ཆང་ས་རྩོམ་སྒྲིག་ཚན་ཆུང་གིས།
བཀུར་འོས་པའི་བོད་ཕྱི་ནང་གི་ཆང་ས་དྲ་ཤོག་གི་རྒྱ་ཆེའི་ཀློག་མཁན་རྣམ་པ། ཁམས་བཟང་། ལོ་སྔོན་མའི་ཟླ་ ༩ ཚེས་ ༡ ཉིན་ནས་བཟུང་ངེད་ཆང་ས་རྩོམ་སྒྲིག་ཚན་ཆུང་གིས་ཆང་ས་དྲ་བ་གཙོ་གཉེར་བྱས་པ་དང་། ལས་ཞོར་དུ་ཆང་ས་ཚགས་པར་འདོན་ཐེངས་དང་པོ་དཔར་སྐྲུན་འགྲེམ་སྤེལ་བྱས་པས་མི་མང་གིས་དགའ་བསུ་ཆེན་པོ་ཐོབ། ང་ཚོས་མུ་མཐུད་དེ་མདུན་སྐྱོད་བྱ་འདུན་གྱིས་ད་ལོ་ནས་བཟུང་ཆང་ས་ལོ་དེབ་འདོན་རྒྱུར་ཐག་ཆོད་བྱུང་ཡོད། དེར་བརྟེན་ང་ཚོས་གཤམ་གསལ་ལྟར་ལེ་ཚན་བཀོད་སྒྲིག་དང་རྩོམ་ཡིག་བསྡུ་རྒྱུ་ཡིན་པས་རྒྱ་ཆེའི་ཀློག་མཁན་རྣམས་ཀྱིས་རྒྱབ་སྐྱོར་གནང་སྐྱོང་ཡོང་བ་ཞུ་ཞུ།
གཅིག “ཆེད་སྒྲིག་ལེ་ཚན།” སྤྱིར་ལེ་ཚན་འདི་ངེད་རྩོམ་སྒྲིག་ཚན་ཆུང་གིས་གཙོ་སྒྲུབ་བྱ་རྒྱུ་ཡིན་མོད། འདིའི་ནང་དུ་བཟའ་ཚང་སྐོར་གྱི་རྒྱུན་ཤེས་སྐོར་ནས་དྲི་བ་འདོད་མཁན་རྣམས་ཀྱིས་ཁ་གསལ་ཞིང་ཡིག་ཚོགས་ཉུང་བ། གནད་དུ་སྨིན་པའི་དྲི་བ་གང་འདྲ་ཞིག་བཏོན་རུང་དགའ་བསུ་ཞུ། (དྲིས་ལན་ངེད་ཆེད་སྒྲིག་ལེ་ཚན་གཙོ་སྐྱོང་ཚན་ཆུང་དང་བོད་ཀྱི་རྩོམ་ཉོག་འདུམ་འགྲིག་ལྟེ་གནས་ཁང་གང་རུང་གིས་གདབ་རྒྱུ།)
གཉིས། བུད་མེད་ཀྱི་ལེ་ཚན། ལེ་ཚན་འདིའི་ནང་དུ་བུད་མེད་ཀྱི་འཕྲོད་བསྟེན་སྐོར་དང་རེས་སྐྱིད་རེས་སྡུག་གི་མི་ཚེའི་གཏམ་རྒྱུད་སྣ་ཚོགས། བུད་མེད་ཀྱི་ཐོབ་ཐང་དང་སྤྱི་ཚོགས་འཚོ་བར་བཟུང་བའི་རིན་ཐང་ལྟ་ཚུལ་སོགས་གླེང་ས་ཞིག་ཡིན། དེར་བརྟེན་བུད་མེད་ཀྱི་འཕྲོད་བསྟེན་དང་དགའ་སྐྱོ་འདྲིས་མའི་དངོས་བྲིས་གཏམ་རྒྱུད་སྣ་ཚོགས། བུད་མེད་ཀྱི་རྒྱུན་ཤེས་སོགས་བརྗོད་གཞི་ཡིན་པའི་རྩོམ་ཡིག་སྣ་ཚོགས་བསྐུར་བར་དགའ་བསུ་ཞུ།
ལེ་ཚན་འདིར་རྩོམ་ཡིག་བསྐུར་མཁན་བུད་མེད་ཡིན་ན་དམིགས་བསལ་གྱིས་དགའ་བསུ་ཞུ་བཞིན་ཡོད།
གསུམ། རྩོམ་རིག ལེ་ཚན་འདིའི་ནང་དུ་རྒྱ་ཆེའི་རྩོམ་པ་པོ་རྣམས་ཀྱིས་བསྐུར་ཡོང་བའི་རྩོམ་ཡིག་འགོད་རྒྱུ་དང་། རྩོམ་ལུས་ལ་ཁྱད་པར་མེད་ཀྱང་ཁ་གསལ་ཞིང་གོ་བདེ་བ། དངོས་ཡོད་སྤྱི་ཚོགས་དང་ཐག་ཉེ་བ་བཅས་དགོས་ཀྱི་ཡོད། ལྷག་པར་དུ་གཉེན་སྒྲིག་གི་སྐོར་དང་བཟའ་ཟླའི་དཀའ་ཉོག་གི་སྐོར། འཚོ་བའི་ཕྱི་ནང་གི་སྐོར་ཡིན་ན་དགའ་བསུ་ཞུ་རྒྱུ་ཡིན།
བཞི། གཉེན་སྒྲིག ལེ་ཚན་འདིའི་ནང་དུ་བོད་ཆོལ་ཁ་གསུམ་གྱི་ས་ཕྱོགས་སོ་སོའམ་ཡུལ་ལུང་བྱེ་བྲག་པ་རྣམས་ཀྱིས་ཐུན་མོང་དང་ཐུན་མོང་མ་ཡིན་པའི་བོད་ཀྱི་སྲོལ་རྒྱུན་གཉེན་སྒྲིག་གི་སྐོར་གྱི་རྩོམ་ཡིག་དང་། རྩོམ་པ་པོ་རྣམས་ཁ་སང་དེ་རིང་གི་གཉེན་སྟོན་སྟེང་ཞུགས་པའི་ཚོར་འདུའམ། ཟིན་ཐོ་སོགས་བསྡུ་རྒྱུ།
ལྔ། འཁྲིག་གཏམ། ལེ་ཚན་འདིའི་ནང་དུ་སྐྱེས་པ་ཕོ་མོ་རྣམས་ཀྱི་ནང་སེམས་ཀྱི་འཇིག་རྟེན་ནས་ཕྱི་ལུས་ཀྱི་འཇིག་རྟེན་བར་གྱི་གསང་བའི་གཏམ་རྒྱུད་དང་མངར་ལ་སྐྱུར་བའི་འཁྲིག་སྤྱོད་ཀྱི་མྱོངས་པ་སོགས་འགོད་རྒྱུ་ཡིན།
དྲུག ཀློག་འཕྲིན། ལེ་ཚན་འདིའི་ནང་དུ་ཀློག་མཁན་གྱིས་ངེད་དྲ་བར་བསྐུར་བའི་འཕྲིན་དང་ཤིས་ཚིག དེ་བཞིན་དགག་སྒྲུབ་དང་སྐྱོན་བརྗོད་རིགས་འགོད་རྒྱུ་ཡིན།
བདུན། གསལ་བརྡ། ངེད་དྲ་བ་བརྒྱུད་དེ་མི་ཚེ་གཅིག་གི་གཏན་གྲོགས་འཚོལ་བའི་རིགས་ཁྱབ་བསྒྲགས་བྱ་རྒྱུ་ཡིན། འདི་ནི་ད་སྔ་ཡན་དུ་ངེད་ཆང་ས་ཚགས་པར་སྟེང་མ་སོང་བའི་བརྡ་ཁྱབ་རིགས་འགོད་རྒྱུ་ཡིན་ལ། དེ་དང་འབྲེལ་བའི་གསལ་བཤད་སྣ་ཚོགས་ཀྱང་ཚུད་ཡོད།
བརྒྱད། ས་ཕྱོགས་སོ་སོ་ན་ཡོད་པའི་བོད་རིགས་གཞོན་སྐྱེས་རྣམས་ཀྱིས་རང་རང་གི་གཟུགས་ལང་ཚོ་ངོམ་པའི་འདྲ་པར་དང་། མཛེས་པའི་རྩྭ་ཐང་དང་ཡངས་པའི་ནམ་མཁའ། བོད་མཐོ་སྒང་གི་རི་ཆུ་ནགས་གསུམ་སོགས་པར་རིས་སྒྱུ་རྩལ་གྱི་ལམ་ནས་བསྡུ་བསྒྲིག་བྱ་རྒྱུ་ཡིན་པས། དེ་ལྟ་བུའི་པར་རིས་སྣ་ཚོགས་བསྐུར་བར་དགའ་བསུ་ཞུ།
གཞན་ཡང་། ངེད་ཆང་ས་དྲ་བའི་དྲ་ཤོག་གང་ཡིན་རུང་བརྡ་ཁྱབ་རིགས་གཏོང་ཚེ་གོང་ཆུང་ལ། དོ་བདག་གིས་རེ་འདོད་བཞིན་གསལ་བསྒྲགས་སྤེལ་ཆོག ལྷག་པར་དུ་དུས་དེབ་ཀྱི་མཇུག་གི་རྒྱབ་ཤོག་ཕྱི་ནང་གཉིས་དང་མདུན་ཤོག་ནང་ངོས་སོགས་སུ། པར་རིས་ལྡན་པའི་གསལ་བསྒྲགས་རིགས་བསྐུར་ཚེ། སྐུ་ཉིད་ཀྱིས་ཐུགས་འདོད་ལྟར་རིན་གོང་ཆུང་ལ་ཁྱབ་བརྒྱ་ཆེ་བའི་བརྡ་ཁྱབ་རིགས་སྤེལ་རྒྱུ་ཡིན།
ཐུགས་མཉམ་འཇོག་དགོས་ས་འགའ།
གཅིག སྐུ་ཉིད་ཀྱི་རྩོམ་ཡིག་ངེད་དུས་དེབ་ནང་འགོད་མིན་གྱི་དབང་ཚད་ངེད་རྩོམ་སྒྲིག་ཚན་ཆུང་ལ་ཡོད་པས། རྩོམ་སྒྲིག་ཚན་ཆུང་གི་མཐའ་མའི་ཐག་གཅོད་ལ་བརྩི་བཀུར་བྱ་དགོས།
གཉིས། རྩོམ་ཡིག་བསྐུར་སྐབས་གློག་འཕྲིན་ཨང་དང་སྡོད་གནས་ཁ་བྱང་། འདྲ་པར་ལེགས་པོ་རེ་བཅས་བསྐུར་དགོས། གལ་སྲིད་རྩོམ་ཡིག་ནང་སྙུག་མིང་སྤྱོད་འདོད་མཁན་རྣམས་ཀྱིས་ངེས་པར་དུ་རྩོམ་སྒྲིག་པར་དངོས་མིང་འགྲེལ་བརྗོད་གནང་དགོས།
གསུམ། ངེད་དུས་དེབ་ལ་བསྐུར་བའི་རྩོམ་ཡིག་གང་འདྲ་ཞིག་ཡིན་རུང་ངེད་དུས་དེབ་དངོས་སུ་དཔར་སྐྲུན་འགྲེམ་སྤེལ་མ་བྱས་པར་གཞན་ལ་མི་བསྐུར་བའི་རེ་བ་ནན་གྱིས་ཞུ།
བཞི། རྩོམ་ཡིག་བསྐུར་བའི་མཇུག་མཐའི་ཟླ་ཚེས་ ༢༠༡༢ ལོའི་ཟླ་ ༩ ཚེས་ ༡༥ ཚུན་ཡིན། དེའི་གཞུག་ནས་འབྱོར་ཚེ་རྩིས་མེད་དུ་གཏོང་རྒྱུ།
ལྔ། འདྲ་པར་རིགས་གཏོང་མཁན་ཡོད་ན་ངེས་པར་དུ་པར་ལེན་མཁན་དང་པར་བླངས་པའི་ཚེས་གྲངས། པར་གྱི་ངོ་སྤྲོད་སྙིང་བསྡུས་རེ་མཉམ་དུ་དགོས།
དྲུག རྩོམ་ཡིག་བསྐུར་ཡུལ་ akangatsen@gmail.com ཡིན།
ཆང་ས་རྩོམ་སྒྲིག་ཚན་ཆུང་གིས་ཕྱི་ལོ་ ༢༠༡༢ ལོའི་ཟླ་ ༨ ཚེས་ ༤ ཉིན་སྤེལ།
བཟང་གི་ཡ་་་ངོ་མ་ཧྲ་གི་
རྩོམ་ཡིག་བསྐུར་སོང་ན་མཉམ་དུ་དཔར་བསྐུར་དགོས་ཡག་དེ་ག་རེ་རེད།
རྩོམ་སྒྲིག་ཚོགས་ཆུང་སུ་དང་སུ་རེད། ཤེས་ན་འདོད་ཀི ཨ་རིག་འགྱུར་མེད་མ་གཏོགས་གཞན་རོགས་པ་སུ་དང་སུ་རེད།
དེ་ཆང་ས་དྲ་བ་ལ་གཟིགས་དང་་གསལ་བོ་འདུག
བཀྲ༌ཤིས༌བདེ༌ལེགས༌ཞུ།