རས་པ།
—འདི་ནའང་དྲག་ཏུ་ལྡིང་བཞིན་པའི་སྙིང་གསོན་པོ་ཞིག་ཅེས་པའི་སྙན་ངག་གི་གསང་བ་ཞིག།
ཀྲུང་གོའི་རིག་གནས་གསར་བརྗེའི་ལོ་རབས་དང་བསྟུན་ནས་འཚར་ལོངས་བྱུང་ཞིང་། བོད་ཀྱི་དེང་རབས་རྩོམ་རིག་གི་དེད་དཔོན་ལྟ་བུར་གྱུར་བའི་སྐུ་ཞབས་དོན་གྲུབ་རྒྱལ་ལགས་ཀྱི་མཚན་སྙན་འདས་པའི་ལོ་ཤས་རིང་གནམ་ལ་འཕུར་ཞིང་། ཁོང་གི་གསུང་རྩོམ་ཕྱོགས་སྒྲིག་ཡང་སྒྲིག་དང་། ཞིབ་འཇུག རྗེས་དྲན་སོགས་ཀྱང་བསྟུད་མར་སླེབས། དེ་དང་མཉམ་དུ་རང་གྲོལ་དམ་པ་ཁོང་གི་ཐད་ལ་རྩོད་པའང་མང་པོ་འབྱུང་བཞིན་ཡོད་དེ། སྙན་ངག་གསར་པའི་སྲོལ་བཏོད་མཁན་ཡིན་དང་མིན། བསམ་བློ་བ་ཡིན་དང་མིན་ལྟ་བུ་ཡོད་པ་མ་ཟད། <<འདི་ན་ཡང་དྲག་ཏུ་མཆོང་ལྡིང་བྱེད་བཞིན་པའི་སྙིང་གསོན་པོ་ཞིག་འདུག་ >>ཅེས་པའི་སྙན་ངག་འདི་ཆང་རིན་ཡིན་ནམ། དྲན་རྟེན་ཡིན་གྱི་སྐོར་ནས་ཀྱང་རྩོད་གླེང་བྱུང་འདུག།
སྙན་ངག་འདི་མཚོ་སྔོན་མི་རིགས་སློབ་གྲྭ་ཆེན་མོར་བྲིས་པ་དང་། སྐབས་དེར་སློབ་མ་མང་པོ་ཞིག་ལ་དཔར་བཤུས་རག་ནས་བཀླགས་ཡོད་པ་ནི་རྩོད་པ་མེད་པ་ཞིག་ཡིན་པ་འདྲ། དེ་ཡང་སྐུ་ཞབས་ལྗང་བུ་ལགས་ཀྱིས་ལ་རྩེ་ཇ་ཁང་ཞེས་པའི་སྐད་འཕྲིན་ཚོམས་སུ་གསུང་བཤད་གནང་བའི་ནང་དང་། མཁྱེན་ལྡན་མ་འཆི་མེད་ལགས་ཀྱིས་བྲིས་པའི་<<ང་རང་གསར་རྩོམ་ལ་ཞུགས་པའི་གོ་རིམ་དང་དེ་ལས་ཐོབ་པའི་མྱོང་ཚོར་>> ཞེས་པར་གསར་ཞིང་། དེ་བཞིན་སྐུ་ཞབས་དཔལ་ལྡན་རྒྱལ་ལགས་ཀྱིས་རང་གི་ཟིན་བྲིས་དྲ་བར་། “༡༩༨༠ དཀྱིལ་ཙམ་ལ་ཁོང་གི་སྙན་རྩོམ་འདི་པར་སྐྲུན་མ་བྱས་གོང་། ངའི་སློབ་གཉེར་བྱེད་སའི་མཚོ་སྔོན་མི་རིགས་སློབ་གྲྭ་ཆེན་མོའི་བོད་རིགས་སློབ་མ་ཁག་ཅིག་གི་ལག་ཏུ་སྙན་རྩོམ་འདིའི་མ་ཡིག་ལག་བྲིས་ཞིག་རག་ཡོད་པ་དེ། ང་ཚོས་ཕར་བཤུ་ཚུར་བཤུ་བྱས་ནས་སློབ་མ་མང་པོ་ཞིག་གིས་སྙན་རྩོམ་འདི་བློ་ངོར་ཀློག་ཐུབ་ཀྱིན་ཡོད།” ཅེས་གསུངས་འདུག
འོན་ཀྱང་། སྙན་ངག་འདི་ཆང་རིན་ཡིན་ནམ། ཡང་ན་དྲན་རྟེན་ཡིན་པའི་སྐོར་ལ་སྐུ་ཞབས་ལྗང་བུ་ལགས་དང་མཁྱེན་ལྡན་མ་འཆི་མེད་རྣམ་པ་གཉིས་ཀྱིས་སོ་སོར་བྱུང་རིམ་རེ་བཤད་ཡོད་ཅིང་། ཁོང་རྣམ་པ་གཉིས་ཀ་བོད་ཀྱི་སྙན་ངག་པའི་སྡེར་གྲགས་པ་ཡོད་པའི་མི་སྣ་གཉིས་ཡིན། སྐུ་ཞབས་ལྗང་བུ་ལགས་ཀྱིས་ “ང་སོང་སྟེ་ཨ་རག་དཀར་པོ་ཤེལ་དམ་གཅིག་དང་ཝུ་ཆང་ཁ་ཤས་ཉོས། དེ་ནས་ངས་ཀུ་རེ་ཡང་ཡིན་པ་ནན་ཏན་ཡང་ཡིན་པའི་སྒོ་ནས། ང་སློབ་མ་ཞིག་རེད། ངས་ཁྱོད་ལ་ཆང་བླུད་ན་ཁྱོད་ཀྱིས་ང་ལ་ཆང་རིན་སྟེར་དགོས་ཨ། ཡིན་གཅིག་མིན་གཅིག་རྩོམ་ཞིག་ཕྲིས་ཞེས། ཤོག་བུ་ཡང་དྲན་གྱི་འདུག་སྟེ། རྒྱ་ཡིག་འབྲི་སའི་གྲུ་བཞི་གྲུ་བཞིར་ཡོད་པའི་ཐིག་ལྗང་ཁུ་ཅན་དེ་འདྲ་ཞིག་དང་སྨྱུ་གུ་ཞིག་བཞག་སྟེ་ངེད་ཅག་དཔེ་ཁྲིད་དུ་བུད་སོང་། ” ཞེས་དང་། “ང་ཚོ་ཉལ་ཁང་དུ་ཡོང་དུས་ཁོ་ཚོའི་ཕ་ཡུལ་གཅིག་པའི་བུ་མོ་ཞིག་ཡོད་པ་རེད། ང་ཚོའི་འཛིན་གྲྭར་ཡོད་པ་རེད། དོན་གྲུབ་རྒྱལ་གྱིས་རྩོམ་བྲིས་ཚར་ཏེ་ཁོང་གཉིས་ཁ་བརྡ་བྱས་ནས་བསྡད་འདུག ཆང་དང་ཝུ་ཆང་ཡང་བཏུང་ཚར་འདུག ནང་ལ་སླེབས་མ་ཐག་འདི་རེད། ཆང་རིན་བྲིས་ཡོད་ཅེས་ཟེར། ཡ་འདི་ཅིག་ཀློགས་དང་ཟེར།” ཞེས་གསུངས་ཡོད། (བྱུང་རིམ་ཆ་ཚང་<<རང་གྲོལ་གྱི་སྙན་ངག་ལྗང་བུས་བཀྲོལ་བ།>>ཞེས་པ་ཀློགས།) གསུང་བཤད་འདིར་མུ་མཐུད་སྙན་ངག་འདིའི་སྐོར་ནས་སྡེབ་སྦྱོར་བྱེད་སྟངས་དང་སྙན་ངག་གི་ནང་དོན། མཚོན་སྟངས་སོགས་རྩོམ་མཁན་རང་གིས་བཤད་པ་རྣམས་ལ་དྲན་གསོ་བྱས་ཡོད།
སྐུ་ཞབས་ལྗང་བུའི་བྱུང་རིམ་འདི་དང་རྦད་དེ་མ་འདྲ་བ་བཤད་མཁན་ནི་སྐུ་སྐྱེས་མ་འཆི་མེད་ལགས་ཡིན་པ་དང་། ཁོང་མོས་“དེ་བཞིན་དུ་མཚོ་སྔོན་མི་རིགས་སློབ་གྲྭ་ཆེན་མོ་ནས་ཀྱང་ངེད་ཅག་ལ་སློབ་ཁྲིད་གྲུབ་པའི་རྗེས་ཀྱི་ཉིན་དེའི་ཕྱི་དྲོར་རྒན་ཁོང་ (དོན་གྲུབ་རྒྱལ་རང་གྲོལ) དང་ང་ཚོའི་འཛིན་གྲྭ་གོང་འོག་གི་སློབ་མ་འགས་མཉམ་དུ་དགོང་ཟས་རོལ་བའི་རྗེས་སུ་སློབ་གྲོགས་ཕོ་ཚོའི་མལ་ཁང་ཞིག་ཏུ་ནམ་སྨད་བར་རྒན་ཁོང་གིས་ང་ཚོར་རྩོམ་རིག་དང་ལོ་རྒྱུས་སོགས་ཁ་ཏ་ཡར་མར་མང་པོ་བྱས་ཤིང༌། ཞོར་དུ་རྒན་ཁོང་གིས་ཨ་རག་ཀྱང་ཉུང་ཙམ་བཞེས་པ་རེད། ངེད་ཅག་ཁོང་གི་མཐར་རུབ་སྟེ་ཁ་བརྡར་ཉན་ནས་ནམ་ལངས་ལ་ཉེ་དུས་ཤིག་ལ་རྒན་ཁོང་གིས་རང་གི་བྲང་ཁུག་ནས་དུ་ཤུབས་ཤིག་བླངས་ནས་སྟེང་ལ་ཅི་ཞིག་འབྲི་རྩིས་བྱེད་སྐབས། སློབ་གྲོགས་ཤིག་གིས་ཤོག་བུ་ཞིག་འཁྱེར་ཡོང་ནས་རྒན་ལགས་ལ་ཕུལ་པ་ན། རྒན་ལགས་ཀྱི་སྨྱུག་རྩེ་འཁྱུག་ཐེངས་གཅིག་གིས་བྲིས་ཚར་ཏེ་ང་ཚོར་སྟོན་དུས། “འདི་ནའང་དྲག་ཏུ་མཆོང་ལྡིང་བྱེད་བཞིན་པའི་སྙིང་གསོན་པོ་ཞིག་འདུག —བདག་ལ་བདུད་རྩི་དྲངས་པའི་གྲོགས་པོ་འགའ་ལ་དྲན་རྟེན་དུ་ཕུལ། རང་གྲོལ།”ཞེས་ཤ་རུས་ཡོམ་ཡོམ་སྒུལ་ནུས་པའི་རང་མོས་སྙན་ངག་གྲགས་ཅན་དེ་བྲིས་འདུག་ཅིང༌། གཤམ་དུ ༡༩༨༥ ལོའི་ཟླ ༧ཚེས ༢༡ ཞེས་ཟླ་ཚེས་ཤིག་ཀྱང་བཀོད་འདུག རྗེས་ལ་རིམ་གྱིས་སྙན་ངག་དེའི་ཁ་བྱང་ཆུང་བ་དེ་དང་ཟླ་ཚེས་སོགས་ཅི་ཞིག་གི་རྐྱེན་གྱིས་མཐོང་ལམ་དུ་མ་གྱུར། ཡིན་ཡང༌། ངས་འདིར་རྒན་དམ་པ་ཁོང་གི་སྙན་ངག་གྲགས་ཅན་དེ་ནི་ང་རང་ཐེ་བའི་སློབ་གྲོགས་འགའ་ལ་དྲན་རྟེན་དུ་བྲིས་པ་ཡིན་ཞེས་སྙན་ངག་དེའི་རྒྱབ་ལྗོངས་རྗེས་རབས་པས་ཤེས་ན་འགྲིག་སྙམ་པས་གསལ་ཁ་གདོན་འདོད།”ཅེས་ཟེར།
ང་ཚོས་སྐུ་ཞབས་ལྗང་བུ་ལགས་དང་སྐུ་སྐྱེས་མ་འཆི་མེད་རྣམ་པ་གཉིས་ཀྱིས་བཤད་པ་ཡིག་ཐོག་ནས་མ་མཐོང་སྔོན་དུའང་། རང་གྲོལ་ལགས་ཀྱི་སྙན་ངག་འདི་འབྲི་དུས་དང་འབྲི་ཡུལ། རྒྱས་མངའ་ཡོད་པར་བཤད་མཁན་ཡང་བྱུང་ཡོད་པ་འདྲ་སྟེ། སྐུ་ཞབས་ལྗང་བུ་ལགས་ཀྱི་གཏམ་བཤད་དེར་“ཡང་རྩོམ་པ་པོ་གཞན་གྱིས་རྩོམ་ཡིག་འདི་འབྲི་དུས་ཁོ་མདུན་ན་ཡོད། ཁོའི་མདུན་ནས་བྲིས་སོང་ཞེས་པ་དེ་ཡང་མིན་ཐག་ཆོད་ཡིན། ཕལ་ཆེར་དེ་དུས་མདུན་ལ་ཡོད་པ་མི་གཅིག་རེད། མོ་ཡང་ད་ལྟ་ཞིབ་འཇུག་པ་ཆགས་ཡོད་འདོད། ཁོ་རང་ཚོ་ཕ་ཡུལ་གཅིག་པའི་ང་ཚོའི་འཛིན་གྲྭའི་བུ་མོ་གཅིག་དེ་མ་གཏོགས་ཡོད་པ་མ་རེད།”ཅེས་བཤད་འདུག་པས་འཆི་མེད་ལགས་དང་ལྗང་བུ་ལགས་གཉིས་ལས་གཞན་པའི་སྙན་ངག་འདི་འབྲི་དུས་ཡོད་གསུངས་མཁན་ཡང་ཡོད་པ་གསལ་བོ་རེད། དོན་དངོས་སུ་ཆང་རིན་ཡིན་མིན་དང་དྲན་རྟེན་ཡིན་མིན་ལ་གསལ་ཁ་འདོན་མཁན་གཞན་ཡང་ཡོད་ཆོག་ཀྱང་། ད་སྔ་ད་དུང་ཐོན་མེད་པས་བྱུང་རིམ་འདིའི་གཏམ་རྒྱུད་ད་དུང་ལྷག་ཡོད་པ་རེད།
སྙན་ངག་རང་དུ་ “ཀྱེ་ཀྱེ། གྲོགས་པོ་ལགས།” ཞེས་པའི་ཐོག་ནས་སྐུ་ཞབས་ལྗང་བུའི་ངོར་ཆང་རིན་དུ་བྲིས་པར་བལྟས་ཆོག་ཀྱང་། རྩོམ་གཤམ་དུ་“འདི་ནི། ཕལ་ཆེར་ཁྱེད་རང་ཚོའི་སེམས་ན—”ཅེས་སྐུ་སྐྱེས་མ་འཆི་མེད་ལགས་སོགས་མི་མང་པོ་ཞིག་འཛོམས་སར་བྲིས་པའི་རྣམ་པའང་ཡོད་པས་རྩོམ་ཡིག་རང་ངོས་ནས་ “ཀྱེ་ཀྱེ། གྲོགས་པོ་ལགས།” དང་། “འདི་ནི། ཕལ་ཆེར་ཁྱེད་རང་ཚོའི་སེམས་ན—”ཅེས་པ་འདི་གཉིས་གསལ་བས་ཐད་ཀའི་བརྗོད་ཡུལ་མི་གཅིག་གམ། ཡང་ན་མང་པོ་ཞིག་ཡོད་པ་གང་ཡིན་བཤད་ཁག་པོར་གྱུར་ཡོད། དཔེར་ན། མི་མང་པོ་ཞིག་ཡོད་ཚེ་ “གྲོགས་པོ་ཚོ་”ཟེར་དགོས་ཀྱང་། གྲོགས་པོ་ལགས་ཞེས་བྲིས་འདུག་པ་དང་། མི་གཅིག་ཡིན་ཚེ་ “ཁྱོད་ཀྱི་སེམས་ན་”ཞེས་འབྲི་དགོས་ཀྱང་ཁྱེད་རང་ཚོའི་སེམས་ན་ཞེས་བྲིས་ཡོད། དེའི་རྐྱེན་གྱིས་ཚིག་འདི་གཉིས་སྙན་ངག་དེ་ག་རང་ཏུ་བྱུང་ཡོད་པས་སྙན་ངག་རང་ངོས་ནས་ཆང་རིན་ཡིན་དང་དྲན་རྟེན་ཡིན་བཤད་ཚོད་དཀའ་བར་གྱུར་ཡོད།
ཕྱི་ལོ་ ༡༩༦༦ ནས་ ༡༩༧༦ བར་ལོ་བཅུའི་རིང་ཀྲུང་གོའི་རིག་གནས་གསར་བརྗེ་ཆེན་པོ་ཞེས་པའི་ལས་འགུལ་ནང་“མའོ་ཙེ་ཏུང་གིས་རིག་གནས་རྙིང་པ་དང༌། བསམ་བློ་རྙིང་པ། གོམས་གཤིས་རྙིང་པ། ལུགས་སྲོལ་རྙིང་པ་བཅས་རྙིང་པ་བཞི་རྩ་གཏོར་བཏང་སྟེ་རིག་གནས་གསར་པ་དང༌། བསམ་བློ་གསར་པ། གོམས་གཤིས་གསར་པ། ལུགས་སྲོལ་གསར་པ་བཅས་གསར་པ་བཞི་འཛུགས་དགོས་ཞེས་པའི་ཆེས་མཐོའི་མཛུབ་སྟོན་”དྲིལ་བསྒྲགས་ཀྱིས་གནམ་ས་གཡོས་ཤིང་། དེ་ནས་ལོ་དགུ་ཡི་རྗེས་སུ་དཔལ་དོན་གྲུབ་རྒྱལ་མཆོག་གིས་རྣམ་ཤེས་དང་བེམ་ལུས་འཕྲད་སྦྱོར་གྱི་ནང་པའི་མི་ལུས་ཆགས་ཚུལ་མཚོན་དོན་དུ་སྤྱད་ནས་བོད་ཀྱི་ཡ་ཐོག་ལོ་རྒྱུས་དང་། བཙན་པོའི་སྐབས་ཀྱི་དཔུང་སྟོབས་ལ་ཡི་རངས་དང་ང་རྒྱལ་སྐྱེས་ཏེ། གསར་གཏོད་ཀྱི་འདོད་མོས་དང་། སྤྱི་ཚོགས་རིང་ལུགས་པ་ཞིག་གིས་གངས་ལྗོངས་ལ་བཅངས་པའི་ཕུགས་འདུན་ཅན་གྱི་སྙན་ངག་འདི་ཀོ་དུས་ད་ལྟའང་བསེ་ཨ་མའི་བུ་ལྟ་བུས་གྱེར་འདོན་བྱས་ཚེ་ལུས་ཀྱི་བ་སྤུ་གཟེངས་པའི་ཚོར་སྣང་ཅིས་ཀྱང་འདུག་གོ།། །།
༢༠༡༩།༨།༧ ཉིན། ཆར་བ་སམ་སིམ་འབབ་པའི་ཕྱི་དྲོ་ཞིག་ལ་ཨ་མཚར་ཏུ་བྲིས།
ཟུར་བརྗོད། འདས་ལོའི་ཆར་ལྡན་དུས་སུ་རང་གྲོལ་དམ་པའི་སྙན་ངག་གྲགས་ཅན་དེ་དང་འབྲེལ་བའི་གནས་ཚུལ་སྔ་རྗེས་གཉིས་བཀླགས་ཤིང་། ཟིན་བྲིས་འདི་བྲིས་ཏེ་སྐད་འཕྲིན་དུ་སྤེལ། དེ་རིང་ཁ་བརྡ་དྲ་བར་ཨ་སྐྱབས་རྒྱལ་སྲས་ཟེར་བ་ཞིག་གིས་ཀྱང་གནས་ཚུལ་མ་འདྲ་བ་ཞིག་བཤད་འདུག་པས་སླར་ཡང་ཨ་མཚར་དང་བཅས་ཁ་བརྡར་རྩོམ་རྙིང་འདི་སྤེལ་བ་ཡིན།
སྐྱག་རྫུན་གུང་བསྒྲིགས་མ་ཤེས་ན་འདི་འདྲ་རེད། ངས་བལྟས་ནས་འཆི་མེད་ཀྱིས་སྐྱག་རྫུན་བཤད་འདུག ལྗང་བུས་བཤད་པ་དེ་ལ་མི་གཞན་གྱིས་ཁུངས་འདེད་ཐུབ་ཀྱི་འདུག མ་ཟད་བུད་མེད་ཉལ་ཁང་ནང་ལ་རང་གྲོལ་ནམ་མ་ལངས་བར་དུ་སྡོད་ཟེར་བ་འདི་སློབ་གྲྭའི་སྒྲིག་གཞིའི་ཐོག་ནས་ཡོང་ཐབས་མེད་པ་ཕྱི་ལ་བཞུགས་མཁན་ཚོས་མི་ཤེས། ནུབ་བྱང་ལ་བུད་མེད་ཉལ་ཁང་ནང་ལ་བུ་ཆུ་ཚོད་༩རྗེས་ལ་སྡོད་མི་ཆོག་པ་འདི་འཆི་མེད་ཀྱིས་བརྗེད་པ་རེད། སྐྱག་རྫུན་གུང་བསྒྲིགས་མ་ཤེས་པའི་འབྲས་བུ་རེད།
ཨོ་རྒྱན་སྐྱབས་ཟེར་བ་འདི་ཡང་དབུགས་འཚང་ལ་རྒྱབ་འདུག ཧ་ཧ་་་
ནུབ་བྱང་མ་རེད་མཚོ་སྔོན་མི་རིགས་སློབ་ཆེན་རེད། དེའི་ཐོག་ལ་ལོ་རབས་བརྒྱད་ཅུའི་ནང་གི་དོན་དག་རེད། དེའི་སྟེང་ལ་རང་གྲོལ་སྐབས་དེའི་ཟབ་སྦྱོང་དགེ་རྒན་རེད། འདང་འདི་ཙམ་ཡང་རྒྱག་མི་ཤེས་པར་མི་གཞན་ལ་དབུགས་ཧལ་ཧལ་གྱིས་སྐད་ངན་བསྒྲགས་ནས་ཅི་ཉེས།
གནས་ཚུལ་གཞན་པ་ཞིག་ལ་ནུབ་བྱང་མི་རིགས་སློབ་ཆེན་དང་མཚོ་སྔོན་མི་རིགས་སློབ་ཆེན་གྱི་བུད་མེད་ཉལ་ཁང་ནང་དུ་ཆུ་ཚོད་ ༩ ཡོལ་ནས་ནམ་མ་གསལ་བར་དུ་ཐེངས་མང་པོར་བསྡད་མྱོང། ཡིད་མི་ཆེས་ན་སློབ་ཆེན་འགྲིམས་མྱོང་མཁན་ཚང་མར་དྲིས་དང་། དེ་མོ་གནས་ཚུལ་མེད་མཁན་ཕལ་ཆེར་ཡོད་པ་མ་རེད། ཧ་ཧཧཧ
ལྟས་ངན་མཚོ་སྔོན་མི་རིགས་ཡིན་པ་དེ་བརྗེད་འདུག དེ་ཁྱེད་བདེན། བོད་ཕྱི་ནང་ལ་ནུབ་བྱང་ནང་ནས་མི་རིགས་འདི་འགྱེལ་ཐོག་ལ་རྫི་མཁན་མང་པོ་བྱུང་སོང་བས། ལྟས་ངན་སློབ་གྲྭ་འདི་ལོག་སྨོན་ཞིག་གིས་བརྒྱབ་པའི་ཡིད་ཆེས་བྱུང་ནས་ལོ་ཤས་ཕྱིན་སོང་།
རྨ་དུག་ལྕེ་ནུབ་བྱང་ནས་རེད་པཱ། ཞོགས་དུང་སྨྲོས་མི་དགོས། དེ་བཞིན་བོང་རྫི་ནུབ་ཡང་ནས་རེད་པས། འོ་ད་དུང་ནུབ་བྱང་ནས་གཞན་ཞིག་ཡོད། མིང་དྲན་མ་སོང་།
མཁས་པ་ཡིན་ཟེར་མཁན། རྩོམ་པ་པོའི་མིང་བཏགས་ཡོད་མཁན། ཡི་གེ་བ་ཟེར་བའི་གྲལ་འགོར་འཚང་ཁ་རྒྱག་མཁན་xx་དང་xx་འདི་དག་ལ་སྐད་ཆ་དྲང་མོ་དང་གཏམ་བདེན་པ་སྨྲ་བའི་རང་ཚུགས་དང་བློ་ཁོག་གི་དབུལ་ཞིང་ཕོངས་བ་ཡིད་རེ་མུག