རྨེ་སྲིབ་ནོར་བུ
་་་་་་་་་་་་་༡་་་་་་་་་་་་་
ལོ་དང་བསྐལ་བར་བསྙལ་བའི་རྒུན་ཆང་འདི།།
ས་ཕོར་ནང་དུ་མེར་བར་རྔུབ་ཐེངས་རེར།།
འཇིག་རྟེན་འཇིག་པའི་ཟིན་ཐོ་ཤི་གཟུགས་མ།།
ཆང་ཕོར་ཁ་ནས་རོ་ལངས་བྱེད་ཡོང་གི།
ཁ་བའི་མེ་ཏོག་བཞད་པའི་ཐང་ཆེན་དུ།།
སྦྲ་དང་སྤྲེ་འུས་བདེ་སྐྱིད་འཚོ་སྟངས་ལས།།
མི་ཡི་ཞལ་རས་འཛུམ་བའི་ཟླ་བ་ཞིག།
སྨན་ལྗོངས་རི་བོའི་སུལ་ནས་ཤར་ཡོང་གི།
རང་བྱུང་མྱུ་གུ་འབུས་བའི་རི་ལུང་ལ།།
ཤིང་འབྲས་སིལ་ཏོག་འཚོལ་བའི་ཕོ་མོ་ཚོས།།
རྡོ་བཟོའི་ཡོ་བྱད་བཟུང་ནས་རྩེ་དགོད་ངང༌།།
བག་ཡངས་རྒྱུ་བའི་ལོ་ཟླ་ཇེ་གསལ་རེད།།
སྔོ་ལྗང་སྤང་ལ་སྦྲ་ནག་ཕུབས་བའི་ནང༌།།
ཟས་དཀར་རྩམ་པས་སྣོད་ཁ་གང་ཉིན་མོ།།
ཤ་མར་ཐུད་གསུམ་ཟ་བའི་མི་རིགས་ཀྱི།།
དམར་ཆུང་བྱུ་རུའི་འགྲམ་པ་མཛེས་པ་ལ།།
གཡང་དཀར་ལུག་ཁྱུའི་པགས་སློག་དྲོན་པོ་ཞིག།།
མཛེས་པར་བཀླུབས་པའི་གངས་རིའི་ལྷ་མོ་ཡིས།།
གདོང་རུས་དྲུག་གིས་ཞབས་བྲོ་འཁྲབ་ཡོང་དུས།།
བདག་གི་ཆང་ཕོར་ཆང་གིས་ཇེ་བཟི་རེད།།
་་་་་་་་་་་་་༢་་་་་་་་་་་་
དཀར་ཞིང་གཙང་བའི་ལང་ཚོའི་མཛེས་ལྗོངས་ནི།།
ནམ་ཡང་སེམས་ཀྱི་ངོགས་ནས་མི་ཡལ་གི།
ཧ་ཅང་ངོ་མཚར་ཆེ་བའི་པོ་ཏ་ལ།།
མིག་ཟུང་དཔྲལ་བའི་བར་དུ་ཇེ་གསལ་རེད།།
གསེར་གྱི་རྒྱ་ཕིབས་འོག་གི་དྲིལ་བུའི་ལྕེར།།
འཇམ་བོ་རླུང་གི་ལག་པས་ཁེལ་ཐེངས་རེར།།
བརྗིད་ལྡན་བརྩིགས་པའི་ངོས་ཀྱི་སྒེའུ་ཁུང་ལས།།
རྟ་དམག་བྱེ་བའི་ཚོགས་རྣམས་ཤོར་ཡོང་གི།
ངར་སྐད་དབྱིངས་སུ་བསྒྲོགས་པའི་ཀི་ཀི་བསྭོས།།
ཀླུང་རྟའི་དབུ་འཕང་དགུང་ལ་སྐྱེལ་ཞོར་དུ།།
ཧི་མ་ལ་རིའི་བྲག་གི་ལྗོངས་ཡངས་སུ།།
ཉལ་བའི་འདབ་ཆགས་རྣམས་ཀྱང་དཀྲོགས་སོང་ཐལ།།
གངས་ཀྱི་སེང་གེ་གནམ་ནས་བསྐོས་སོ་ཞེས།།
དམག་རྟས་སྐོར་བྲོ་འཁྲབ་པའི་འཇིགས་སྣང་དབུས།།
བལ་བོའི་ལྷ་རྗེས་རང་གི་སྲས་མོ་ལ།།
མཛེས་པའི་རྒྱན་ཆ་སྦུད་ནས་འབུལ་གྱིན་འདུག།
ལྷོ་བྱང་ཚ་གྲང་འདྲེས་མའི་གནམ་གཤིས་འོག།
ཞི་བདེའི་རི་གྲོང་མཛེས་པའི་བསྟི་གནས་སུ།།
བཙན་པོས་རུ་དཔུང་བསྡུ་བའི་དམིགས་རྒྱང་ནི།།
ཆུ་མོ་གང་གཱའི་ཀླུང་དུ་འདྲིས་སོང་ཐལ།།
མེས་པོའི་སེམས་པ་རྟོགས་པའི་སྤྲེའུ་རྒོད་ཚོས།།
དམག་རྟའི་ཁ་ལོ་མ་གཱ་ངྷ་རུ་སྒྱུར།།
དེ་ཝའི་སྙིང་སྟོབས་ཤི་བའི་དུར་ཁང་སྒོར།།
བོད་ལྷམ་སྣེ་འཁྱིལ་བཏགས་ནས་དགོད་ཀྱིན་འདུག།
འཕགས་ཡུལ་ཆོས་གླིང་ཆེན་བོའི་དབུས་ཤིག་ན།།
འོད་ཀྱིས་མཛེས་པའི་མཆོད་རྟེན་ཆེན་བོ་ལས།།
རྒྱལ་བའི་རང་སྲེལ་བྲེ་སྣོད་གང་ཁུར་ནས།།
བཙན་པོའི་རུ་དཔོན་ཡུལ་ལ་བསྐྱོད་ཀྱི་འདུག།
ལྷ་ཆུ་གང་གཱས་འཁྱུད་གར་བྱེད་ས་ལ།།
ལྕགས་ཀྱི་ཀ་བ་བཙུགས་པའི་ངོས་ཤིག་ཏུ།།
ཀ་ཁས་རོལ་དབྱངས་གྱེར་བའི་ཚེ་སྲོག་འདི།།
ནམ་ཡང་མ་ཉམས་ཟེར་ནས་ཆས་སོང་ཐལ།།
དུས་རབས་དུ་མའི་རླབས་ཤུགས་བཙན་པོ་ཡིས།།
ལན་མང་དྲས་ཀྱང་རྣོ་ལྕགས་མི་ཆོད་ཀི།
གངས་རིའི་དབུ་འཕང་ཁུར་བའི་ལྕགས་སྡོང་དེ།།
བདག་གི་ཆང་ཕོར་ནང་ནས་སྐྱེས་ཡོང་གི།
་་་་་་་་་་་་་་་་༣་་་་་་་་་་་་་་་་
སྤྲེའུ་རྒོད་ཚང་གི་དམག་རྟའི་རུ་བསྒྲིགས་ཀྱི།།
མདུན་བསུ་སྙན་མོའི་རྔ་ཆེན་རྡུང་བཞག་ཐལ།།
མཚོན་ཆ་རྣོན་པོའི་སོ་ཁ་འཁོར་ཤུགས་ཀྱིས།།
ཤར་ཕྱོགས་གནམ་སའི་བར་མཚམས་གཤགས་སོང་ཐལ།།
ཙི་ནའི་བདག་པོས་ཡུལ་གྱི་འབངས་མི་ལ།།
ངོ་ཚས་གནོང་བཞིན་རང་གི་སྲས་མོ་ཡང༌།།
གསེར་ཁྲབ་སེར་པོའི་སྐྱེས་ལན་བརྫངས་ཞོར་དུ།།
བདེན་པའི་ལོ་རྒྱུས་རྫུན་གྱིས་སུབ་བཞག་ཐལ།།
མདའ་མདུང་གྲི་ཡིས་བཏེགས་པའི་ཁྲི་སྟེང་ན།།
ཟླ་བཞིན་མཆི་མས་སྦགས་པའི་ཀོང་ཇོ་ཡི།།
སྐྱོ་སྣང་མིག་ཆུའི་ཐིགས་པ་རེ་རེ་ཡང།།
བདག་གི་ཆང་ཕོར་ཁ་ལ་འཛར་གྱིན་འདུག།
་་་་་་་་་་་་་་༤་་་་་་་་་་་་་་
ཤར་དང་ནུབ་ཀྱི་རྗེ་དང་རྒྱལ་པོ་ཡིས།།
གཅེས་པའི་སྙིང་དང་འདྲ་བའི་སྲས་མོ་ཚོའི།།
བརྩེ་སེམས་མེ་ཏོག་དམར་པོའི་འདབ་མ་ཡང༌།།
གངས་རིའི་མདངས་སུ་མ་འདྲེས་རང་འདྲེས་རེད།།
མཐོ་སྒང་རི་ལུང་གཙང་མའི་ལྗོངས་ཤིག་ཏུ།།
གཙུག་ལག་ལྷ་ཁང་མང་པོས་གང་ཡོང་དུས།།
བོད་འབངས་རིག་པའི་གྲོང་ཁྱེར་ཆགས་ཡོང་དུས།།
བདག་གི་ཆང་ཕོར་བཟི་ནས་གཉིད་སོང་ཐལ།།
་་་་་་་་་་་་་་་་་༥་་་་་་་་་་་་་་་
ཨེ་མ་ཤཀྱཱའི་ཐུགས་ཀྱི་ལྷ་སྲས་ཤིག།
གན་རྐྱལ་སྲིན་མོའི་སྙིང་གི་མཚོ་ཁ་ལ།།
བབས་ནས་རྫུ་འཕྲུལ་འོད་ཀྱི་ལྷ་ཁང་ཞིག།
ངོན་སུམ་མཐོང་བའི་མིག་ལ་བསྐྲུན་བཞག་ཐལ།།
དམར་དང་སེར་གྱི་གོས་བཟང་བཀླུབས་པའི་སྡེ།།
དབེན་ལྗོངས་རི་བོའི་སུལ་ལ་གནས་བཅས་ནས།།
འདྲེན་བྱེད་སྐར་ཚོགས་འབུམ་གྱི་རྩེ་དགའ་ཡིས།།
ཤཀྱཱའི་ཐུགས་ཀྱི་གསང་བ་འཚོལ་གྱིན་འདུག།
ཡིན་དང་མིན་གྱི་དབྱེ་བ་ཕྱེས་ཕྱེས་ནས།།
ཡང་དག་བདེན་བའི་གནས་ལུགས་ཇེ་གསལ་རེད།།
ཡོད་དང་མེད་ཀྱི་ཆོས་ཉིད་བརྩད་བརྩད་ནས།།
གངས་རིའི་མདངས་ཀྱིས་ནམ་མཁའ་བསྒྲིབས་སོང་ཐལ།།
ཟླ་བའི་འོད་འཛུམ་བབས་པའི་རི་ཚོགས་སུ།།
གནའ་དེང་ཆོས་ལུགས་གྲུབ་མཐའི་ཕྱོགས་བཟུང་ནས།།
མཛའ་མཐུན་རླུང་གིས་བསྲུབས་པའི་ཁྲག་ཐིགས་ཤིག།
བདག་གི་ཆང་ཕོར་ནང་ལ་ཟགས་སོང་ཐལ།།
་་་་་་་་་༦་་་་་་་་་་
དྲེགས་པས་སྨྱོས་པའི་གངས་སེང་དཀར་མོ་ཡིས།།
གསེར་འབྲུག་སེར་པོ་སྤྲིན་ལས་བཙན་བཟུང་སྟེ།།
ཁྱོད་དང་ང་ཡི་བར་མཚམས་འདི་ཡིན་ཞེས།།
རྡོ་རིང་བརྗིད་པོས་གནམ་ས་བཅད་བཞག་ཐལ།།
བློན་ངན་མི་ཡིས་སྐུལ་བའི་ལྷ་སྲས་ཀྱིས།།
རང་གི་ཕུ་བོའི་སྐུ་ཚེ་བཅད་གཏུབ་ཀྱིས།།
དམེ་བོ་ཁྲག་གིས་སྨྱོས་པའི་ཟིན་ཐོ་ཞིག།
འཁྱགས་རི་དཀར་པོའི་ངོས་སུ་འབྲི་བཞིན་འདུག།
སྣང་སྲིད་དངོས་པོའི་ཁ་དོག་རྫོབ་བྱེད་ཀྱི།།
རླུང་ནག་སྤྲིན་ལ་འདྲེས་པའི་རྦ་རླབས་ཤིག།
ལྟས་ངན་འཚུབ་མ་དགུ་འཁོར་འཁོར་འཁོར་ནས།།
བདག་གི་ཆང་ཕོར་ཁ་ལ་འབབ་ཀྱིན་འདུག།
་་་་་་་་་་་་་༧་་་་་་་་་་་་་
གཡའ་དག་ཆུ་ཤེལ་གཙང་མའི་ངོས་ཤིག་ལ།།
གསེར་དང་དངུལ་གྱིས་བྲིས་པའི་རིག་པའི་གཞུང༌།།
རྔམ་ནག་མེ་ཡི་ཁ་ལ་བཅུག་པའི་རྗེས།།
གངས་རིའི་བླ་སྲོག་སོལ་བར་གྱུར་སོང་ཐལ།།
ཆོས་དང་རིག་པ་སྐྲུན་པའི་དགེ་སྦྱོང་དག།
གསོད་རའི་ནང་ན་ལྷན་ཅིག་སྒོར་བཞག་ཐལ།།
ཅི་ཡིན་གནས་ལུགས་མེད་པའི་ལྗོངས་ཤིག་ན།།
ཉི་མ་སེར་པོའི་འོད་མདངས་ཇེ་ནག་རེད།།
རི་རྐྱང་སྔོན་མོའི་མགོ་ཡི་འཇག་སྐྱ་ཡིས།།
ཤུགས་གླུ་རླུང་ལ་བསྐུར་བའི་དུས་ཤིག་ལ།།
གཡུ་ཡིས་མཛེས་ལྗོངས་བསྐྲུན་པའི་མི་ཡུལ་ལ།།
ཁ་བ་ནག་པོ་འབབ་ཐེངས་ཇེ་མང་རེད།།
ཐུགས་སེམས་གདོན་གྱིས་བསླུས་པའི་སྒོམ་གྲྭ་པས།།
འཁྱོག་པོའི་གཞུ་མོ་བཀང་བའི་མདའ་སྣེ་ན།།
ལྷ་རྗེ་བཙན་པོའི་ཚེ་སྲོག་དྲངས་དུས་སུ།།
བདག་གི་ཆང་ཕོར་ཆང་གིས་བཀད་བཞག་ཐལ།།
་་་་་་་་་་་་་༧་་་་་་་་་་་་་་་་་
མཁའ་ན་སྤྲིན་ནག་མང་པོས་འདུ་འགོད་འཁྲིགས།།
ས་ན་དམུ་རྒོད་མང་པོས་སྨྱོ་རྒྱུགས་བྱེད།།
གནམ་ས་མགོ་རྟིང་བསློགས་པའི་ཡུལ་ཞིག་ན།།
སྙིགས་དུས་ངོ་མའི་ལེའུ་ཤར་ཡོང་གི།
གངས་རིའི་དབུ་འཕང་དགུང་ལ་འདེགས་བྱེད་ཀྱི།།
དམག་སྲིད་གསེར་གྱི་ཀ་བ་ཆག་སོང་ཐལ།།
བརྩིགས་མཁར་ཕྱོགས་བཞི་འཐོར་བའི་དུས་ཤིག་ལ།།
བཙན་པོའི་འཇིག་རྟེན་ས་འོག་གླེབ་སོང་ཐལ།།
ཆོས་སྲིད་རིག་གཞུང་འཚིག་པའི་བྱེ་ཐང་དུ།།
སྐྱབས་མེད་མགོན་མེད་ཚོགས་ཀྱིས་འགྱོད་གདུང་གིས།།
ཅི་བྱེད་འདི་བྱེད་མེད་པར་དུར་ཁང་སྒོ།།
གཏོར་ནས་སྐུ་པུར་འཁྱགས་པོར་རྡུང་གིན་འདུག།
བཙན་པོའི་དུས་ཀྱི་མཇུག་མཐའ་རྫོགས་ཉིན་མོ།།
རྒྱལ་ཁབ་གཅིག་གི་མངའ་འབངས་འཐོར་ཉིན་མོ།།
དམེ་ཁྲག་དམར་པོའི་རྦ་ཀླུང་འཕྱུར་ཉིན་མོར།།
བདག་གིས་འཐུངས་པའི་དབུ་ཆང་སྐྱུགས་བཞག་ཐལ།།
་་་་་་་་་་༨་་་་་་་་་་་
བདེ་སྐྱེད་མཚོ་མོ་ཆབ་རོམ་འཁྱགས་པའི་ངོས།།
ཟླ་བའི་སྐྱོ་འཛུམ་ལྷུང་བའི་དགུན་གཞུང་ནས།།
མཁས་པའི་ཤེས་རབ་མེ་ལྕེ་ཕྲ་མོ་ཡིས།།
གངས་རིའི་སྲོག་གི་ཆ་ཤས་གསོ་གིན་འདུག།
སྲིད་གཞུང་ལ་ཁའི་དར་ལྕོག་ཆུང་ཆུང་འདི།།
ལྟ་གྲུབ་ཆགས་ཞེན་འཕྱུར་བའི་རླུང་ཤུགས་ཀྱིས།།
ཕྱོགས་བཞིའི་ཆོས་རྒྱུད་ཁག་ལ་ཁུར་དུས་སུ།།
བོད་མིའི་ཆོས་དད་རྒྱ་མཚོ་ཇེ་ཟབ་རེད།།
སྟེང་འོག་བར་གསུམ་ལྷ་གླུའི་འཇིག་རྟེན་རེར།།
བློས་བཞེངས་བགྱི་བའི་ཆོས་པ་ཇེ་མང་རེད།།
བོད་མི་འཚོ་བའི་འཇིག་རྟེན་ཆ་ཚང་ཞིག།
འཛུགས་སྐྲུན་བྱེད་པའི་མཁས་པ་མ་ཡོད་ཐལ།།
བུ་ལ་མེས་པོས་བསྐྲུན་བའི་རྒྱལ་མཚམས་སུ།།
རྡོ་དང་ལྕགས་ལ་བྲིས་པའི་ཡི་གེ་དག།
ཁྱིམ་མཚེས་རྐུན་པོས་གཏོར་བརླག་བྱེད་དུས་སུ།།
ཡུམ་བུ་བླ་མཁར་ཁོང་ཁྲོས་འཆི་བཞིན་འདུག།
ཤར་ནུབ་གངས་རི་དཀར་པོའི་མངའ་གཞིས་རྣམས།།
ཇག་ཚོགས་རེ་རེས་འཕྲོག་བཅོམ་བྱེད་ཉིན་མོར།།
གནའ་བོའི་ལྗོངས་ཀྱི་བཙན་པོའི་དམག་སྡེ་རྣམས།།
དུས་སུ་མཁོ་རུང་དམག་དཔོན་གང་ན་ཡོད།།
ཤར་ཕྱོགས་འཇམ་དབྱངས་སེར་པོའི་གཟུགས་བརྙན་དེ།།
མི་མཐོང་ནམ་མཁའི་དབྱིངས་སུ་ཡལ་ཤུལ་ནས།།
མའོ་ཙེ་ཏུང་གི་ངོ་གདོང་ཤར་དུས་སུ།།
སྤྲེའུ་རྒོད་ཚང་གི་རྨི་ལམ་སད་ཡོང་ཐལ།།
གངས་སེང་འབྲུག་ལ་འཇིགས་པའི་དུས་ངན་ཞིག།
ཤར་གླིང་སྲིན་པོའི་རྫོང་ནས་ཤར་ཡོང་དུས།།
ལྷ་སྲུང་བཙན་སྐུལ་བྱས་ཀྱང་མི་བཞེངས་ཀི།
རྔ་སྦུབ་དྲག་རྡུང་བྱེད་རུང་མི་གོ་གི།
དར་དམར་འོག་ནས་བོད་མིའི་ཁྲག་རྒྱུན་བཞུར།།
ལྷོ་བལ་འབྲུག་ནས་བོད་མི་དམར་གསོད་བྱེད།།
བདག་སྙིང་གསོན་པོ་རྨ་ཡིས་གང་སོང་ཐལ།།
ཡང་བསྐྱར་ཆང་ཞིག་ཁུར་ཤོག་ཆང་བདག་མ།།
རྫོགས་ལྡན་དུས་ཀྱི་སེང་གེ་མཐུར་མེད་དང༌།།
སྙིགས་མའི་དུས་ཀྱི་སྨྱུ་གུ་ཁྲིམས་མེད་གཉིས།།
ཆང་དང་བདུད་རྩིའི་བཏུང་བ་མི་འདྲ་ན།།
བཟི་ནས་སྙིང་གཏམ་བཤད་པ་འདྲ་འདྲ་རེད།།
བལ་ཡུལ་གྱི་གནའ་བོའི་བདུད་རྩི་ཁང་ཞིག་ནས་བྲིས།