ་པས་རྒྱུ་ཡོན་སྦྱར་ཏེ་བཞེངས་པའི་དུས་འཁོར་སྐུ་བརྙན་དུས་འཁོར་ལྷ་ཁང་དུ་བཞུགས་པ་དེའི་ཐད་ཀྱང་རང་ཉིད་བར་གནས་ལྟ་བུར་བྱས་ཏེ། དྲང་བདེན་གྱི་སྐད་ཆ་བཤད་པ་ལས་༧གོང་ས་མཆོག་ལ་ཟུར་ཟ་རྩ་བ་ནས་ཞུས་མེད། དེ་མིན་སྐད་འཕྲིན་ཚོགས་པ་ཁག་ཏུ་ཇོ་ནང་པས་༧གོང་ས་མཆོག་ལ་ཟུར་ཟ་བྱེད་ཀྱིན་ཡོད་པ་རྣ་བས་ཐོས་མ་མྱོང་། ང་དེ་འདྲའི་སྐད་འཕྲིན་ཚོགས་པ་གཅིག་གི་ནང་དུ་ཡང་མེད། གང་ལྟར་ཀུན་སློང་ལ་སྐྱོན་མེད་ན་ཡང་ཚིག་སྦྱོར་དང་བཤད་ཚུལ་གྱི་དབང་གིས་༧གོང་ས་མཆོག་ལ་ཟུར་ཟ་ལྟ་བུ་རེ་ཤོར་ཡོད་ན། ༧གོང་ས་ཐམས་ཅད་མཁྱེན་པའི་དབུས་བརྒྱུད་ལྡན་བླ་མ་རྣམས་དང་། དེ་དག་གི་ཆོས་སྲུང་ཡེ་ཤེས་ཀྱི་སྤྱན་དང་ལྡན་པ་རྣམས་ཀྱི་སྤྱན་སྔར་མཐོལ་བཤགས་དང་། ཕྱིན་ཆད་དེ་འདྲའི་་ཚིག་ཟུར་ཙམ་ཡང་མི་ཡོང་བར་འབད་བརྩོན་ཞུ་ཡི་ཡིན། ལམ་སྟྟོན་གནང་བར་ཐུགས་རྗེ་ཆེ་ཞུ།
ར་འབྲོ་ལོ་ཙྪ་བ་རྣམ་གཉིས་ནི་ཇོ་ཞལ་རྣམ་པ་གཉིས་ལ་བརྒྱུད་པ་ཡིན། དུས་འཁོར་བསྒྱུར་མཁན་ལོ་ཙྪ་བ་༢༤ ནང་ནས་མཆོག་ཏུ་གྱུར་ལ་གཉིས་ཡིན།
རིག་པའི་རྡོ་རྗེ་ལགས་ཀྱི་དུས་འཁོར་བརྒྱུད་པ་གསལ་བོ་གསུང་སོང་ཐུགས་རྗེ་ཆེ། 🙏🙏🙏གཞན་ཡང་ལས་མཐུན་གྱི་དྲྭ་གྲོགས་འགའ་ལ་སྒོ་གསུམ་གུས་པའི་ཞུ་བྱ། ཁྱེད་རྣམ་པའི་དུས་འཁོར་གྱི་བརྒྱུད་པ་ཤེས་འདོད་ན་རྣམ་རྒྱལ་གྲྭ་ཚང་གི་དུས་འཁོར་ཆོ་གའི་བརྒྱུད་འདེབས་དང་སྨན་མཆོད་ལ་གཟིགས་པར་ཞུ། དེ་ལས་ལོ་རྒྱུས་དང་བཅས་པ་གསལ་བོ་ཤེས་འདོད་ན་རྗེ་བཙུན་ཐམས་ཅད་མཁྱེན་པ་ཏཱ་ར་ནཱ་ཐའི་དུས་འཁོར་ཆོས་འབྱུང་དང་དུས་འཁོར་ཁྲིད་ཡིག་དངོས་གྲུབ་ཉེར་འཚོ་དང་ཟུང་འཇུག་རབ་གསལ་སོགས་དང་། གོང་དུ་རིག་པའི་རྡོ་རྗེའི་དྲང་པའི་གོང་སྤྲུལ་ཤེས་བྱ་མཛོད་སོགས་་ལ་གཟིགས་པར་ཞུ་ཞུ། གཞན་ཡང་གོང་ཐང་ཚང་གི་ལོ་འགའི་སྔོན་ལ་བསང་ཁོག་དང་གོང་གསེར་མདོ་ནས་གསུང་པའི་དུས་དབང་གི་འོད་སྡེར་སོགས་ལ་གསན་པ་དང་༧གོང་ཐང་ཚང་གི་དུས་དབང་བརྒྱུད་པ་ལ་གསན་པར་ཞུ། གཞན་ཡང་བཀའ་བརྒྱུད་པའི་དུས་དབང་བརྒྱུད་པ་སོགས་ལ་ཞུབ་འཇུག་བྱེད་པར་ཞུ། ཞུབ་འཇུག་ཙམ་དང་ལོ་རྒྱུས་སྤུ་རྩེ་ཙམ་མ་ཤེས་ན་ཡིན་མིན་ཟེར་བ་སླ་མོ་ཞིག་གཏན་ནས་མིན། གཟུར་གནས་ལོ་རྒྱུས་ཀྱི་རྒྱབ་ལྗོངས་ས་བོན་ཏིལ་ཙམ་མེད་ན་འབྲས་བུ་ཡོད་སྲིད་དམ། དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཀྱིས། ས་བོན་མེད་པར་འབྲས་ཡོད་པ།། ཤེས་ལྡན་གང་གིས་སྒྲུབ་པར་ནུས།། གསུང་བ་ལྟར་ཐོག་མར་ལོ་རྒྱུས་ཀྱི་ས་བོན་བསག་ན་ད་གཟོད་ཤེས་པར་འགྱུར་རོ།། ཞུ་ཉེས་ཡོད་ན་དགོངས་འགལ་མེད་པར་ཞུ།
ཟུར་གནས་ལགས། དགེ་ལུགས་པའི་ཡི་དམ་ཞེས་པ་ཞིག་ཨེ་ཡོད་དམ། དགེ་ལུགས་པའི་བདེ་མཆོག་དང་མཁའ་སྤྱོད་ཀྱཻ་རྡོར་བཅས་ས་སྐྱ་པའི་རེད། དགེ་ལུགས་པའི་གསང་འདུས་དང་འཇིགས་བྱེད་བཀའ་བརྒྱུད་པའི་རེད། དགེ་ལུགས་པའི་དུས་འཁོར་ཇོ་ནང་པའི་རེད། དགེ་ལུགས་པའི་གཅོད་ཞི་བྱེད་པའི་ཕ་ཆོས་རེད། འཇམ་དབྱངས་ཆོས་སྐོར་ཙམ་མ་གཏོགས་དགེ་ལུགས་རང་རྐང་གི་ཡི་དམ་ཞེས་པ་ཞིག་ཡོད་པ་ངས་མི་ཤེས།
ངེད་ནས་ཆ་ཚང་ཅིག་བཀླགས་པ་ཡིན། དོགས་པ་མང་བོ་ཞིག་བྱུང་། ང་རང་དུས་འཁོར་ལ་རྒྱུས་དེ་ཙམ་མེད་ལ། ད་རེ་དབང་ཞུ་བར་ཡང་སོང་མེད།
༡༽་་་་བུ་ཇོ་གཉིས་ཅེས་དུས་འཁོར་གྱི་བརྒྱུད་པ་མི་འདྲ་བ་གཉིས་བྱུང་བ་བོད་ཀྱི་ལོ་རྒྱུས་ན་བཀོད་ཡོད་ཀྱང་བུ་སྟོན་ཇོ་ནང་ཀུན་སྤངས་པའི་སློབ་མ་ཡིན་པ་ར་སྤྲོད་གསལ་བོ་བྱུང་མ་སོང་བསམ་ཡོད། ཇོ་ནང་ཀུན་སྤངས་ཐུགས་རྗེ་བརྩོན་འགྲུས་ ༡༢༤༣-༡༣༡༣ དང་། བུ་སྟོན་རིན་ཆེན་གྲུབ་ ༡༢༩༠-༡༣༦༤ ཡིན་པའི་རྒྱུ་མཚན་ཨེ་རེད།
༢༽་་་་་དུས་འཁོར་ལ་རྭ་ལུགས་དང་ཡེ་ཤེས་ཞབས་ལུགས་ཟེར་བ་ཡོགས་ཀྱང་ཡོད་པ་འདྲ། དུས་འཁོར་གྱི་ལུགས་ཡིན་ན་ཇོ་ལུགས་ཡིན་པའི་ཁྱབ་པར་བཞེད་པ་རེད་དམ། དེ་འདྲ་རེད་དམ། གོང་གི་རྩོམ་ལ་བལྟས་ན་དེ་འདྲ་ཞིག་མིན་ནམ་སྙམ།
༣༽་་་གོང་གི་རྩོམ་ཡིག་བཀླགས་ཡོང་དུས་
#4 ཟུར་གནས་ ་ལགས་ཀྱིས་སྤེལ་དོན།:
January 9th, 2017 at 2:12 pm
བཤད་པ་ལྟ་བུའི་བསམ་ཚུལ་ཞིག་ང་ལ་ཡང་བྱུང་།
འོག་ནས་
#5 རིག་པའི་རྡོ་རྗེ། ་ལགས་ཀྱིས་སྤེལ་དོན།:
January 9th, 2017 at 2:29 pm
ཚིག་ཐོག་ནས་བསྡད་མ་སོང་། དེ་འདྲ་བཤད་ན་དྲང་བོ་མ་རེད་སྙམ།
༤༽་་་དོལ་བོ་ཆོས་འབྱུང་སོགས་དུས་རབས་ནམ་ཞིག་ལ་བརྩམས་པ་དང་། སུས་བརྩམས་པ་དང་། རྩོམ་པ་པོ་སུ་ཡིན་སོགས་ཤེས་འདོད་འདུག གསུང་ཆོག་ན་ཁ་གསལ་ཅིག་གསུང་རོགས།
༥༽་་་་ཡུ་མོ་མི་བསྐྱོད་དང་དོལ་བོ་སོགས་ལ་ལ་རྒྱུས་མེད་ཀྱང་རིག་པའི་རྡོ་རྗེའི་བཤད་སྟངས་ལ་བལྟས་ན་ལྟ་བ་དང་སྒོམ་པ་གང་རུང་ཞིག་ཡག་པོ་ཡོད་་ན་ལྟ་སྒོམ་སྤྱོད་གསུམ་གཙང་བར་ཁས་ལེན་དགོས་ཀྱི་ཡོད་པ་ལྟ་བུ་ཞིག་བཤད་ཀྱི་ཡོད་པའི་ཚོར་སྣང་བྱུང་། དེ་འདྲ་མི་རུང་སྙམ། དེ་ལ་མུ་བཞི་འཇོག་དགོས་ཀྱི་འདུག་སྙམ།
བཀླགས་པས་འཆར་སྣང་ཙམ་ཞུ་བ་ཡིན། ནོར་ཡོད་ན་དགོངས་དག་ཞུ།
སྔོན་ཆད་དུས་འཁོར་འདི་ནང་ཆོས་ཡང་དག་ཡིན་མིན་པ་རྩོད་པ་ཡང་བྱུང་མྱོང་ཡོད་པ་འདྲ་བས་དེའི་སྐོར་ནས་ཤེས་མཁན་ཡོད་ན་གསུང་རོགས། གང་ཡིན་ཟེར་ན་དེའི་སྐོར་ལ་ཤེས་འདོད་བྱུང་།
ཡ་་ཡ་་་ད་མང་བོ་མི་ཞུ།
བདེ་མཆོག་མཁའ་སྤྱོད་ཀྱཻ་རྡོར་རྟ་མགྲིན་དང་། །
གསང་འདུས་འཇིགས་བྱེད་དུས་འཁོར་སྒྲོལ་དཀད་སོགས། །
གཅོད་ཞི་འཇམ་དབྱངས་ཆོས་སྐོར་ཚོགས་ཡོད་པ། །
བཀའ་གདམས་དགེ་ལྡན་དགེ་ལུགས་བཀྲ་ཤིས་ཤོག །
ཀརྡོས།
བེ་རི་རིག་པའི་རྡོ་རྗེས་བློ་གཟུ་བོར་གནས་པའི་བཤད་པ་གནང་བར་ཐུགས་རྗེ་ཆེ་ཞུ། །
དུས་འཁོར་དབང་ཆེན་བཅོམ་ལྡན་འདས་ཀྱིས་མི་ཡུལ་ནས་མིའི་རྒྱལ་པོ་འཁོར་བཅས་ལ་ཁྲོམ་དབང་བྱས་པའི་རྒྱུད་སྡེ་གཅིག་པོ་ཡིན་སྲིད་པས་དང་པོ་ནས་བླ་མེད་རྒྱུས་གཞན་དང་བསྡུར་ན་གསང་བ་ཆེར་བྱས་མི་འདུག
ཇོ་ནང་ལ་བརྒྱུད་མེད་པ་དུས་འཁོར་དབང་ཆེན་རྡོ་རྗེ་ཕྲེང་བའི་ལུགས་དེ་གཅིག་པོ་རེད། དེའི་བརྒྱུད་སྲོལ་ཇོ་ནང་ལ་ཡོད་ཀྱང་ཇོ་ནང་ལས་བརྒྱུད་པའི་ངེས་པ་མེད། དུས་འཁོར་ཐད་ཀར་འབྲུག་འབྲི་སྟག་ཐམས་ཅད་ཇོ་ནང་གི་བརྒྱུད་པ་ཡིན་པར་ཁོ་བོས་སྨྲ། གུང་ཐང་ཚང་གི་བརྒྱུད་པ་པཎ་ཆེན་དགུ་པ་མཆོག་རེད། རྙིང་མ་དང་བོན་པོའི་ཆོས་བརྒྱུད་རེ་ཟུང་མ་གཏོགས་ཇོ་ནང་གི་ཆོས་བརྒྱུད་ལ་འབྲེལ་བ་མེད་པ་ཞིག་ཡོད་ཚོད་མི་འདུག བཤད་དགོས་ན་དགེ་བཤེས་ཚོ་མཁས། འདོན་དགོས་ན་གྲོང་ཆོག་པ་བཟང་། སྒོམ་དགོས་ན་མཚམས་པ་ལ་ཡོད། སྔགས་ནུས་ནི་སྔགས་པ་ཚོ་དྲག གཙོ་ཆེ་བ་དེ་འདྲ་རེད། གཅིག་ལ་ཀུན་འཛོམས་པ་ཡང་ཡོད། ཀུན་ཤེས་གཅིག་སྡུག་ཡང་མང་། མདོར་ན་རང་རང་གི་ས་ན་བཟང་ས་རེ་ཡོད་ངེས་པ་རེད། དགེ་བཤེས་མཁས་པ་དང་རྩོད་པ་བྱེད་པ་མཇལ་མྱོང་། སྔགས་པ་ནུས་ལྡན་དང་མཐུ་ནུས་འགྲན་པ་མཇལ་མྱོང་། རིག་གཅིག་རྐང་འཛིན་ཚོར་བསྡུར་ཐབས་མི་འདུག ཇོ་ནང་ཡང་དུས་འཁོར་ཆ་ནས་རིག་གཅིག་རྐང་འཛིན་བྱས་ཀྱང་ཆོག ཁོ་ཚོའི་ཁྱད་ཆོས་དེ་གོ་སྐབས་ཡོད་དུས་སྟོན་འོས། བཤད་དུས་གདོང་ཐུག་གླེན་འཛིང་མ་བྱས་ན་བདེན་པ་བཤད་པ་སྐྱོན་བརྗོད་དུ་ག་ལ་འགྱུར། གལ་སྲིད་སྐྱོན་དུ་བཟུང་ན་རང་ཉིད་ཀྱིས་བླུན་རྟགས་སྟོན་པ་ལས་འོས་མེད་དོ། །
ངས་དཔལ་དུས་ཀྱི་འཁོར་ལོ། ཡོངས་བསྒྲགས་དང་གསང་བའི་གཞི་མཐུན་ཞེས་པ་སྤྱི་ལོ་ཉེས་སྟོང་བཅུ་བཞིའི་ལོའི་ལ་དྭགས་དུས་དབང་དང་འབྲེལ་བའི་རྩོམ་ཡིག་ཅིག་བྲིས་པའི་ཁུལ་ཡིན། འོན་ཀྱང་རྒྱ་ཡིག་མ་གཏོགས་བོད་ཡིག་ཐོག་ལ་མེད། རྒྱ་ཡིག་འདི་བརྒྱུད་ལམ་མང་པོ་ཞིག་གི་ཉེ་ཆར་ཡང་འདྲེན་བཀོལ་མང་པོ་བྱས་སོང་།
ཡེ་ཤེས་པ་འབབ་པའི་སྐོར་འདི་དུས་འཁོར་དབང་ལེར་དམིགས་བསལ་རྫས་དང་སྔགས་དང་ཏིང་ངེ་འཛིན་སོགས་དང་འབྲེལ་བའི་འབེབས་ཐབས་འགའ་རྒྱས་པར་ཡོད་སྙམ།
སྤྱིར་རྩོམ་ཡིག་འདི་ཡག་པོ་འདུག བློ་སྐྱེད་ཀྱང་མང་པོ་བྱུང་། འོན་ཀྱང་། བརྒྱུད་པ་མི་འདྲ་བ་ཟེར་བ་དེ་གང་ཟག་དམིགས་བསལ་བས་ཁྱད་པར་ཅན་གྱི་བསད་སྲོལ་དང་མན་ངག་ལ་རྟེན་ནས་འཇོག་པ་ཞིག་རེད། དེས་ན་བུ་སྟོན་གྱི་བརྒྱུད་པ་ཇོ་ནང་པ་ལས་བྱུང་བ་དང་།་བུ་ལུགས་ལོགས་སུ་བྱུང་བ་གཉིས་འགལ་བ་ཆེར་ཡོད་མི་དགོས་པ་འདྲ། འོན་ཀྱང་མང་པོ་ཞུ་མི་ཤེས་ལགས།
ཁྱད་པར་ཅན་གྱི་བཤད་སྲོལ་་་་བཅོས་
མི་ནས་མིར་བརྒྱུད་པའི་དབང་རྒྱུན་དང་ལུང་རྒྱུན་ལ་དམིགས་བསལ་འཇོག་རྒྱུ་མེད། ཡེ་ཤེས་ལྡན་པའི་དག་སྣང་གི་བརྒྱུད་པ་སོ་སོ་རེད། མན་ངག་རྩལ་དུ་འདོན་ཚུལ་ལས་བརྒྱུད་པ་གྱེས་པ་མང་། དཔེར་ན་བཀའ་བརྒྱུད་ཆེ་བཞི་ཆུང་བརྒྱད་ལྟ་བུ་རེད། བུ་ཇོ་གཉིས་ཀྱིས་གཞུང་ལུགས་བགྲོ་གླེང་དང་རྩོད་པ་བྱུང་བ་ལས་བརྒྱུད་པ་གཅིག་རེད། རྡུང་ཕྱག་ལེན་རེ་དང་ལྷ་གནས་བརྩི་ཚུལ་རེ་ལས་ཁྱད་པར་ཆེར་མེད། དགེ་ལུགས་དང་ཇོ་ལུགས་ཁྱད་ཆེ། མཁས་གྲུབ་རྗེའི་དུས་འཁོར་འགྲེལ་ཆེན་དུ་ཁྱད་པར་སུམ་བཅུ་རྩ་གྲངས་བཞག་ཡོད་སྙམ། གཙོ་བོ་བུ་ལུགས་ཟེར་བ་ལས་མཁས་གྲུབ་རྗེ་དོན་དུ་བྱང་ལུགས་རེད་འདུག བུ་ལུགས་བཐ་སྙོམ་བྱས་ཏེ་སུ་འབྲངས་མེད་པའང་དུ་མ་ཡོད། འགྲེལ་བ་དང་མན་ངག་ལ་དགེ་ལུགས་ལ་ཁྱད་ཆོས་ཤིག་ཡོད་པ་སུས་ཀྱང་མ་གོ་འདུག དགེ་ལུགས་མཁས་པ་ཚོས་ཀྱང་བུ་ལུགས་ཡིན་རྐྱང་གསུང་གི་འདུག མཁས་གྲུབ་རྗེའི་དུས་འཁོར་དཀྱིལ་ཆོག་ཏུ་བུ་སྟོན་རིན་པོ་ཆེའི་ཕྱག་བཞེས་རྣམ་པར་དག་པ་ཡིན་གསུང་ཡོད། དོལ་ལུགས་དང་ཅུང་མི་འདྲ། ཆོ་ག་རྩ་བ་ཡིན་པས་དེའི་རྗེས་སུ་འབྲངས་དགོས་པ་ཡིན་ནམ། ཇོ་ནང་སྦྱོར་དྲུག་བླ་བརྒྱུད་དུ་བཞུགས་པའི་གྲུབ་ཆེན་ཀུན་བློ་བུ་སྟོན་གྱི་སྤྲུལ་སྐུ་རེད། ཁོང་ཉ་དབོན་པའི་སློབ་མ་རེད། ཇོ་ནང་གི་གདན་ས་པའང་བྱས་འདུག གཅིག་གམ་ཐ་དད་དུ་འདོད་རང་གི་མོས་པ་དག་བསྟུན་རྒྱུ་ལས་ལྷག་མེད། བྲེལ་བ་ཆེ་བས་ཞུ་ལོང་དེ་ཙམ་གྱིས་ཅོག་ཤེས་པར་བྱ།
བྲེལ་བ་ཆེ་བས་ཡིག་ནོར་མང་པོ་ཤོར་བ་དགོངས་འགལ་མེད་པར་ཞུ། བཅོས་ཐུབ་མ་སོང་།
་་་་་་་་་ ཇོ་ནང་སྦྱོར་དྲུག་བླ་བརྒྱུད་དུ་བཞུགས་པའི་གྲུབ་ཆེན་ཀུན་བློ་བུ་སྟོན་གྱི་སྤྲུལ་སྐུ་རེད། ་་་་་་་་་
དཔལ་དུས་ཀྱི་འཁོར་ལོའི་ལོ་རྒྱུས་ཞིབ་ཕྲ་གནང་བར་བཀའ་དྲིན་ཆེ་ཞུ།
དྲ་ཐོག་འདིའི་ནང་༧སྐྱབས་མགོན་རིན་པོ་ཆེ་ལ་མཚན་སྨད་ཞུ་གི་འདུག་ཟེར་ནས་དོན་མེད་རྙོག་མ་གཏིང་སློང་གིས་རྒྱལ་བ་ཇོ་ནང་པ་སྤྱིའི་སྟེང་དུ་མདུང་རྩེ་གཏད་ཅིང་དབྱུག་པ་ལེབ་བརྡུང་བྱེད་པ་འདིའི་རིགས་མཚམས་འཇོག་གནང་རོགས།
དད་པ་ལོག་སྤྱོད་མ་གནང་རོགས་ཞུ། ཐུགས་རྗེ་ཆེ།
ཇི་སྐད་དུ།
ཆད་པ་མེད་པའི་རྡོ་རྗེའི་ཨེ་ཝམ་གདངས། །
ཆོས་དབྱིངས་མཁའ་ལས་མ་གཡོས་བསྒྲགས་པ་ཡིས། །
འགྲོ་བ་འདི་དག་མ་རིག་གཉིད་བསླངས་ཏེ། །
དཔལ་ལྡན་དུས་ཀྱི་འཁོར་ལོའི་སར་འགོད་ཤོག །
དྲི་མེད་ལྷག་བསམ་ལགས།
ཇོ་ནང་པ་གྲུབ་ཆེན་ཀུན་དགའ་བློ་གྲོས་ཐམས་ཅད་མཁྱེན་པ་བུ་སྟོན་རིན་པོ་ཆེའི་སྐུ་སྐྱེ་ཡིན་ཚུལ་ཁོང་གི་རྣམ་ཐར། གྲུབ་ཆེན་འཇམ་པའི་དབྱངས་ཀུན་དགའ་བློ་གྲོས་རྒྱལ་མཚན་དཔལ་བཟང་པོའི་རྣམ་ཐར་བྱིན་རླབས་ཀྱི་ཆ་རྒྱུན་ཞེས་བྱ་བར་གསལ་བོར་འདུག་ལགས།
“རྗེ་གྲུབ་ཆེན་དེ་ཉིད་ཡུམ་གྱི་མངལ་ན་བཞུགས་དུས། ཡུམ་ལ་ཐུགས་དམ་ཤིན་ཏུ་འཕེལ་བ་དང་། སྐུ་བདེ་བས་གང་བ། བྱང་སེམས་ཆེན་པོ་ཡོད་པ། མཚན་ལྟས་བཟང་པོ་མང་པོ་དང་། ཁྱད་པར་དུ་ཞ་ལུ་ནས་ཡོངས་པ་ཡིན། གནས་གཅིག་གཡར་དང་ཟེར། བཙུན་པ་པཎྚི་ཏའི་ཆ་ལུགས་བྱས་པ་གཅིག་བྱུང་། བུ་སྟོན་རིན་པོ་ཆེ་གཤེགས་པ་དེ་ངེད་ཀྱི་མངལ་དུ་བྱོན་པ་ཡིན་ནམ་གསུང་། དེ་སྟོབས་ཀྱིས་སྐུ་ཆུང་ནས་ཐམས་ཅད་མཁྱེན་པའི་སྐྱེ་བ་ཡིན་ཞེས་གྲགས་པ་ཆེན་པོ་བྱུང་བས། པས་མ་འོད་ཟེར་ན་རེ། རྗེ་འདི་གསུང་འབྱོན་པ་ཡོང་ཙམ་ན། བཙུན་པ་གཅིག་ང་རི་ཕུག་པ་ཡིན་གྱིས་ཡུམ་སྲས་ལ་མཇལ་བ་ཡིན་ཞུས་དང་ཟེར་བྱུང་བས། གདོང་ལྷག་མཐོང་བ་དང་། ངའི་དགེ་སློང་ཉི་མ་ཡོངས་པས། རི་ཕུག་པ་རྣམས་ཅི་བྱེད་ཀྱི་ཡོད། ངའི་བུམ་པ་དང་། མེ་ཏོག་ར་བ་རྣམས་ལ་གནོད་པ་མ་བྱུང་ངམ། ཁྱོད་ལ་སྒྲོལ་མའི་དབང་གཅིག་དགོས་ཟེར་བ་ད་བྱ་ཡི་པ་པས་གསུངས་པ་དང་། ཁོང་ཀྱང་ཕྱག་འཚལ་ཞབས་ལ་འཇུས་ནས་ངུ་བྱེད་ཀྱིན་འདུག སྐུ་མདུན་ན་སྤྱི་བླུགས་ཡོད་པས་བུམ་པའི་ཚབ་མཛད། བྲམ་ཟེའི་ཁ་རྒྱུན་རྟོགས་བསྲུང་སྐུད་བྱས་ནས་དབང་གི་ཚིག་ཐར་ཐོར་འདྲ་གསུང་གིན་མགོ་ལ་ཆུ་བླུགས། སྐུད་པ་འདོད་མཛད་དུས། ཁོང་ནས་འདི་ཐམས་ཅད་མཁྱེན་པའི་སྐུ་སྐྱེ་ཡིན་མིན་ལས་འདས་འདུག ངས་ཆོས་རྗེ་རིན་པོ་ཆེ་སྐུ་མ་གཤེགས་ཙམ་ལ། སྒྲོལ་མའི་དབང་གཅིག་གསོལ་བ་བཏབ་པ་ཡིན་ཏེ། མ་ཐོབས་པར་གཤེགས་པ་ཡིན།” ཞེས་དང་། ཡང་། རྣམ་ཐར་དུ། “དེ་དུས་རི་ཕུག་ན་སྒྲུབ་པ་ལྷུན་བཟང་ཞེས་པའི་ཐུགས་དམ་བཟང་པོ་ཅིག་ཡོད་པའི་ཉམས་ལྟས་སུ། རི་ཕུག་ནས་འོད་ཆེན་པོ་འཐོན་སོང་ནས་ཉང་སྟོད་དུ་རྣལ་འབྱོར་མ་ཅིག་ལ་ཐིམ་སོང་། ཐམས་ཅད་མཁྱེན་པ་གཤེགས་ཡོད་པ།” ཞེས་གསུངས།
ཡང་རྣམ་ཐར་ལས། “བློ་ཆུང་འགའ་ཞིག་གི་སེམས་ལ་བུ་སྟོན་ཆེན་པོའི་སྐུ་སྐྱེ་ཡིན་ན། ཇོ་ནང་པའི་གྲུབ་མཐའ་འཛིན་པ་བསམ་ན། སྔོན་རྒྱ་གར་དུའང་གྲུབ་ཆེན་བརྒྱད་ཅུའི་ནང་དུ་ཡང་འགའ་ཞིག་གིས་རེས་འགའ་དྲང་དོན་གཙོ་བོར་སྟོན་པའི་སྐུ་སྐྱེ་བཞེས། ལ་ལར་ངེས་དོན་གཙོ་བོར་སྟོན་སྟོན་མཛད་པ་དང་། སངས་རྒྱས་ཀྱིས་ཀྱང་། མདོ་ལ་ལར་ཡོད་ཅེས་གསུངས་པ་དང་། ལ་ལར་མེད་ཅེས་སྟོན། དགོངས་ལྡེམ་དགོངས་བརྒྱ་སོགས་གང་འདུལ་དུ་གསུངས་པའི་ཕྱིར་དང་། ཁྱད་པར་བུ་དོལ་གཉིས་མཁས་པ་གུང་མཐུན་ཏེ། བུ་སྟོན་པས་ངེས་དོན་གཙོ་བོར་སྟོན་པའི་སྐབས་རྣམས་དང་། ཁྱད་པར་དུ་སྦྱོར་དྲུག་གི་ངོ་སྤྲོད་སོགས་སུ་ཇོ་ནང་པ་དང་དབྱིངས་གཅིག་པར་ཤིན་ཏུ་གསལ་བར་བསྟན་པ་རྣམས་ལ་གཟིགས་འཚལ།” ཞེས་གསུངས་འདུག་ལགས། ཐུགས་རྗེ་ཆེ།
མཁན་ཆེན་རྫ་ཚེ་རིང་བཀྲ་ཤིས་ལགས།
ཡེ་ཤེས་དབབ་པ་ཞེས་པ་ནི། དབང་གི་སྐབས་ཡེ་ཤེས་དབབ་པ་ཟེར་བ་ཞིག་ཡོད་པ་དེ་རེད་ལགས། འཇམ་དཔལ་མཚན་བརྗོད་ལས། “རྡོ་རྗེ་འབེབ་པ་འབེབ་པ་ཆེ།།” ཞེས་གསུངས་པ་ལྟར། དུས་འཁོར་རྒྱུད་འགྲེལ་དང༌། དཀྱིལ་འཁོར་གྱི་ཆོ་ག་ཡེ་ཤེས་རྒྱ་མཚོ་གཉིས་ཀྱིས་དངོས་སུ་བསྟན་ཡོད། རྒྱུད་འགྲེལ་ལས་ཁྲོ་བོ་འབེབ་པར་གསུངས་པ་ལྟར། དཀྱིལ་ཆོག་ལས་ཀྱང་ཁྲོ་བོ་ཕེབས་ཚུལ་དང༌། དེ་བཞིན་ཇོ་ནང་ལོ་ཙྪ་བ་བློ་གྲོས་རྣམ་གཉིས་ཀྱིས་ཀྱང་ཁྲོ་བོའི་གཙོ་བོ་ཉིད་ཡིན་པའི་ཕྱིར་རྡོ་རྗེ་ཤུགས་སུ་བསྐྱེད་པར་མཛད་ཅིང་། གཞན་ཡང་དུས་འཁོར་བ་ཕལ་ཆེར་དེ་ལྟར་བཞེད།
ཡེ་ཤེས་དབབ་པའི་སྐབས་སློབ་མའི་ལྕེ་ལ་དམ་རྫས་བདུད་རྩི་ལྔ་བཞག བདུད་རྩི་ལྔ་དང་སྒྲོན་མ་ལྔ་བསྒྲུབ་པའི་སྤོས་བདུག་ཅིང༌། རོལ་མོ་དཀྲོལ། སློབ་མ་དམིགས་པ་སྒོམ་དུ་བཅུག སློབ་དཔོན་གྱིས་ཏིང་ངེ་འཛིན་གྱིས་གཟེར་བས་སློབ་དཔོན་རང་བྱིན་གྱིས་རླབས་པ་དང་ལྡན་ན་ངེས་པར་འབབ་པར་འགྱུར། དེ་ཡང་སྔགས་ལ་སོགས་པའི་གྲངས་བཤད་ཚོད་དང་མཐུན་པ་དང༌། དཔོན་སློབ་གཉིས་ཀར་དམིགས་པ་ལས་མ་ཡེངས་པར་བྱ་བ་གལ་ཆེ།
ཡེ་ཤེས་ཕེབས་པའི་རྟགས་ནི། དུས་འཁོར་དབང་ལེའི་གྱ་དགུ་པ་སོགས་ལས། “ཁྲོ་བོའི་རྒྱལ་བོ་ཕེབས་ན་མཚོན་ཆས་མཛེས་པའི་ལག་པ་དག་གིས་བདུད་ཀྱི་ཚོགས་ལ་སྡིགས་བྱེད་ཅིང༌།། གཡོན་བརྐྱང་ལ་སོགས་སྟབས་རྣམས་དང་ནི་རྣམ་སྣང་བྱེད་པ་རྣམས་ཀྱིས་རྡོ་རྗེའི་གར་གྱིས་གར་བྱེད་དེ།། བཞད་དང་ཧཱུྃ་གི་ཡི་གེ་འདྲེས་པས་དགྲ་ལ་འཇིགས་པ་སྟེར་པ་དང་ནི་རྡོ་རྗེའི་གླུ་ཡང་བྱེད།། ངོ་ཚ་མེད་ཅིང་དོགས་པ་མེད་པར་འགྱུར་ཏེ་ཡོན་ཏན་དབང་གིས་ལྷ་གཞན་རྣམས་ཀྱང་ཞི་བའོ།། སྐུ་ཕེབས་པས་ནི་རྣལ་འབྱོར་ལྡན་པ་རང་བཞིན་ཡོན་ཏན་དབང་གིས་སྐུ་ཡི་བྱ་བ་བྱེད་པ་སྟེ།། གསུང་ཕེབས་པས་ནི་ལྷ་དང་འབྱུང་བོ་ལྷ་མིན་རྣམས་ལས་རྣམ་པར་རྒྱལ་བའི་སྨྲ་བ་པོ་རུ་འགྱུར།། ཐུགས་ཕེབས་པས་ནི་གཞན་གྱི་སྙིང་ལ་གནས་པ་དག་དང་འབྱུང་བ་ཐམས་ཅད་ཤེས་པར་འགྱུར།། ཡེ་ཤེས་ཕེབས་པས་སངས་རྒྱས་བླ་མ་ཡི་ཡང་རྫུ་འཕྲུལ་ལྡན་པའི་སྟོན་པ་གཅིག་པུར་འགྱུར།། ས་ཕེབས་པས་ནི་རྣལ་འབྱོར་བ་དག་རི་དང་མཚུངས་པར་འགྱུར་ཏེ་ཆུས་ཀྱང་བསིལ་བར་རབ་ཏུ་འགྱུར།། མེ་ཕེབས་པས་ནི་སྲེག་པར་འགྱུར་ཏེ་རླུང་གིས་ཀྱང་ནི་དེ་བཞིན་སྐམ་པ་དག་ཏུ་རབ་ཏུ་འགྱུར།། སྟོང་པ་ཕེབས་པས་མི་སྣང་བར་འགྱུར་པ་སྟེང་དུ་ནི་མཁའ་ལ་སྤྱོད་པ་ཉིད་དུ་རབ་ཏུ་འགྱུར།། དེ་བཞིན་གཟུགས་ལ་སོགས་པ་ཐམས་ཅད་རང་བཞིན་ཡོན་ཏན་དབང་གིས་རིམ་པ་ཡིས་ནི་རིག་པར་བྱ།།” ཞེས་གསུངས་པར་ལྟར། སྐུ་རྡོ་རྗེ་ཕེབས་པས་སྐུའི་བྱ་བ་བྱེད་པ་ནི་ལྷའི་སྐུ་མཐོང་བ་དང༌། གསུང་ཕེབས་པས་མ་བསླབ་པའི་སྐད་སྨྲ་བ་དང༌། ཐུགས་ཕེབས་པས་མངོན་ཤེས་ཅུང་ཟད་འཆར་བ་དང༌། ཡེ་ཤེས་ཕེབས་པས་རྫུ་འཕྲུལ་ཅི་རིགས་པ་སྟོན་པ་སོགས་སྐབས་དེར་འབྱུང་བ་ཡིན་ལ། དེ་ལྟར་ཡེ་ཤེས་ཕེབས་པ་དེ་ཕྱིས་བསྒྲུབ་ན་ཚེ་དེ་ཉིད་ལ་སྐུ་ཕེབས་ནས་ནམ་མཁར་འགྲོ་ཞིང༌། ས་འོག་ཏུ་འཇུག་པ་དང༌། གསུང་ཕེབས་ན་འཇམ་དཔལ་ལྟར་སྨྲ་བའི་དབང་ཕྱུག་ཏུ་འགྱུར་བ་དང༌། ཐུགས་ཕེབས་པ་ལ་དུས་གསུམ་ཤེས་པ་དང༌། དེ་བཞིན་དུ་ཡེ་ཤེས་ཕེབས་ན་རབ་ཀྱི་ཚེ་དེ་ཉིད་ལ་ས་བཅུའི་དབང་ཕྱུག་ཏུ་འགྱུར་ལ། ཐ་མ་དབང་པོ་ཇི་ལྟར་བརྟུལ་ཡང་དེ་རྫུ་འཕྲུལ་ལ་སོགས་པ་མངོན་ཤེས་ལྔ་དང་ལྡན་པའི་རིག་པ་འཛིན་པར་ནི་འགྱུར་ཚུལ་ཡོད།
དེ་ལྟར་ཡེ་ཤེས་འབེབ་པ་ཡང་སློབ་དཔོན་དེ་ལྷའི་རྣལ་འབྱོར་བརྟན་པ་དང༌། སྔགས་ཀྱི་བཟླས་པ་མཐར་ཕྱིན་པས་ཀྱང་ཡིན་ལ། ངེས་པར་ན་ཐིག་ལེ་བརྟན་པའི་དམ་ཚིག་ལ་གནས་པ་དང༌། སྟོང་གཟུགས་ཀྱི་རྣལ་འབྱོར་ལ་བརྟན་པ་ཐོབ་པ་དགོས་པ་དང༌། སློབ་མའི་རྒྱུད་དག་པ་རྣམས་འཛོམ་ན། འདི་ལྟ་བུའི་ཡེ་ཤེས་པ་མཆོག་རྣམས་ཕེབས་པར་འགྱུར་གྱི་གཞན་དུ་ནི་མ་ཡིན་ལ། གཞན་འཇིག་རྟེན་པའི་མཁའ་འགྲོ་མ་དང་སྲིན་པོ་སོགས་འབེབས་པ་ནི། བྱིས་པ་རྣམས་ཡིད་ཆེས་བསྐྱེད་པ་ཙམ་དུ་ཟད་ཀྱི་འབྲས་བུ་མཆོག་ཏུ་མི་ཐོབ་སྟེ། དེ་ཙམ་དུ་དཀོན་པ་དང་དཀའ་བ་ཡང་མ་ཡིན་ཏེ། ཀུན་མཁྱེན་དོལ་པོ་སངས་རྒྱས་ཀྱིས། “ཡེ་ཤེས་ཕེབས་ནས་བདག་འཛིན་འགག་པ་དང་།།” ཞེས་གསུངས་པའི་ཕྱིར་རོ།།
བོད་ནང་དུ་ཇོ་ནང་དགོན་སྡེ་ཁག་ཏུ་མཚོན་ན། སྒྲུབ་གྲྭ་བ་རྣམས་ཀྱིས་འཁོར་བའི་ལོ་གསུམ་ཕྱོགས་གསུམ་རིང་དུས་འཁོར་སྦྱོར་དྲུག་བསྒོམ་སྐབས། ཐུན་མིན་སྔོན་འགྲོ་དབེན་པ་གསུམ་གྱི་ལུས་ཕུད་འབུལ་བ་ནས་བཟུང་ཡེ་ཤེས་འབེབ་མཁན་མང་དུ་ཡོད་པས། ཇོ་ནང་པ་ཚོར་མཚོན་ན་འདི་ནི་ཆེས་རྒྱུན་ལྡན་ཞིག་ཡིན། རྣམ་པ་ཚོར་ཇོ་ནང་གྲྭ་བ་ངོ་ཤེས་ཡོད་ན་དྲིས་དང་གསལ།
ཕྱི་ལོ་ ༡༩༩༦ ལོར་ཨ་ལགས་ཐར་ཤུལ་ཡོངས་འཛིན་རིན་པོ་ཆེ་མཆོག་གིས་དུས་འཁོར་དབང་ཆེན་གནང་སྐབས། ང་དང་ངའི་དགེ་གྲོགས་མང་པོ་ཞིག་དེར་བཅར་ནས་དབང་ཞུ་རྒྱུའི་སྐལ་བཟང་བྱུང་། དེ་དུས་སྤྲུལ་སྐུ་རྡོ་རྗེ་མགོན་པོ་སོགས་འགའ་ཞིག་ལ་དབང་གི་ཡེ་ཤེས་དབབ་པའི་སྐབས། ཡེ་ཤེས་ཕེབས་ཏེ་ཕཊ་དང་ཕེཾ་ཞེས་གསུངས་ཤིང་། འབེབས་བརྡབས་པས་དགེ་ལྡན་པའི་གྲྭ་བ་རྣམས་ཧང་སངས་ནས་སྨྱོས་པ་རེད་དམ་གསུང་བཞིན་འདུག་མོད། ང་ཚོར་མཚོར་ན་དབང་གི་ཡེ་ཤེས་དབབ་སྐབས་ཡེ་ཤེས་འབེབ་པ་ཧ་ཅང་གི་རྒྱུན་ལྡན་ཡིན་པས་རྩོད་གླེང་མ་བྱས་པར་བཏང་སྙོམས་སུ་བཞག་པ་ཡིན།
དེ་བཞིན་ཕྱི་ལོ་ ༢༠༠༢ ལོར། ༧གོང་ས་ཐམས་ཅད་མཁྱེན་པའི་ཞལ་སྔ་ནས་ཀྱིས་སིམ་ལ་ཇོ་ནང་མ་དགོན་དུ་རྡོ་རྗེ་ཤུགས་ཀྱིས་རྗེས་གནང་གསུང་སྐབས་ཀྱང་། གྲྭ་བ་རེ་གཉིས་ལ་ཡེ་ཤེས་ཕེབས་སྐབས། ཆོས་ཞུ་རྣམས་ཀྱིས་ཧང་སངས་མདོག་བྱེད་བཞིན་འདུག ཕྱིས་སུ་སྐྱབས་མགོན་རྗེ་བཙུན་དམ་པས་དེའི་སྐོར་༧གོང་ས་མཆོག་ལ་ཞུས་ཡོད་ཅེས་གསུངས་སོང་། དེ་ཙམ་ཡིན། བཀའ་དྲིན་ཆེ་ལགས།
རིག་པའི་རྡོ་རྗེ་ལགས་ལ་ཐུགས་རྗེ་ཆེ་ཞུ། །ཕྲན་གྱི་བློ་ངོར་ཡད་ཡུད་ཅིག་ཡོད་པ་ཉིད་ཀྱིས་ཞལ་གསལ་དུ་བཏང་སོང་། །དེ་དེ་བཞིན་ནོ། ། ཡང་གཡོ་རྒྱུ་ཟུར་ཟ་མ་ཡིན་པའི་དྲི་བ་ཞིག་ཞུ་བ་ལ་སྐབས་དབྱེ་བར་གསོལ། །ཉིད་ཀྱིས་རེ་མདའ་པའི་རྒྱུད་བླའི་འགྲེལ་བ་གཟིགས་སམ། ཇོ་ནང་ལ་ཁ་ཟེར་མང་ཆེ་བའི་རྩ་བ་འབྱུང་ཁུངས་དེ་རང་རེད་འདུག ཀུན་མཁྱེན་གོ་རམ་པའི་ལྟ་བའི་ཤན་འབྱེད་སྡེ་པར་ལྡེབ་༩་པ་ནས་༡༡་བར་རེ་མདའ་བའི་ལུགས་བཀོད། ༡༡་པ་ནས་༼ཆེས་སྐུར་པ་ཆེས་པའི་སྐྱོན་ཏེ༽ཞེས་རེ་མདའ་པའི་ལུགས་ལ་དགག་པ་བྱས་འདུག འཇམ་བཞད། ལྕང་སྐྱ། ཐུའུ་ཀྭན་ཐམས་ཅད་ཀྱིས་རེ་མདའ་པའི་གསུང་གཞིར་བཞག་བྱས་འདུག ཁོང་རྣམས་ཀྱིས་དོལ་པོ་པའི་གསུངས་གཟིགས་ནས་ཞིབ་འཇུག་བྱས་པའི་དཔྱད་ཞིག་མ་རེད་སྙམ། ཇོ་ནང་ཕྱོགས་ནས་དེ་ལ་དགག་ལན་ཡོད་དམ་མེད། བཀའ་འདྲི་ཞུ། །
མཁན་རིག་པའི་རྡོ་རྗེ་དངོས་གནས་བཀའ་དྲིན་རིན་ཐང་ཡོད་པའི་དཔྱད་གཏམ་ཞིག་སྤེལ་འདུག བདེན་པ་ར་སྤྲོད་གནང་བ་ཐུགས་རྗེ་ཆེ། ཁ་ཤས་ཞིག་གིས་ཚིག་གི་ཤུན་པ་བཤུས་ནས། ཅིག་ཅིག་ལ་ཟུར་ཟ་བྱེད་ཀྱིན་འདུག ཉུག་ཉུག་ལ་བསྙད་བརྐོ་བཞིན་འདུག་ཟེར་བ་ནི་ཁོ་རང་བཤད་རྒྱུས་ཕོངས་པས་རྟགས་རེད།
རིག་རྡོར་ལགས་ཀྱིས་དཔེ་འདྲ་ཅིག་བྲིས་གནང་འདུག་ལ་སླད་ཀྱང་མུ་མཐུད་གསལ་བཤད་སོགས་རྒྱ་ཆེར་བྲི་གནང་བའི་རེ་བ་ཞུ་བཞིན་ཡོད།
མཁན་རིན་པོ་ཆེ་རིག་རྡོར་དང་མཁས་དབང་དྲི་མེད་ལྷག་བསམ་རྣམ་གཉིས་ཀྱི་བཀའ་སློབ་ཀྱིས་བློ་སྐྱེད་མང་པོ་ཐོབ་བྱུང་། བཀའ་དྲིན་ཆེ།
ཤམ་བྷ་ལའི་རྒྱལ་པོ་ཟླ་བ་བཟང་པོ་ལ་ན་མཿ
རྒྱ་གར་མངའ་སྡེར ( Andhar Pradesh ) ཨན་དཱ་ར ་ པར་དེ་བྱི་དེའི
བྱང་ཤམ་བྷ་ལ་ཡི་ལམ་ཡིག་རྙེད་ཀྱང་སྲིད་པས ་ ་ ་
ཤམྦྷ་ལའི་དམག་འཁྲུག་དངོས་སུ་མགོ་རྩོམ་པའི་དུས་ཚོད་ནམ་ཞིག་ཡིན་ནམ།
ཀླུ་སྨྱོན།
གལ་སྲིད་དུས་འཁོར་གྱི་གཞུང་ལས་བསྟན་པའི་ཤམྦྷ་ལའི་དམག་འཁྲུག་ཅེས་པ་ཞིག་དངོས་སུ་ས་སྟེང་འདིར་མགོ་རྩོམ་རྒྱུ་ཡོད་ཚེ། དེང་སྐབས་ཀྱི་དུས་ཚོད་འདི་ལས་གཞན་པ་ཞིག་ཡོད་དམ་མེད།
མ་འོངས་པའི་ཤམྦྷ་ལའི་དམག་འཁྲུག་དེ་སྟོན་པའི་དཔྱད་ཡིག་གམ་སྨོན་ལམ་བསྡུས་པ་ཞིག་པཎ་ཆེན་སྐུ་ཕྲེང་དྲུག་པ་དཔལ་ལྡན་ཡེ་ཤེས་ཀྱིས་མཛད་ཡོད་པ་འདི་ལྟར།
ཤམྦྷ་ལའི་སྨོན་ལམ་བཞུགས་སོ།།
༄༅།།ན་མོ་གུ་རུ། དཔལ་ལྡན་དང་པོའི་སངས་རྒྱས་རིང་ལུགས་ཆེ། །ཤམ་བྷ་ལ་ཡི་གྲོང་དུ་རྒྱས་མཛད་པའི། །རྗེ་བཙུན་བླ་མ་ཁྱེད་ལ་གསོལ་འདེབས་ཀྱི། །བདག་གི་བདེན་པའི་ཚིག་དེ་འགྲུབ་པར་མཛོད། །བྱང་སེམས་དུས་འཁོར་སོགས་ཀྱི་རྟག་བརྟེན་ཅིང་། །དམ་པའི་ཆོས་རྣམས་མཆོག་ཏུ་རྒྱས་པའི་ས། །བྱང་ཕྱོགས་ཀ་ལཱ་པ་ཞེས་བྱ་བའི་གྲོང་། །བརྒྱ་བྱིན་ཁང་བཟང་ལས་ཀྱང་ཆེས་ལྷག་པ། །ཕོ་བྲང་མཆོག་ནི་དཔག་ཚད་བཅུ་གཉིས་ཚད། །གྲུ་བཞིར་ལྷམ་ཞིང་རིན་ཆེན་དུ་མས་བརྒྱན། །བྱེ་བ་ཕྲག་ནི་དགུ་བརྒྱའི་གྲོང་གིས་བསྐོར། །སྐྱེད་མོས་ཚལ་མཆོག་ལྷ་ཡུལ་ལས་ལྷག་པར། །དང་པོའི་སངས་རྒྱས་དཀྱིལ་འཁོར་ཆེ་ཆུང་གཉིས། །མཐོང་བའི་མོད་ལ་དངོས་གྲུབ་མཆོག་སྩོལ་གྱིས། །རྒྱུ་ནི་རིན་ཆེན་རིན་ཐང་བྲལ་ལས་གྲུབ། །དེ་ཡི་གཡས་གཡོན་ཡིད་འོང་མཚོ་ཆེན་ནི། །ནོར་བུས་གང་ཞིང་དཔག་ཚད་བཅུ་གཉིས་པ། །མི་རྣམས་ནོར་ཕྱུག་ཆོས་ཀྱི་དུས་འདའི་དབུས། །བླ་མ་ཁྱེད་གཉིས་དེང་དུས་ནས་བཟུང་བའི། །ལོ་ནི་བདུན་བརྒྱ་ཙམ་ཞིག་རྫོགས་པ་ན། །རིགས་ལྡན་དྲག་པོར་གྱུར་ནས་ཀླ་ཀློའི་དཔུང་། །བཅོམ་ནས་རྫོགས་ལྡན་བཞིན་དུ་མཛད་པའི་དུས། །སྔོན་གྱི་ཞལ་བཞེས་དམ་བཅའ་མ་གཡེལ་བར། །བདག་ཀྱང་འཁོར་གྱི་ཐོག་མར་རྗེས་འཛིན་མཛོད། །
shambhala_2
རྗེ་བཙུན་བླ་མ་དམ་པ་མཆོག་ཁྱེད་ཉིད། །རླུང་གི་ཤུགས་ཅན་རྡོ་ཡི་རྟར་ཆིབས་ནས། །ཕྱག་གི་མདུང་ཐུང་བྱིས་པའི་བློར་བསྣུན་ནས། །ངེས་པར་འཇོམས་ཚེ་བདག་ཀྱང་རྗེས་སུ་བཟུང་། །དམག་དཔུང་བྱེ་བ་ཁ་དོག་སྣ་ཚོགས་པ། །གླང་ཆེན་རིག་བྱེད་ཆང་དྲེགས་བཞི་འབུམ་དང་། །གླང་ཆེན་མྱོས་པ་འབུམ་ཕྲག་བཞི་འབུམ་དང་། །གསེར་གྱི་ཤིང་རྟ་མཚོན་ལྡན་དཔུང་བུ་ཆུང་། །འཇིགས་རུང་དམག་ཚོགས་དབུས་སུ་རབ་ཞུགས་ནས། །རང་གི་བྱིས་པའི་བློ་ལ་བསྣུན་མཛད་ཅིང་། །རྟར་གནས་ཟླ་བ་ཆེན་བོའི་བུ་ལ་ནི། །ཧ་ནུ་མྰནྡ་རྣོན་པོའི་མཚོན་གྱིས་བསྣུན། །དྲག་པོ་ལ་སོགས་ལྷ་ཆེན་བཅུ་གཉིས་ཀྱིས། །ལྷ་མིན་ལ་སོགས་ཐམས་ཅད་ཚར་གཅོད་ཅིང་། །གླང་པོ་ཆེ་ཡིས་གླང་པོ་རྣམ་པར་འཇོམས། །རྡོ་ཡི་རྟ་ཡིས་རྟ་རྣམས་གསོད་བྱེད་ཅིང་། །གསེར་གྱི་ཤིང་རྟས་ཤིང་རྟ་ཕྱེ་མར་བྱེད། །ས་སྐྱོང་རྣམས་ཀྱིས་ས་སྐྱོང་འདུལ་བར་མཛད། །ཀླ་ཀློའི་རྒྱུན་ནི་རབ་ཏུ་བཅད་བྱས་ནས། །དང་པོའི་སངས་རྒྱས་ཀྱིས་མཚོན་ཆོས་ཚུལ་ཀུན། །རྒྱས་པར་མཛད་ཚེ་བདག་ཀྱང་རྗེས་སུ་བཟུང་། །དེ་ལྟར་ལོ་ནི་མང་པོར་ཆོས་བསྟན་ནས། །རྟ་ཡི་ལོ་ནི་ཧོར་རྟ་ཟླ་གཉིས་པ་ཡི། །ཉི་ཤུ་གཉིས་ཉིན་དཔའ་བོ་དཔའ་མོ་ཡིས། །རོལ་མོའི་སྒྲ་བཅས་འཁོར་ནི་འབུམ་ཕྲག་བཅས།བདེ་དུས་ལམ་ལས་འོག་མི་གནས་སུ་ནི། །ལོངས་སྤྱོད་རྫོགས་སྐུ་མངོན་དུ་མཛད་པའི་ཚེ། །བདག་ཀྱང་སངས་རྒྱས་གོ་འཕང་ཐོབ་པར་མཛོད། ། ། །ཅེས་པ་ནི་པཎ་ཆེན་བློ་བཟང་དཔལ་ལྡན་ཡེ་ཤེས་ཀྱིས་མཛད་པའོ།། །།
པཎ་ཆེན་དཔལ་ལྡན་ཡེ་ཤེས་ཀྱིས་ལོ་ནི་བདུན་བརྒྱ་ཙམ་ཞིག་རྫོགས་པ་ན་ཤམ་བྷ་ལའི་དམག་འཁྲུག་མགོ་རྩོམ་རྒྱུ་ཡིན་ལུགས་གོང་གི་ཤམྦྷ་ལའི་སྨོན་ལམ་ནང་གསུངས་འདུག་པས། ཁོང་གི་ལོ་རྒྱུས་མདོར་བསྡུས་ནི།
པཎ་ཆེན་སྐུ་ཕྲེང་དྲུག་པ་དཔལ་ལྡན་ཡེ་ཤེས།
རབ་ཆུང་བཅུ་གཉིས་པའི་ས་རྟ་(༡༧༣༨)ལོའི་བོད་ཟླ་བཅུ་གཅིག་པའི་ཚེས་བཅུ་ཉིན་གཙང་ཤངས་རྣམ་གླིང་རྫོང་ཁོངས་གྲམ་བཀྲ་ཤིས་རྩེ་ཞེས་པའི་ཡུལ་དུ་ཡབ་ཐང་ལྷ་དང་ཡུམ་ལ་དྭགས་རྒྱལ་པོའི་སྲས་མོ་ཉི་ཟླ་དབང་མོ་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། དགུང་ལོ་གསུམ་པར་སློབ་དཔོན་དསྟེན་ནས་ལྗགས་ཀློག་སློབ་སྦྱོང་མཛད། རྒྱལ་དབང་བདུན་པ་བསྐལ་བཟང་རྒྱ་མཚོ་མཆོག་ནས་པན་ཆེན་སྐུ་ཕྲེང་ལྔ་པའི་སྤྲུལ་སྐུར་ངོས་འཛིན་གནང་། དགུང་ལོ་བཞི་ལ་ཕེབས་སྐབས་བཀྲས་ལྷུན་དགོན་དུ་གསེར་ཁྲིར་མངའ་གསོལ། དགུང་ལོ་བདུན་པར་དབུས་སུ་ཕེབས་ནས་རྒྱལ་དབང་བདུན་པ་བསྐལ་བཟང་རྒྱ་མཚོ་མཆོག་ནས་པན་ཆེན་སྐུ་ཕྲེང་ལྔ་པའི་སྤྲུལ་སྐུར་ངོས་འཛིན་གནང་། དགུང་ལོ་བདུན་པར་དབུས་སུ་ཕེབས་ནས་རྒྱལ་དབང་སྐད་བཟང་རྒྱ་མཚོའི་དྲུང་ནས་དགེ་ཚུལ་གྱི་སྡོམ་པ་བཞེས། མཚན་བློ་བཟང་དཔལ་ལྡན་ཡེ་ཤེས་ཞེས་གསོལ། རབ་ཆུང་བཅུ་གསུམ་པའི་ཆུ་སྤྲེལ(༡༧༥༢)ལོར་ཝང་ད་ལས་བ་དུར་གྱིས་གདན་ཞུ་བྱས་པ་བཞིན་དབུས་སུ་ཕེབས་ནས་རྒྱལ་དབང་དྲུང་ནས《དཔལ་དུས་ཀྱི་འཁོར་ལོའི་སྐུ་གསུང་ཐུགས་ཡོངས་སུ་རྫོགས་པའི་དཀྱིལ་འཁོར་རྡུལ་ཚོན་ལ་བརྟེན་པ་རྒྱས་པ་མཐའ་དག》 《རྒྱུད་ཀྱི་རྒྱལ་པོ་ཆེན་པོའི་འགྲེལ་ཆེན་དྲི་མེད་པའི་འོད་ཀྱི་དགོངས་པ》 《མཁས་གྲུབ་རྗེའི་རྒྱུད་ཀྱི་འགྲེལ་ཆེན》སོགས་གསན་བཞེས་ཀྱིས་དབང་དང་། རྗེས་གནང་། ཁྲིད་ལུང་སོགས་མཐའ་ཡས་པ་ཐོབ། དགུང་ལོ་བཅུ་བདུན་ལ་རྣམ་འགྲེལ་གྱི་ཐལ་ཕྲེང་ཐུགས་གཉེར་གནང་། དགུང་ལོ་ཉི་ཤུ་པ་མེ་གླང(༡༧༥༧)ལོར་ཡོངས་འཛིན་བློ་བཟང་ཆོས་འཕེལ་ལས་བསྙེན་རྫོགས་ཀྱི་སྡོམ་པ་བཞེས། ལོ་དེར་རྒྱལ་དབང་སྐུ་ཕྲེང་བདུན་པ་བསྐལ་བཟང་རྒྱ་མཚོ་མཆོག་ཞི་བར་གཤེགས་པས་དེ་འཕྲལ་དགོངས་རྫོགས་མཆོད་འབུལ་རྒྱ་ཆེར་མཛད། རྒྱལ་ཚབ་དེ་མོ་སྤྲུལ་སྐུ་དང་བཀའ་བློན་སོགས་ཀྱིས་བསྐུལ་བ་བཞིན་རྒྱལ་དབང་བསྐལ་བཟང་རྒྱ་མཚོའི་གསེར་གདུང་རིན་པོ་ཆེའི་དཀར་་ཆག་བརྩམས་པར་མཛད། ལྷ་སར་ཕེབས་ནས་རྩེ་ཕོ་བྲང་དུ་གསེར་གདུང་ཆེན་མོ་བཀྲ་ཤིས་འོད་འབར་གསར་བཞེངས་ལ་རབ་གནས་ལེགས་པར་བསྐྱངས། ལྕགས་འབྲུག(༡༧༦༠)ལོར་རྒྱལ་བའི་ཡང་སྲིད་བཙལ་འཚོལ་ངོས་འཛིན་གྱི་ཐུགས་འགན་བཞེས། ལྕགས་སྦྲུལ(༡༧༦༡)ལོར་རྒྱལ་བའི་ཆུང་སྲིད་རིན་པོ་ཆེའི་དབུ་སྐྲ་གཙུག་ཕུད་བཞེས་ཏེ་བློ་བཟང་བསྟན་པའི་དབང་ཕྱུག་འཇམ་དཔལ་རྒྱ་མཚོ་ཞེས་པའི་མཚན་གསོལ། མེ་ཁྱི(༡༧༦༦)ལོར་གོང་མས་པེ་ཅིང་དུ་གདན་གྲངས། མེ་བྱ(༡༧༧༧)ལོར་དབུས་སུ་ཕེབས་ནས་ཕོ་བྲང་ཆེན་པོ་པོ་ཊ་ལར་རྒྱལ་དབང་འཇམ་དཔལ་རྒྱ་མཚོ་མཆོག་དང་ཞལ་འཛོམས། རྒྱལ་དབང་ལ་བསྙེན་རྫོགས་ཀྱི་སྡོམ་པ་དང་། དབང་ལུང་རྗེས་གནང་སོགས་ཟབ་ཆོས་འཐའ་ཡས་པ་ཕུལ། དགུང་ལོ་ཞེ་གཅིག་ཐོག་མདོ་སྨད་ཁུལ་དུ་ཕེབས་ནས་སྐུ་འབུམ་དང་། ཧོར་ཡུལ་དགོན་སྡེ་ཁག་ལ་སྐྱེ་བོ་ཁྲི་ཕྲག་དུ་མར་མདོ་སྔགས་ཀྱི་ཆོས་ཀྱི་འཁོར་ལོ་རྒྱ་ཆེར་བསྐོར། དགུང་ལོ་ཞེ་གཉིས་པ་ས་ཕག(༡༧༧༩)ལོའི་ཟླ་དྲུག་པར་རྗེ་ཉིད་སྐུ་འཁོར་དང་བཅས་པ་གོང་མ་ཆན་ལུང་གིས་གདན་དྲངས་པ་ལྟར་རྒྱ་ནག་ཏུ་ཕེབས། པཎ་ཆེན་རིན་པོ་ཆེས་གོང་མར་ཆོས་དང་རྗེས་གནང་མང་པོ་བསྩལ། 《བཅོམ་ལྡན་འདས་མ་གདུགས་དཀར་མོའི་སྒྲུབ་ཐབས་དངོས་གྲུབ་བདུད་རྩིའི་བུམ་བཟང》ཞེས་པ་བདག་མདུན་དང་བཅས་པ་གསར་རྩོམ་མཛད། གོང་མས་གཡང་ཊིའི་ཐམ་ག་དང་འཇའ་ས་ཕུལ། གསུང་ཆོས《ཤམྦྷ་ལའི་སྨོན་ལམ》དང་། 《ཤམྦྷ་ལའི་ལམ་ཡིག》 《དཔལ་ལྡན་ཡེ་ཤེས་དཔལ་བཟང་པོའི་རྣམ་ཐར་ཉི་མའི་འོད་ཟེར་》 《མ་གཅིག་འདོད་ཁམས་ཀྱི་དབང་མོ་ལ་བརྟེན་པའི་མོ་ཤོ་འདེབས་ཚུལ》 《འདོས་གསོལ་སྨོན་ལམ》 《ཡུལ་ལྷ་གཞི་བདག་རྣམས་ལ་མཆོད་གཏོར་འབུལ་ཚུལ་གྱི་རིམ་པ》སོགས་པོད་འབྲིང་དགུ་ཙམ་མཛད། ལྕགས་བྱི(༡༧༨༠)ལོར་པེ་ཅིན་ཧོང་སེ་ཞེས་པའི་དགོན་པར་སྐུ་གཤེགས། སྐུ་གདུང་གཙང་བཀྲ་ཤིས་ལྷུན་པོའི་དགོན་པར་གདན་དྲངས་ཏེ་གསེར་སྡོང་གསར་བཞེངས་ཀྱིས་བཞུགས་སུ་གསོལ།
ཁོང་གིས་ཤམྦྷ་ལའི་སྨོན་ལམ་འདི་སྤྱི་ལོ་གཅིག་སྟོང་བདུན་བརྒྱའི་མཇུག་ཙམ་ལ་མཛད་པའི་དབང་དུ་བཏང་ཚེ། ཤམྦྷ་ལའི་དམག་འཁྲུག་དངོས་སུ་མགོ་རྩོམ་རྒྱུར་ད་དུང་ལོ་བཞི་བརྒྱ་ཡས་མས་ཤིག་དགོས་ཤིང་། སྔོན་ཆད་ཁོ་བོ་ཕ་ཡུལ་དུ་ཡོད་དུས་དགོན་པའི་དུས་འཁོར་བའི་གྲས་ཡིན་པ་དང་། དགེ་རྒན་བཀའ་དྲིན་ཅན་མདོ་སྔགས་རིག་གནས་དང་བཅས་པར་མཁས་པ་གྲགས་ཅན་བྱམས་པ་འཕྲིན་ལས་ཚང་གི་དྲུང་ནས་དཔལ་དུས་ཀྱི་འཁོར་ལོའི་ཆོས་ལ་སློབ་གཉེར་ཕྲན་བུ་རེ་བྱས་པ་དང་། ཡང་བླ་བྲང་བཀྲ་ཤིས་འཁྱིལ་གྱི་སྨད་སོག་དགེ་བཤེས་དུས་འཁོར་བ་གྲགས་ཅན་ཨ་ཁུ་བཛྲ་ཚང་གི་མདུན་ནས་ཀྱང་དུས་འཁོར་ཐིག་རྩ་དང་རྡུལ་ཚོན་དཀྱིལ་འཁོར་བཞེང་སྟངས་སོགས་ལ་སློབ་གཉེར་ཕྲན་བུ་བྱས། དེ་དུས་དུས་འཁོར་བ་ཚོ་ལོ་རེར་དུས་འཁོར་སྒྲུབ་མཆོད་ཉིན་བདུན་རིང་འཚོག་དགོས་པ་པ་དང་། དགེ་བཤེས་བྱམས་པ་འཕྲིན་ལས་ཚང་གིས་པཎ་ཆེན་དཔལ་ལྡན་ཡེ་ཤེས་ཀྱི་ཤམྦྷ་ལའི་སྨོན་ལམ་འདོན་དུས་ལོ་ནི་བཞི་བརྒྱ་ཙམ་ཞིག་རྫོགས་པ་ན་ཞེས་འདོན་དགོས་ཞེས་ཡང་ཡང་དྲན་སྐུལ་གནང་བ་དང་། དེ་དུས་དུས་འཁོར་ཐང་ཀའི་ངོས་ཀྱི་ཀླ་ཀློ་བྱ་ཡི་མགོ་དབྱིབས་ཅན་གྱི་ཞྭ་མོ་གྱོན་པ་དེ་དག་ས་ཆ་གང་ཞིག་ན་ཡོད་མེད་ཙམ་ཡང་ཤེས་རྟོགས་མེད། རྗེས་སུ་ཨ་རིར་འབྱོར་རྗེས་སྡེ་སྲིད་སངས་རྒྱས་པས་སོག་པོའི་གནས་སྐོར་བ་ཚོའི་ངག་སྒྲོས་གཞིར་བཟུང་སྟེ་བརྩམས་པའི་ཤམྦྷ་ཤའི་ལམ་ཡིག་ཅེས་པ་དེ་དང་བཀླགས་པ་དང་། ཡང་རྗེ་ཇོ་ནང་བ་སྒྲོལ་བའི་མགོན་པོའི་ཤམྦྷ་ལའི་ལམ་ཡིག པཎ་ཆེན་དཔལ་ཡེའི་ཤམྦྷ་ལའི་ལམ་ཡིག བཙན་པོའི་འཛམ་གླིང་རྒྱས་བཤད། སི་ཏུ་ཆོས་ཀྱི་རྒྱ་མཚོའི་འཛམ་གླིང་གནས་ཡིག་དཔྱིད་ཉི་འཕུད་བྱེད་སོགས་ལ་མཇལ་རྗེས། སྔོན་དང་ད་ལྟའི་འཛམ་གླིང་ངོས་འཛིན་ཐད་གནམ་དང་ས་ལྟ་བུའི་ཁྱད་པར་ཆེན་པོ་ཡོད་པ་དང་། ཤམྦྷ་ལའི་དམག་འཁྲུག་ཅེས་པ་དང་དུས་འཁོར་བར་གྱི་འབྲེལ་བ་འདི་ཡང་དངོས་ཡོད་ནས་དངོས་མེད་དུ་འགྱུར་ལ་ཁད་ཙམ་དང་། དུས་འཁོར་ལས་མ་འོངས་པར་ཀླ་ཀློས་འཛམ་གླིང་ལ་དབང་སྒྱུར་བར་བྱེད་པ་དང་། དེ་རྗེས་ཤམྦྷ་ལ་ནས་རིགས་ལྡན་དྲག་པོ་འཁོར་ལོ་ཅན་གྱི་དམག་ཚོགས་ཀྱིས་ཀླ་ཀློའི་དམག་དཔུང་རྩ་མེད་དུ་བཏང་སྟེ་རྫོགས་ལྡན་ཕྱི་མའི་དུས་བཞི་མངོན་དུ་འགྱུར་བ་སོགས། རྨི་ལམ་དང་སྒྱུ་འཕྲུལ། དངོས་ཡོད་དང་རྟོག་བཏགས་ཀྱི་ལྷ་སྒྲུང་བར་ན་ཐེར་ཟུག་ཏུ་བཞེངས་པའི་ཤམྦྷ་ལའི་ཞིང་ཁམས་དང་དམག་འཁྲུག་གི་སྐོར་འདི་ང་ཚོས་ངེས་པར་དུ་གླེང་དགོས་པ་ཞིག་ཏུ་མཐོང་ཞིང་། བླ་མ་བདག་ཉིད་ཆེན་པོས་དཔལ་དུས་ཀྱི་འཁོར་ལོའི་དབང་སྐུར་ཨ་རིའི་རྒྱལ་སར་གསུངས་པ་འདི་ཡང་རྟགས་རྟེན་འབྲེལ་གང་ཞིག་ཡིན་མིན་སོགས་ལ་ཡང་དཔྱད་གཞི་ཆེ། དགེ་འདུན་ཆོས་འཕེལ་གྱི་གཏམ་རྒྱུད་གསེར་ཐང་ནང་མུ་སྟེགས་པའི་ཆོས་གཞུང་ཞིག་ཏུ་ཡང་མ་འོངས་པར་འཛམ་གླིང་ཡོངས་རྫོགས་ཁོ་ཚོས་དབང་བསྒྱུར་བ་དང་། དེ་རྗེས་ཤམྦྷ་ལའི་དམག་འཁྲུག་ལངས་ཏེ་ཁོ་རང་ཚོ་རྩ་མེད་དུ་བཟོ་བ་སོགས་ཡོད་ལུགས་ཀྱང་བྲིས་འདུག་པ་འདི་ལྟར། 1″ཁོང་དག་གི་ལུང་ལས་ཀྱང་། རྩོད་ལྡན་གྱི་ལོ་བརྒྱད་སྟོང་རྫོགས་པ་ན། རིགས་བཞི་ཀ་འདྲེས་ཏེ་བྲམ་ཟེ་བྱ་བའི་ཡུལ་གར་ཡང་མི་རྙེད་ཅིང་ཐམས་ཅད་ཀླ་ཀློའི་ཆོས་འཛིན། དེ་ཙ་ན་ཁྱབ་འཇུག་གི་འཇུག་པ་བཅུ་པ་ཀ་ལ་ཀིའམ་རིགས་ལྡན་ཞེས་བྱ་བ་དེ་རྒྱ་གར་བྱང་གི་གྲོང་ཁྱེར་ཤམ་བྷ་ལ་གྲ་མ་བྱ་བ་འདིར་སྐྱེ། རྡོའི་རྟ་ལ་ཞོན། ཀུ་ཤའི་མདུང་ཐོགས་ཏེ་ཀླ་ཀློ་རྣམས་ཁ་དག་ནས་ས་ཐམས་ཅད་བྲམ་ཟེའི་ཞིང་དུ་བྱས་ནས་རྫོགས་ལྡན་ཆུང་ངུ་བྱ་བ་མགོ་འཛུག་ཟེར། ད་ལྟ་རྩོད་ལྡན་གྱི་ལོ་ལྔ་སྟོང་ཙམ་སོང་ཟིན། ཤམ་བྷ་ལའི་གྲོང་དེ་རང་རེའི་ལྷ་ས་ལས་ཆུང་ཙམ་སྣང་ཞིང་། མུ་སྟེགས་ཀྱི་ལྷ་ཁང་མང་ཞིང་གནས་ཆེན་དུ་རྩི། འོན་ཀྱང་ཀ་ལ་པ་ནི་བོད་ཀྱི་ཡུལ་ག་ཤེད་ཅིག་ན་ཡོད་ཅིང་བསྟི་གནས་ཡིན། དེར་མུ་སྟེགས་ཀྱི་དྲང་སྲོང་ཚེའི་དངོས་གྲུབ་ཐོབ་པ་རྣམས་ཡོད་སྐད། དེ་འཚོལ་དུ་ཛོ་ཀི་མང་པོ་མངའ་རིས་ཕྱོགས་སུ་སྐོར་གྱིན་ཡོད།” སྔོན་ཆད་བོད་དུ་ཡོད་དུས་ཤམྦྷ་ལའི་དམག་འཁྲུག་གི་སྐབས་སུ་བསད་བྱ་གསོད་བྱེད་གཉིས་ཀ་ཤམྦྷ་ལར་སྐྱེ་བའི་གཏམ་ཡང་ལན་གཅིག་མིན་དུ་ཐོས་པ་དང་། དགེ་ཆོས་ཀྱི་གཏམ་རྒྱུད་གསེར་ཐང་དུ། 2 “དེ་ནས་དེ་ཐམས་ཅད་དམག་ཏུ་བྱས་ནས་མོ་ཧ་མད་ཀྱིས་མགོ་དྲངས་ཏེ་ཁོ་མ་ཤི་བའི་གོང་ལ་ཨ་རབ་ཀྱི་ཡུལ་གྲུ་ཆེན་པོ་དེ་ཐམས་ཅད་འོག་ཏུ་དབང་ཤུགས་ཀྱིས་བསྡུས། ཆོས་ཀྱི་ཕྱིར་དུ་གསོད་པོ་དང་བསད་བྱ་གཉིས་ཀ་མཐོ་རིས་སུ་མཆོག་ཐོབ་པར་བཤད་པས། ཐམས་ཅད་སྲོག་ལ་ཕངས་པ་དང་དགྲ་ལ་སྙིང་རྗེ་ཅུང་ཟད་ཀྱང་མེད་པར་གཡུལ་དུ་ཞུགས་པས་དམག་ལ་དེ་ལས་སྟོབས་ཆེ་བ་ཞིག་མ་བྱུང་སྐད། སྟོན་པ་རང་གི་ཚ་བོ་ཧུ་ཟེན་ཡང་དམག་ལ་འགྲོ་ཁར་ལུས་བཀྲུས་ནས་དྲི་བཟང་བྱུགས་པར། དྲིས་པ་ན། རང་རེ་དང་ལྷ་བུ་མོ་མིག་ནག་མ་རྣམས་ཀྱི་བར་ན་ཅང་མེད་པས་དེ་ལྟར་བྱས་ཟེར་ཏེ། གཡུལ་དུ་ཤི་ཚད་མཐོ་རིས་སུ་སྐྱེ་བ་ལ་ཡིད་ཆེས་པ་ཡིན།” ཞེས་བྲིས་འདུག
1 བོད་ལྗོངས་པར་མའི་གཏམ་རྒྱུད་གསེར་ཐང་གི་ཤོག་ངོས 105-106
2 བོད་ལྗོངས་པར་མའི་གཏམ་རྒྱུད་གསེར་ཐང་གི་ཤོག་ངོས་372-373
འཚེ་བ་ཆོས་སུ་སྨྲ་བའི་ཀླ་ཀློའི་དམག་གིས་འཛམ་གླིང་དབང་དུ་བསྡུས་ཏེ་མི་རྣམས་སྡུག་ལ་སྦྱར་ནས་ནག་ཕྱོགས་ཁ་དར་བའི་དུས་ཤམྦྷ་ལའི་རིགས་ལྡན་ཉེར་ལྔ་པ་དྲག་པོ་འཁོར་ལོ་ཅན་གྱི་དམག་ཚོགས་ཀྱིས་ཀླ་ཀློའི་དམག་དཔུང་རྨེག་མེད་དུ་བཅོམ་པར་གསུངས།
ཀླ་ཀློ་ལ། ཆོས་མེད་ཀླ་ཀློ་དང་། ཆོས་ཡོད་ཁ་ཆེ་པ་ལྟ་བུ་རེད། རིགས་ལྡན་ལ། རྒྱལ་པོ་ཡིན་པའི་ངེས་པ་མེད་ལ། དམག་ལ་མཚོན་ཆ་ཡོད་པའི་ངེས་པ་ཡོད་མ་རེད་སྙམ་སྟེ། ཕྱི་མར་བདག་གི་རྨོངས་མུན་ལ་བསྣུན་པར་ཤོག་ཅེས་པས་གོ་ཐུབ་སྙམ་ལགས།
མཁན་རིག་པའི་རྡོ་རྗེས་དངོས་གནས་ཡག་པོ་བྲིས་འདུག་དེ་མཚུངས་མཆན་འགོད་མཁན་ཚོས་བློས་བསྐྱེད་ཡག་པོ་གནས་སོང་བཀའ་དྲིན་ཆེ།
གཟར་གནས་པས་ཇོ་ནང་བ་ཚོར་ཞྭ་མོ་ཞིག་གྲ་སྒྲིག་བྱས་ནས་ཕེབས་ཡོད་པ་འདྲ། རྩེད་མོ་ཡིན་ཆ་ཚང་བ་ཀློག་པ་ཡིན།