ནག་པོ་སྦྲུལ་ཀྱི་མདུད་པ།
དབུགས་རིང་ཞིག་གི་སྣེ་མོར་ངུ་བའི་ལས་བསྐོས་ཁྲིམས་ཆད་འཁུར་བཞིན་དུ།།
ཉི་མ་ནུབ་རིའི་ཕྱོགས་ལ་ཅེར་བཞིན་ད་དུང་ཅི་ཞིག་ཡོང་བར་བསྒུགས།།
ཅི་ཡང་མེད་པའི་ཕུགས་བསམ་ནང་ལ་ལག་པ་ཡང་ཡང་བཅུག་པ་ན།།
ཇི་ལྟར་བྲིས་པའི་དམིགས་འདུན་འཕོངས་ཚོས་རྗེན་པར་ལྷང་ལ་བུད་ནས་ཐལ།།
གསང་བ་བྱས་པའི་གཏམ་རྒྱུད་དེ་ཡང་དེ་ནས་རྫོགས་པའི་འཁྲབ་ཚན་ཞིག།
ནམ་མཁའི་ངོས་སུ་གློ་བུར་ཡལ་བའི་སེམས་ཀྱི་འཆར་སྣང་བན་བུན་དག།
རེས་འཇོག་མེད་པར་རྟག་ཏུ་འཁྱུགས་པའི་སེམས་དང་བསམ་བློའི་གཏིང་རུམ་ན།།
ཁྱོད་ཀྱིས་བརླབས་པའི་བྱིན་རླབས་དེ་ནི་མེ་ལྕེ་ཞིག་གི་ཟོལ་གྱིས་འབར།།
དྲིན་བྱས་འཁོར་བའི་གླེང་གཞི་དེ་ཡང་གླེང་སློང་ཚུལ་གྱིས་བགྲོ་བར་བསྐུལ།།
སྐད་ཅིག་གཅིག་གིས་ཅིག་ཅར་མཁྱེན་པའི་སྙིང་རྗེ་བདག་པོར་ཕྱག་གསུམ་འཚལ།།
ཡོད་ན་གསོད་ཅིང་མེད་ན་འཆི་བའི་སྙིང་གི་མེ་ཏོག་འདབ་མ་བརྒྱད།།
ཞེན་ཆགས་ཆང་གི་ཕོར་བའི་ཁ་ནས་ཧུབ་ཐེངས་གཅིག་གིས་རྔུབ་ལ་ཁད།།
སྒེའུ་ཁུང་ཕྱི་ཡི་ཡུལ་ལྗོངས་དེ་ཡིས་ནམ་ཟླ་སྟོན་གྱི་རང་མདངས་སྟོན།།
ཁང་ཁྱིམ་ནང་གི་བསམ་གཞིག་འདི་ཡིས་ཕུགས་འདུན་ཞིག་གི་འཁྲབ་གཞུང་འབྲི།།
ཕར་ཕར་གཟུར་པའི་རྟོག་བཏགས་གྲོགས་འགས་ཅ་ཅོའི་གཞུང་ལུགས་རྩོམ་པའི་དུས།།
ལམ་ལུགས་སྲོལ་གྱི་ཐམ་ཀ་བརྒྱབས་པའི་མི་ཚེའི་ཆང་ཕོར་ས་ལ་བརྡབས།།
༡༩ ༤ ༢༠༡༣
རྡོབས། རྡོབས། རླིག་རིལ་རྡོ་ལ་རྡོབས། མཇེ་མགོ་པུས་མོར་རྡོབས། ད་དུང་་་་
སྐད་གཅིག་འཕྲུལ་གྱིས་འཇིག་རྟེན་སྒྱུ་མ།།
གཡོ་བའི་རི་ལུང་མེ་ལྕེའི་གང་སོང་།།
བདེན་ཚིག་འོ་མས་ཡུལ་གྲུ་ཡོངས་ལ།།
དམར་བོ་ལྕེ་ཡིས་འོ་དྲི་མ་ཚོར།།
ངུ་ངག་ཞིག་གི་གདུང་དབྱངས་གྱེར་བས།།
སྙིང་རྗེ་སེམས་པ་ཁ་ལོ་མ་སྒྱུར།།
སྙན་ཚིག་རི་མོས་སྒྱུ་སྩལ་ངོམས་ཀྱང་།།
ངག་གི་དབང་མོའི་དགོད་སྒྲ་མ་ཐོས།།