སྐྱེས་སར་ཀླུ་སྒྲུབ་ཀྱིས་རང་གི་སློབ་སྦྱོང་ཆེད་བོད་སྒྱུར་བྱས།
གསུམ་པ། ཆེས་ཐོག་མའི་རྒྱུ་རྐྱེན་གྱི་རྩོད་སྒྲུབ།
གཅིག་བྱས་ན། ཆེས་སྟབས་བདེའི་ངང་གོ་སླ་ཤོས་དེ། ཆེས་ཐོག་མའི་རྒྱུ་རྐྱེན་སྐོར་གྱི་རྩོད་སྒྲུབ་འདི་ཡིན་སྲིད། (མི་ཁག་ཅིག་གི་ངོས་འཛིན་ལ། ང་ཚོས་འཇིག་རྟེན་འདིར་མཐོང་བའི་དངོས་པོ་རེ་རེར། རང་རང་གི་རྒྱུ་རྐྱེན་ཞིག་ཡོད་ལ། ཁྱོད་ཀྱིས་རྒྱུ་རྐྱེན་དེ་ཅི་ཙམ་བཙལ་ན་དེ་ཙམ་གྱིས་ཐག་རིང་དུ་འགྲོ་སྐབས། ཁྱོད་ཀྱིས་ངེས་པར་དུ་ཆེས་ཐོག་མའི་རྒྱུ་རྐྱེན་འཚོལ་དགོས་པ་དང་། མཐར་ཆེས་ཐོག་མའི་རྒྱུ་རྐྱེན་དེར་ཁྱོད་ཀྱིས་ལྷ་ཆེན་ནམ་བྱེད་པ་པོ་GOD ཞེས་འབོད་པ་ཡིན་ཟེར། )ངའི་བསམ་པར་། རྩོད་སྒྲུབ་ཀྱི་རིག་པ་འདི་ཉིད་ད་ལྟ་དེ་ཙམ་གནད་ལ་ཁེལ་པོ་མི་འདུག གང་ཡིན་ཟེར་ན། ཡུལ་དུས་ཀྱི་ཆ་ནས་དེ་ནི་དེ་ཙམ་བེད་སྤྱོད་ཡོད་པ་ཞིག་མ་རེད། མཚན་ཉིད་རིག་པ་བ་དང་ཚན་རིག་པ་རྣམས་ཀྱིས་ཀྱང་ཆེས་ཐོག་མའི་རྒྱུ་རྐྱེན་སྐོར་ཞིབ་འཇུག་བྱེད་འགོ་བཙུགས་ཟིན་པ་རེད། འོན་ཀྱང་དེར་སྔོན་ཆད་ལས་ལྷག་པའི་དམིགས་བསལ་གྱི་ཁུངས་སྐྱེལ་ཞིག་མེད། ཐོག་མའི་རྒྱུ་རྐྱེན་ཅིག་ངེས་པར་དུ་ཡོད་དགོས་པའི་སྒྲུབ་བྱེད་དེ་ནི་ཕན་ནུས་རང་བཞིན་གང་ཡང་མེད་པའི་སྒྲུབ་བྱེད་ཅིག་རེད།ང་རང་ལོ་ན་ཆུང་དུས་ནས། ངའི་བསམ་བློར་ཆེས་ཐོག་མའི་རྒྱུ་རྐྱེན་སྐོར་གྱི་དོགས་སློང་དང་། དྲི་བ་ཡོང་བཞིན་ཡོད། དེར་བརྟེན་ངས་དུས་ཡུན་རིང་པོ་ཞིག་ནས་ཆེས་ཐོག་མའི་རྒྱུ་རྐྱེན་གྱི་རྩོད་སྒྲུབ་དེ་ཁས་ལེན་བྱས་ཡོད།
ཉིན་ཞིག་ང་ལོ་བཅོ་བརྒྱད་ལ་སླེབས་སྐབས། ངས་ཇོན་-སུཊར་ཐི-མིལ་(John Stuart Mill) ལགས་ཀྱི་རང་རྣམ་བཀླགས་ཤིང་། དེ་ནས་ངའི་པ་ལགས་ཀྱིས་དྲི་བ་འདི་འདྲ་ཞིག་ཟུར་འདོན་བྱས་བྱུང་། “ང་སུས་བཟོས་པ་རེད།” དྲི་བ་འདི་ནི་དེ་མུར་ལན་འདེབས་ཐབས་མེད་པའི་དྲི་བ་ཞིག་རེད། ད་དུང་མུ་མཐུད་དུ། “སུས་ལྷ་ཆེན་ནམ་བྱེད་པ་པོ་བཟོས་པ་རེད།”ཟེར། དེ་འདྲའི་སྟབས་བདེའི་ཚིག་དུམ་འདིས་ང་ལ་གསལ་འདེབས་བྱས་དོན། དེ་ནི་ཆེས་ཐོག་མའི་རྒྱུ་རྐྱེན་གྱི་རྩོད་སྒྲུབ་ལས་བྱུང་བའི་ནོར་འཁྲུལ་ཞིག་རེད། གལ་ཏེ་བྱ་དངོས་ཡོད་ཚད་ལ་རང་རང་གི་རྒྱུ་རྐྱེན་ཞིག་ཡོད་ན། བྱེད་པ་པོ་ལ་ཡང་དེ་མཚུངས་ཀྱི་རྒྱུ་རྐྱེན་ཞིག་ཡོད་ངེས་རེད། གལ་ཏེ་བྱ་དངོས་ཚང་མར་རྒྱུ་རྐྱེན་གང་ཡང་མི་དགོས་ན། འཇིག་རྟེན་འདི་ཉིད་ཀྱང་བྱེད་པ་པོ་ཡིན་ཆོག་གི་རེད། དེ་འདྲ་ཡིན་ན། བཤད་ཚུལ་འདི་ལ་གཞི་འཛིན་ས་ཅི་ཡང་ཡོད་མི་སྲིད།
རྒྱ་གར་གྱི་ཧིན་དྷུ་བའི་ལྟ་ཚུལ་ཞིག་ཏུ། འཛམ་གླིང་ནི་གླང་བོ་ཆེ་ཞིག་གི་སྟེང་དུ་ཡོད་པ་དང་། དེ་འདྲའི་གླང་བོ་དེ་རུས་སྦལ་ཞིག་གི་སྟེང་དུ་ངལ་གསོ་བྱས་ཡོད་ཟེར། དེས་ན་རུས་སྦལ་དེ་གང་དུ་ཡོད་དམ་ཞེས་དྲིས་སྐབས། རྒྱ་གར་བ་དེ་ཚོས། ད་ང་ཚོས་བརྗོད་གཞི་འདི་བརྗེས་ན་གང་འདྲ་འདུག་ཅེས་བསམ་ཚུལ་བཏོན་པའི་གནས་སྟངས་དང་གཅིག་མཚུངས་རེད། འཛམ་གླིང་འདི་ཅིའི་ཕྱིར་ཐོག་མའི་རྒྱུ་རྐྱེན་དེ་འདྲ་ཞིག་མེད་པར་འབྱུང་མི་ཐུབ་པའི་རྒྱུ་མཚན་ཞིག་མེད་ལ(2)། ཡང་ཕྱོགས་གཞན་ཞིག་ནས། རྒྱུ་མཚན་ཅིའི་ཕྱིར་འཇིག་རྟེན་འདི་རྒྱུན་པར་གནས་མི་ཐུབ་པ་དེ་རེད། འཛམ་གླིང་གི་མགོ་རྩོམ་ས་ཞིག་ཡོད་པར་འདོད་པར་རྒྱུ་མཚན་ཅི་ཡང་མེད། དངོས་བོ་ཡོད་ཚད་ལ་མགོ་རྩོམ་ས་ཞིག་ཡོད་པར་འདོད་པ་དེ་ང་ཚོའི་རྟོག་བཏག་གི་ཞན་ཆ་ཞིག་རེད། དེར་བརྟེན། གཅིག་བྱས་ན། ངས་མུ་མཐུད་དེ་བརྗོད་གཞི་དང་པོ་ཆེས་ཐོག་མའི་རྒྱུ་རྐྱེན་གྱི་རྩོད་སྒྲུབ་ཐོག་དུས་ཚོད་གཏོང་དགོས་དོན་མི་འདུག
མུ་འགོད
མཆན་བུ།
1) John Stuart Mill
མཁས་དབང་ཁོང་ནི། ཕྱི་ལོ་ ༡༨༠༦ ཟླ་ ༥ ཚེས་ ༢༠ ཉིན་འཁྲུངས་ཤིང་། ཕྱི་ལོ་ ༡༨༧༣ ཟླ་ ༥ ཚེས་ ༧ ཉིན་སྐུ་གཤེགས། ཁོང་ནི་དབྱིན་ཡུལ་གྱི་མཚན་ཉིད་རིག་པ་བ་དང་། ཆབ་སྲིད་དཔལ་འབྱོར་རིག་པ་བ། མང་ཚོགས་ཞབས་ཕྱི་བ། མཚན་སྙན་ཆེ་བའི་རང་མོས་རིང་ལུགས་ཀྱི་བསམ་བློ་བ་བཅས་ཡིན།
2) ནང་པའི་འདོད་ཚུལ་ལྟར་འཇིག་རྟེན་གྱི་གྲུབ་ཚུལ་ལ་ཐོག་མ་མེད་པའི་ལྟ་ཚུལ་འཛིན་བཞིན་པ་ཡིན་ཚོད།