ཨ་རིག་འགྱུར་མེད།
བལྟས་ཚོད་ལ་དུས་ཚོད་ནི་འགྲོས་དལ་བ་ཞིག་ཏུ་སྣང་མོད། གལ་སྲིད་ཁྱེད་ཀྱིས་གཟབ་ནན་གྱིས་དུས་ཚོད་ཀྱི་སྐར་ཆ་རེ་རེར་ཕྱི་མིག་བལྟས་ན་དུས་ཚོད་ནི་ངོ་མ་བྲག་ངོས་ན་འབབ་བཞིན་པའི་རྦབ་ཆུ་ལྟར་ཅི་འདྲའི་འགྲོས་མགྱོགས་པ་ཞིག་རེད་ཨང་། ན་ནིང་གི་ཟླ་ ༩ ཚེས་ ༡ ཉིན་ངེད་ཆང་ས་དྲ་བ་ཁྱེད་ཅག་བོད་ཕྱི་ནང་གི་ཀློག་མཁན་ཁྲི་སྟོང་མང་བོའི་སྤྱན་ལམ་དུ་ཤར་གཏོང་བྱས་པ་དང་། འདས་པའི་ལོ་ངོ་གཅིག་རིང་ངེད་དྲ་བས་གཏམ་མི་ཁ་དང་ཀྱག་ཀྱོག་གི་བཞུད་ལམ་སྣ་ཚོགས་ཤིག་བརྒྱུད་ནས་ཡོང་ཞིང་། གཙོ་བོ་ཀློག་མཁན་གང་མང་མང་གིས་རྒྱབ་སྐྱོར་དང་སྐུལ་འདེད་བྱས་པར་བརྟེན་ནས་དེ་རིང་བར་དུ་ཡོང་ཐུབ་པ་བྱུང་ཡོད། ངེད་དྲ་བའི་དམིགས་འདུན་ནི་བོད་ཀྱི་སྐད་ཡིག་འདི་བཞིན་མང་ཚོགས་རང་བཞིན་ཅན་དུ་བསྒྱུར་རྒྱུ་དང་བོད་ཀྱི་མི་རིགས་འཕེལ་རྒྱས་དང་རིགས་རུས་ཁེ་གཙང་གི་ཕྱོགས་ལ་ཤུགས་སྣོན། བོད་རིགས་བཟའ་ཟླ་ཕོ་མོ་རྣམས་ལ་འཚོ་བའི་རྒྱུན་ཤེས་དང་བུད་མེད་ཀྱི་འཕྲོད་བསྟེན། དངོས་ཡོད་སྤྱི་ཚོགས་འཚོ་བ་དང་འཚམ་པའི་སྤྱི་ཚོགས་ལ་ཞབས་ཕྱིའི་རྣམ་གྲངས་མང་དུ་བསྐྲུན་པ་བྱ་རྒྱུ་ཡིན་མོད། དེ་རིང་ངས་ཀློག་མཁན་ཚོར་ཅི་ཞིག་བརྗོད་འདོད་ཀྱིས་མཛུབ་རྩེ་གློག་ཀླད་ཀྱི་མཐེབ་གཞོང་ངོས་སུ་གཏད་པ་ན། ང་ལ་འདང་རྒྱག་ཅིག་དང་ཤུགས་རིང་ཞིག ཡང་ན་སྟོང་སང་སང་གི་བསམ་བློ་ཞིག་ལས་སྤོབས་སེམས་ཀྱིས་བརྗོད་དུ་རུང་བ་དང་ང་རྒྱལ་གྱིས་འབྲི་ཆོག་པའི་ཡིག་འབྲུ་གཅིག་ཀྱང་མེད་པ་འདྲ། ངས་དུས་ཡུན་གང་འཚམ་རིང་བསམ་བློ་བཏང་ནའང་ད་དུང་ཅི་ཞིག་འབྲི་དགོས་མིན་མ་ཚོར་བར་ལྷག་ཡོད། འདི་ནི་གཅིག་བྱས་ན་འདས་པའི་ལོ་འཁོར་ཧྲིལ་བོ་གཅིག་གི་རིང་ངེད་ཅག་ལ་མགྲིན་པ་གཟེངས་སུ་བཏེགས་ཏེ་བརྗོད་རུང་བའི་གྲུབ་འབྲས་ཤིག་སྟོན་རྒྱུ་མེད་སོང་བས་ཡིན་རྒྱུ་རེད། ངོ་མ་དེ་ལྟར་རེད། ངེད་ཅག་གིས་དྲ་བ་གཙོ་སྒྲུབ་བྱས་པའི་ལས་ཞོར་དུ་ཆང་ས་ཚགས་པར་ཐོག་མ་དཔར་སྐྲུན་འགྲེམ་སྤེལ་སོགས་བྱས་པས་མི་མང་གིས་དགའ་བསུ་ཆེན་པོ་ཐོབ་ཡོད་མོད། དེ་ཙམ་ནི་ངེད་ཅག་གི་ཐོག་མའི་དམིགས་འདུན་དང་རེ་བ་ངོ་མ་དག་མ་རེད། འདས་པའི་ལོ་གཅིག་གི་རིང་ངེད་ཅག་ལ་ཆང་ས་དྲ་བ་བརྒྱུད་དེ་བཟའ་ཟླ་འཚོལ་མཁན་བདུན་བྱུང་ཞིང་། གཅིག་གཉེན་ཉེ་འབྲེལ་སོགས་ཀྱི་གནོན་ཤུགས་འོག་ཁོང་གི་བརྡ་ཁྱབ་ཕྱིར་འཐེན་བྱེད་དགོས་བྱུང་ཡོད། དེ་དག་ལས་བུད་མེད་གཅིག་བྱུང་ཞིང་ཁོ་མོར་ང་ཚོས་སྐྱེས་པ་ཞིག་ངོ་སྤྲོད་བྱེད་ཐུབ་པ་བྱུང་སྟེ། ཁོང་རྣམ་པ་གཉིས་ཀྱིས་དུས་ཡུན་གང་འཚམ་རིང་དགའ་རོགས་བསྒྲིགས་མྱོང་ནའང་། མཇུག་མཐར་གཉེན་སྒྲིག་བྱེད་པའི་སྐལ་བ་བྱུང་མེད། ཧྥ་རན་སིར་གནས་བཞུགས་སྐུ་ཞབས་རྡོ་རྗེ་ཞུ་བ་དང་ལྡེ་ར་ལྡུན་གྱི་བུད་མེད་ཅིག་བར་ཕྱོགས་གཉི་ག་ནས་ཚོད་ལྟ་བྱ་འདོད་ཡོད་སྐོར་གསུངས་པས་ང་ཚོས་ཕན་ཚུན་ངོ་སྤྲོད་ཞུ་བཞིན་ཡོད་པ་ལས་ད་དུང་གྲུབ་འབྲས་བྱུང་མེད། དེར་བརྟེན་དེ་རིང་ང་ལ་བརྗོད་རུང་བའི་སྐད་ཆ་རྫིག་པོ་ཞིག་དངོས་གནས་བཤད་རྒྱུ་མི་འདུག རྩོམ་ཡིག་རང་གི་ངོ་གདོང་ནས་ཀྱང་ངེད་དྲ་ངོས་འདིར་གང་ཐུབ་ཐུབ་ཀྱིས་ཆོས་ལུགས་དང་ཆབ་སྲིད་མེད་པར་ཁྱིམ་པ་ཕོ་མོའི་བར་གྱི་བརྩེ་བ་དང་མཚོན་པ་དང་། འཇིག་རྟེན་འཁོར་བའི་དགའ་སྐྱོ་ཆགས་སྡང་གི་གཏམ་རྒྱུད་སྣ་ཚོགས་མཚོན་པའི་རྩོམ་ཡིག་གང་མང་ཞིག་སྤེལ་ཡོད་ཀྱང་། དེ་དག་ཀྱང་ཐད་ཀར་དུ་ངེད་དྲ་བར་བསྐུར་ཡོང་བའི་རྩོམ་ཡིག་ཉུང་ཉུང་ཞིག་ལས་མེད་པར། དྲ་དེབ་ཚགས་གསུམ་གཞན་ནས་འདྲེན་བཀོད་བྱས་པའི་རིགས་ཡིན། འདི་ལྟར་འདས་པའི་ལོ་འཁོར་གཅིག་ལ་ཕྱི་མིག་ཅིག་བལྟས་ན་ཧ་ཅང་གི་ཡི་མུག་པ་ཞིག་ལས་ཅི་ཡང་མི་མཐོང་། དེ་ལྟར་ལགས་ཀྱང་། ང་ཚོས་ད་དུང་རེ་བ་གསོན་པོ་ཞིག་ལ་འཐམས་ཏེ་མདུན་ནས་མདུན་དུ་སྐྱོད་རྒྱུའི་བསམ་བློ་ལས་ཕྱི་ནུར་རྒྱག་རྒྱུའི་འདུན་པ་གཏན་ནས་མེད་ལ། ཆང་ས་དྲ་བ་ལོ་གཅིག་འཁོར་བའི་ཉིན་མོ་འདིར་ཡང་ངེད་ཅག་གིས་དྲ་ངོས་འདིར་ལེགས་བཅོས་འགའ་བྱས་ཡོད་པ་ནི། “དགའ་རོགས་གླིང་ག” དང་ “སྙུག་གྲོགས་ར་བ་” “ཟིན་བྲིས” བཅས་ཆེད་སྒྲིག་ལེ་ཚན་གསུམ་གསར་སྣོན་བྱས་ཤིང་། མི་རིང་བར“གླེང་མོལ་ཁང་” (Chat room) ཞིག་གསར་སྣོན་བྱ་རྒྱུ་ཡིན།
ང་ཚོས་འདས་པའི་ལོ་ངོ་གཅིག་ལ་ཕྱིར་འདང་དང་ཕྱོགས་སྡོམ་བྱས་ན། གཉེན་སྒྲིག་གི་བྱ་བའི་སྔོན་འགྲོ་ཞིག་ནི་དགའ་རོགས་སྒྲིག་པ་འདི་ཡིན་ཏེ། ཐོག་མར་དགའ་རོགས་བསྒྲིགས། ཕན་ཚུན་ལ་རྒྱུས་ལོན་བྱས། སྐད་ཆ་བཤད། འདྲེས་པོ་ཉེ་པོ་བྱས། དེ་ནས་མི་ཚེ་གཅིག་དང་གཉེན་སྒྲིག་གི་སྐད་ཆ་བཤད་པ་སོགས་ནི་འཇིག་རྟེན་ཁྱིམ་པ་བའི་གོ་རིམ་ཞིག་ཡིན་པས་དགའ་རོགས་གླིང་ག་གསར་སྣོན་བྱས་ཏེ། དེ་རུ་ཐོག་མ་ཉིད་ནས་གཉེན་སྒྲིག་དང་མི་ཚེའི་སྐོར་བཤད་རྒྱུ་མིན་པར་དགའ་རོགས་སྒྲིག་སའི་སྟེགས་བུ་ཞིག་གོ་སྒྲིག་བྱས་པ་ཡིན།
སྙུག་གྲོགས་ར་བ་ནི་ད་ལྟའི་བོད་རིགས་གཞོན་སྐྱེས་རྣམས་ཀྱིས་ཕན་ཚུན་ལ་འབྲི་ཀློག་གི་ཐད་ནས་རྒྱབ་སྐྱོར་དང་བསམ་བློའི་སྟེང་ནས་རོགས་འདེགས་བྱེད་པའི་སྟེགས་བུ་ཞིག་བསྐྲུན་པ་ཡིན། དེ་བཞིན་ཟིན་བྲིས་ཀྱང་གཙོ་བོ་བོད་ཡིག་འབྲི་ཀློག་གི་ཁོར་ཡུག་རྒྱ་སྐྱེད་པའི་ཕྱིར་དུ་ཡིན་པས་ན། ཀློག་མཁན་དག་གིས་རང་དགར་དུ་ལོངས་སུ་སྤྱོད་པའི་རེ་བ་ཅི་ནས་ཀྱང་ཆེ། ཡིན་ནའང་། ངེད་དྲ་བའི་རེ་བ་ཡིན་ན། འདི་རུ་ཟིན་བྲིས་སྤེལ་བ་དང་སྙུག་གྲོགས་སྒྲིག་པ། རྩོམ་ཡིག་སྐུར་བ་སོགས་ཅི་ཞིག་བྱས་ཀྱང་ངེད་དྲ་བའི་དམིགས་འདུན་ལྟར་དངོས་ཡོད་སྤྱི་ཚོགས་འཚོ་བ་དང་ཁ་ཐག་ཉེ་བའི་རྩོམ་ཡིག་འབྲི་སྤེལ་གྱི་ནུས་པ་འདོན་པའི་རེ་བ་ཅི་ནས་ཀྱང་ཆེ། རེད་ལགས། བརྩེ་བའི་བོད་ཕྱི་ནང་གི་ཆང་ས་དྲ་བའི་ཀློག་མཁན་རྣམ་པ་ལགས། ཀུན་གྱིས་ཤེས་གསལ་ལྟར་ངེད་ཆང་ས་དྲ་བ་ནི་ད་ལྟའི་ཆར་བོད་ཀྱི་སྐད་ཡིག་གི་འདས་མ་ད་གསུམ་དང་བོད་མི་རིགས་རང་ཉིད་ལ་དུངས་ཞེན་ཟབ་པའི་མི་བུ་སྐོར་ཞིག་གིས་ལས་ཞོར་དུ་གཉེར་གྱིན་པའི་དྲ་ཚིགས་ཤིག་ཡིན་པས། ད་ལྟའི་ཆར་ངེད་ཅག་ལ་གྲུབ་འབྲས་ཟེར་ནས་ཆེན་པོ་ཆེན་པོ་ཞིག་སྟོན་རྒྱུ་མི་འདུག་ཀྱང་། ང་ཚོས་ད་དུང་མུ་མཐུད་དེ་ཤུགས་སྣོན་རྒྱག་རྒྱུ་མ་ཟད། ལས་ཞོར་ནས་ཆེད་ལས་ཀྱི་ངོ་བོར་བསྒྱུར་རྒྱུའི་བསམ་བློའང་བཏང་དང་གཏོང་བཞིན་པ་ལགས་ན། ཚང་མས་དངོས་ཤུགས་ཅི་རིགས་ནས་རྒྱབ་སྐྱོར་གནང་རྒྱུའི་རེ་བ་སྙིང་ནས་ཞུ་བ་བཅས།
ཕྱི་ལོ་ ༡༠༡༢ ལོའི་ཟླ་ ༩ ཚེས་ ༡ ཉིན།
རྩོམ་པ་པོ་སྐུ་ཞབས་ཨ་རིག་འགྱུར་མེད་ལགས་ལ་འཚམས་འདྲི་དང་བཅས། སེམས་ཤུགས་མ་ཆགས་པར་མུ་མཐུད་ཕོ་སྒྲིག་མོ་སྒྲིག་གི་ཆང་སའི་གཉེན་དོན་ལ་ཤུགས་སྣོན་ཡར་རྒྱས་གཏོང་རོགས་མཛོད། ངེད་ཅག་མགོ་རུལ་བ་རྣམས་ལ་རེ་བ་དང་ནུས་པ་ཅང་མེད་གི་གོ །དེང་སང་མི་རིགས་ལ་ཕན་པའི་ལས་དོན་གཉེར་བའི་དྲ་བ་འདི་འདྲ་ནི་ཧ་ཅང་གལ་ཆེ་ཡང་། ཡིན་ཡང་དགའ་རོགས་སྒྲིག་རྒྱུ་དང་སོ་སོའི་འདོད་མོས་ཀྱིས་བུ་བུ་མོ་འཚོལ་རྒྱུ་དེ་ནི་གསང་བའི་ཐོག་ནས་ཡིན་པ་ལས་གང་སར་ཁྱབ་བསྒྲགས་བྱས་ནས་རྔ་བརྡུང་རོལ་མོ་བརྡུང་རྒྱུ་ཞིག་ཡིན་འདུག་མི་ཤེས་གོ །རྩེད་མོ་ཡིན་ད།
མིག་བརྒྱད་ལགས་་་་་གནས་རེ་ཟུང་ལ་གསང་བའི་ཐོག་ནས་བྱེད་དགོས་པ་རེ་ཡོད་སྲིད་ཀྱང་་་་དེ་མིན་གསང་དགོས་དོན་ཅི་ཡོད་་་་འཇིག་རྟེན་ན་ཡོངས་གྲགས་སུ་གྱུར་པའི་རིགས་རེད་་་་་མ་གྲགས་པའི་རིགས་དག་གསང་བའི་ངང་ཡོད་ན་ཐང་ཡ་་་ཧཧཧ
ང་ཚོས་འདས་པའི་ལོ་ངོ་གཅིག་ལ་ཕྱིར་༼འདང་༽དང་ཕྱོགས་སྡོམ་བྱས་ན། གཉེན་སྒྲིག་གི་བྱ་བའི་སྔོན་འགྲོ་ཞིག་ནི་དགའ་རོགས་སྒྲིག་པ་འདི་ཡིན་ཏེ། ཐོག་མར་དགའ་རོགས་བསྒྲིགས། ་་་་ཟེར།
ཡག་པོ་འདུག་ཡིན་ནའང་དྲ་བ་དེར་འབྲེལ་ལམ་གང་འདྲ་བྱེད་དགོས་མིན་དང། ཁ་སྦྱང་གསལ་པོ་ཡོད་ན་དེ་བས་ལེགས།
ཁྱེད་ཚང་ལ་རྟེན་འབྲེལ་ཞུ། གང་བསམ་ལེགས་འགྲུབ་ཡོང་བར་སྨོན།
བརྗོད་པ་སེམས་ཀྱིས་མི་ཕོད་ཀྱང་ཁྱེད་ཅག་གི་གྲུབ་འབྲས་འདི་ལྟ་བུ་ཞིག་ཡིན་པའི་རྒྱུ་རྐྱེན་གཅིག་ནི་འུ་ཅག་གི་རྒྱུད་ལམ་དེ་བོད་ཡིག་ཡིན་པའི་དབང་གིས་རེད། མུ་མཐུད་ནས་ཡར་རྒྱས་ཡོང་བའི་སྨོན་འདུན་དང་། ཁྱེད་ཅག་གིས་བྱེད་ཚུལ་འདི་ནི་བོད་ཡིག་ལ་ཟུངས་ཤུགས་སྤྲོད་པའི་ལམ་རྨ་མེད་གཅིག་རེད་ཅེས་བསྔགས་བརྗོད་ཀྱང་ཞུ་བ་ཡིན།