སྐྱེས་སར་ཀླུ་སྒྲུབ་ཀྱིས་བསྒྱུར།
བདུན་པ། རྒྱུ་མཚན་ལྟར་སྣང་ཁག་ཡོ་བསྲང་གི་རྩོད་སྒྲུབ།
དེ་ནས་ད་དུང་། ཧ་ཅང་ཡ་མཚན་ཆེ་བའི་ཀུན་སྤྱོད་ཀྱི་རྩོད་སྒྲུབ་བྱེད་སྟངས་གཞན་ཞིག་ཡོད་པ་དེ་ནི་ཁོ་ཚོས་བཤད་པར། བྱེད་པ་པོ་ནི་ཡོད་དགོས་ངེས་ཤིག་ཡིན་ལ། དེས་འཛམ་གླིང་འདིར་དྲང་བདེན་གྱི་གནས་ལུགས་ཤིག་ཁྱེར་ཡོང་བ་རེད་ཟེར། འཇིག་རྟེན་འདིའི་ཆ་ཤས་ཤིག་ཏུ། ང་ཚོས་ཤེས་གསལ་ཡིན་པའི་དྲང་བདེན་མེད་པའི་གནས་བབ་ཆེན་པོ་ཞིག་ཡོད། མི་བཟང་པོ་ཚོས་སྡུག་བསྔལ་ཡང་ཡང་མྱོང་བཞིན་ཡོད་ལ། མི་ངན་ཚོར་ལམ་ལྷོང་ཡང་ཡང་ཡོང་བཞིན་པ་འདི། བཟང་ངན་གྱི་མཐའ་འཇོག་སྟངས་དེར་སུན་སྣང་སྐྱེ་བྱེད་ཅིག་རང་རེད།
འོན་ཀྱང་། གལ་ཏེ་ཁྱོད་ཀྱིས་འཇིག་རྟེན་ཧྲིལ་བོའི་ཁྲོད་ནས་དྲང་བདེན་འཐོབ་འདོད་ན། ཁྱོད་ཀྱིས་ངེས་པར་དུ་མ་འོངས་པའི་ཚེ་སྲོག་གིས་སའི་གོ་ལའི་སྟེང་གི་ཚེ་སྲོག་གི་འདྲ་
མཉམ་ཡོ་བསྲང་བྱེད་པར་ཚོད་དཔག་བྱེད་དགོས། དེར་བརྟེན། ཁོ་ཚོས་ཤོད་རྒྱུར། བྱེད་པ་པོ་ངེས་པར་དུ་ཡོད་དགོས་པ་དང་། ལྷ་ཡུལ་དང་དམྱལ་བ་ཡང་དེ་མཚུངས་ངེས་པར་དུ་ཡོད་དགོས།དེ་ལྟར་བྱས་ན། ཕུགས་རྒྱང་རིང་བོའི་ཆ་ནས་དྲང་བདེན་ཡོང་སྲིད་ཅེས་བཤད། འདི་ནི་ཧ་ཅང་ངོ་མཚར་བའི་སྒྲུབ་བྱེད་ཅིག་རེད། གལ་ཏེ་ཁྱོད་ཀྱིས་ཚན་རིག་གི་ཕྱོགས་ནས་དོན་འདི་ལ་བལྟས་ན། ཁྱོད་ཀྱིས། མཇུག་མཐར། ངས་འཛམ་གླིང་འདི་གཅིག་བུ་ཤེས་སོང་། ཞེས་བཤད་ངེས།
ངས་འཇིག་རྟེན་གྱི་གྲུབ་ཆ་གཞན་པའི་སྐོར་མི་ཤེས་མོད། ཡིན་ཡང་། ཡོང་སྲིད་པའི་མིའི་རང་བཞིན་གྱི་རྩོད་གླེང་ལ་མཚོན་ནས་བཤད་ན། མི་རྣམས་ཀྱིས་གཅིག་བྱས་ན་འཇིག་རྟེན་འདི་ནི་འདྲ་མཉམ་གྱི་མ་དཔེ་ཞིག་ཡིན་ཞེས་ཀྱང་བཤད་སྲིད། གལ་ཏེ་འདིར་དྲང་བདེན་མིན་པའི་གནས་ཚུལ་ཡོད་ན། ས་གནས་གཞན་དག་ཏུ་ཡང་དེ་མཚུངས་ཡིན། “གལ་ཏེ་ཁྱེད་ཀྱིས་ཚ་ལུ་མ་སྒམ་གང་ཁ་ཕྱེ་པའི་དབང་དུ་བཏང་ན། སྒང་གི་ཚ་ལུ་མ་ཚང་མ་རུལ་ནས་ཡོད་པ་ཤེས་ཚེ། ཁྱེད་ཀྱིས་“གཤམ་འོག་གི་ཚ་ལུ་མ་ནི་ཡག་པོ་ཡིན་ངེས་རེད། དེ་ལྟར། ད་གཟོད་ཆད་ལྷག་ཁ་གསབ་བྱེད་ཐུབ”ཅེས་རྩོད་པ་བྱེད་མི་སྲིད།
ཁྱེད་ཀྱིས་‘ཚོང་ཟོག་ཚང་མ་རུལ་བ་ཡིན་ངེས་’ཞེས་བཤད་སྲིད། འདི་ནི་ཚན་རིག་དང་མཐུན་པའི་མི་ཞིག་གིས་འཇིག་རྟེན་ལ་རྩོད་པ་བྱེད་ཚུལ་རང་རེད།
ཁོས་བཤད་སྲིད་པར། “འཛམ་གླིང་འདིའི་ཐོག་ང་ཚོས་དྲང་བདེན་མིན་པ་འབོར་ཆེན་ཞིག་རྙེད་ཡོད། མིག་སྔའི་གནས་ཚུལ་གྱི་ངོས་ནས་བཤད་ན་དེ་ནི་དྲང་བདེན་གྱིས་འཛམ་གླིང་ཐོག་དབང་སྒྱུར་བྱེད་ཀྱི་མེད་པའི་ཚོད་དཔག་གི་རྒྱུ་མཚན་ཞིག་རེད། དེར་བརྟེན་མིག་སྔའི་གནས་ཚུལ་ལ་ཆ་མཚོན་ནས་བཤད་ན། དེས་ལྷ་ལ་ངོ་རྒོལ་བྱེད་པའི་ཀུན་སྤྱོད་ཀྱི་སྒྲུབ་བྱེད་ཅིག་བཏོན་པ་ལས། ལྷ་ལ་རྒྱབ་སྐྱོར་བྱེད་པའི་སྒྲུབ་བྱེད་ཅིག་མིན་པ་ངས་ཤེས་ཀྱི་ཡོད།
ངས་ད་གིན་ཁྱེད་ཚོ་དང་གླེང་མོལ་བྱས་པའི་ཤེས་རིག་གི་སྒྲུབ་བྱེད་དེ་ནི་མི་རྣམས་ཀྱི་ཡིད་དབང་འཕྲོག་བྱེད་ཞིག་གཏན་ནས་མིན་པ་དང་། མི་རྣམས་ཀྱིས་ལྷ་ལ་ཡིད་ཆེས་བྱེད་པའི་བློ་འགུག་བྱེད་ཀྱི་རིགས་པའི་གཞུང་ལུགས་ཀྱི་གཞི་འཛིན་ས་ཡང་གཏན་ནས་མིན་པ་དེ་ཤེས་ཀྱི་ཡོད། མི་མང་ཆེ་བས་དཀོན་མཆོག་ལ་ཡིད་ཆེས་དོན་ནི་བྱིས་པ་དམར་འབྱར་གྱི་དུས་ནས་སློབ་སྟོན་བྱས་ཏེ་བྱ་བ་འདི་བསྒྲུབས་པས་རེད། འདི་ནི་ཡིད་ཆེས་དེ་འདྲ་ཞིག་བསྐྲུན་པའི་རྒྱུ་རྐྱེན་གཙོ་བོ་དེ་རེད།
དེ་ནས་བདག་གིས་བལྟས་ན། ཆེས་ནུས་ལྡན་གྱི་རྒྱུ་མཚན་གཞན་ཞིག་ནི། བདེ་འཇགས་ཀྱི་རེ་བ་རེད། རང་གི་རྒྱབ་སྐྱོར་དབུང་རོགས་ཉན་པའི་ཕུ་བོ་རྒན་པ་ཞིག་ཡོད་པའི་ཚོར་སྣང་ལྟ་བུ་སྟེ།འདིས་མི་རྣམས་ཀྱིས་དཀོན་མཆོག་ལ་དད་མོས་བྱེད་པར་ཤུགས་རྐྱེན་གཏིང་ཟབ་ཐེབས་ཡོད།
མུ་འགོད།