རེབ་ཐོག་མདའ།
ཨ་རག་ཞིམ་པོ་དེ་ཁ་ལ་མཆོད་བཞིན།།
ཨ་མའི་ཕོ་རྒོད་ཚོ་སྣང་བ་སྐྱིད་ཀྱང་།།
ཨ་ལ་ནམ་དཀྱིལ་གྱི་སྐད་ཅོར་ཚ་བོས།།
ཨ་མདོ་བུ་ཆུང་ངའི་རྨི་ལམ་དཀྲོག་སོང་།།
ཆུང་མ་བུ་ཕྲུག་དག་ནང་ནས་བསྐྱུར་ཏེ།།
ཨ་རག་བཙན་པོ་དེ་ཧུབ་འཐུང་བྱེད་པའི།།
ཨ་རོགས་དེང་རབས་ཀྱི་རྒད་པོ་འདི་ཚོ།།
ཨ་ལ་འདང་རྒྱག་ཅིག་ཡོད་མདོག་མི་འདུག།
ཨམ་སྐད་ཁམས་སྐད་དེའི་སྐད་གདངས་ཁྲོད་ན།།
ཨ་རིའི་དགའ་རོགས་དེའི་མིང་ནས་འཆད་བཞིན།།
ཨ་ཅེ་སྒྲོལ་དཀར་ལས་ཡག་རབས་བཤད་པའི།།
ཨ་རོགས་ཕོ་གསར་དེ་ཆ་ཡོད་འདྲ་ཞིག།
ཨ་ལགས་སུ་ཚང་གི་ནང་ཆེན་ནང་གི།།
ཨ་ཁུ་ཅིག་ཚང་གི་སྡོམ་པ་འཕྲོག་མཁན།།
ཨ་རོགས་བུ་མོ་དེའི་མིང་ནས་གླེང་བཞིན།།
ཨ་ལ་མི་འདོད་པའི་ཚིག་གིས་འཆད་ཐལ།།
ཨ་རག་སྦུ་རག་གཉིས་བསྲེས་ནས་འཐུང་བའི།།
ཨ་རོགས་ཕོ་གསར་ཚོ་གླེང་མོལ་སྤྲོ་ཡང་།།
ཨ་ལ་སྐྱེས་དམན་དང་ཕྲུ་གུ་དེ་ཚོ།།
ཨ་རོགས་མཚན་གང་གི་གཉིད་དེ་བཅག་ཐལ།།
ཨ་རག་ཤེལ་དམ་དེ་ས་ལ་བརྡབ་བཞིན།།
ཨ་ལགས་ག་གེ་མོ་མནའ་ལ་འཇོག་བཞིན།།
ཨ་མའི་བུ་ཁོ་ཚོས་བུ་རྟགས་བཞག་རབས།།
ཨ་ལ་གཏམ་རྒྱུད་དེ་མཚན་གང་འཆད་ཐལ།།
མཚམས་རེར་དབྱིན་སྐད་དང་བོད་སྐད་ངག་ན།།
ལན་རེ་ཨ་རག་དང་སྦུ་རག་ཀློང་ན།།
སྙིང་གཏམ་ཉོག་གཏམ་དག་མཉམ་ཏུ་བསྲེས་པས།།
ཆང་གི་གཏམ་རྒྱུད་ཞིག་འདི་ལྟར་ཤོར་ཐལ།།
༢༠༡༣ ཟླ ༡་ཚེས ༨ཉིན་གྱི་ཞོགས་པ་སྔ་དགོང་གི་ཆང་འཐུང་དག་གི་གཏམ་རྒྱུད་དྲང་པར་བྲིས།
ཨ་རག་ཟེར་བའི་རྫས་ཆུ་འདི་མེད་ན། གཅིག་བྱས་ན་དགེ་ཆོས་ཀྱི་དེབ་དཀར་དེའི་མཇུག་ཞིག་མཐོང་རྒྱུ་ཡོད་པ་དང་། རང་གྲོལ་གྱི་བཙན་པོའི་བང་སོ་མྱུལ་བའི་གཏམ་རྒྱུད་དེ་ལ་ཡང་སྣེ་ཞིག་ཡོད་ན་ཐང་། རྫས་ཆུ་འདི། ངས་ཀྱང་འཐུང་མྱོང་ཡོད་ལ་བཏུངས་ནས་ཞབས་འདྲེན་འགའ་ཡང་ཞུས་པ་དྲན། ད་ནི་མི་འཐུང་བསམ་པའི་དམ་བཅའ་ཞིག་བཞག་ནས་འགྲོ་བཞིན་མཆིས་མོད་ལེགས་པར་བསམ་ན་ང་ལྟ་བུ་ཡུན་རིང་འཚོ་ཡང་ས་ཟད་རོགས་ཙམ་ལས་ཅི་མི་གདའ་དྲན།
ཨ་རག་མེད་ན། སྙན་ངག་མེད། དགེ་ཆོས་མེད་ལ། རང་གྲོལ་ཡང་མེད། ཚངས་རྒྱམ་ཡང་མེད་ལ། ད་དུང་། སྙན་ཞིང་སྐྱོ་བའི་གླུ་མ་རིག་འཛིན་སྒྲོལ་མའི་གླུ་ཡང་མེད་ལ། དེ་བས་ཀླུ་སྨྱོན་གྱི་ཚོར་རྐྱེན་ཟབ་པའི་སྙན་ངག་ག་ལ་ཡོད། དྲན་དབང་དུ་ཚེ་རིང་སྐྱིད་ཀྱིས་རྒུན་ཆང་དམར་པོ་ཞིག་བཏེགས་ནས། ཡོད་ཚད་མེ་ལ་བསྲེགས་པ་ཐོས་མྱོང་ལ། ཆང་མ་ཡེ་ཤེས་སྒྲོལ་མར་དམ་བཅའ་བཞག་མྱོང་བའི་ཚངས་དབྱངས་རྒྱ་མཚོ་ཡང་སྡོམ་པ་ག་ཚོད་ཤོར་མྱོང་།
ཆང་འཐུང་ནས་མཆིན་པ་རུལ་བསྡད་ཡོད།
ཐབས་ཟད་ནས་སྨན་བཅོས་བྱེད་ཀི་མེད།
མྱི་ཤི་ན་ཆང་གིས་ཤི་རྒྱུ་ཡིན།
ཚེ་རིང་ན་ཆང་ལ་དད་རྒྱུ་ཡིན།
ཆང་མ་ལོབ་སྔོན་ལ་འདང་ཞིག་རྒྱོབ།།
ཆང་ལོབས་ན་འཇོག་པར་སྡུག་ཞིག་འདུག།
ཆང་མ་འཐུང་ཆང་རྐྱལ་ཆུང་ཆུང་ཚོ།།
ཆང་འདི་ཡིས་མྱི་གསོད་བདག་གསོད་བྱེད།
ཆང་གི་ཉེས་དམིགས།
རྩྭ་ཡི་ཟིལ་པ་ཙམ་ཡང་འཐུང་མི་བྱ། །
འཐུང་ན་མི་སྤུས་གཙང་མ་རྙོག་པར་གྱུར། །
རྙོག་ན་མི་ཚེ་རྙོག་དྲའི་ནང་ལ་ཚུད། །
ཚུད་ཕྱིན་དེ་ནས་ཐར་པ་ཤིནད་ཏུ་ཉུང་། །