རས་པ།
ང་ཚོའི་སྤྱི་ཚོགས་ནི་གདོད་མའི་རྣམ་པར་གནས་ཡུན་རིང་དྲགས་ནས་མི་རྣམས་ལ་སྤྱི་ཚོགས་ཀྱི་འདུ་ཤེས་ཧ་ཅང་ཞན། དེ་ལས་ཀྱང་ང་ཚོ་མདོ་ཁམས་ཀྱི་གནའ་བོའི་སྤྱི་ཚོགས་ནི་ “བདག་མེད་ཀྱི་ས་ཆར་”བསྡད་པས་སྲིད་ལུགས་དང་། སྲིད་དོན་པའི་གོམས་གཤིས་ལ་རྒྱུས་མྱོང་མེད་ལ། གོ་བ་ལེན་རྒྱུ་ཡང་ཧ་ཅང་ཁག་པོ་བྱུང་གི་ཡོད།
ད་ལྟའི་དུས་སུ་རིག་གནས་གསར་བའི་དཔེ་དེབ་ཁ་ཤས་མཐོང་མྱོང་བ་དང་། རང་དབང་དང་ཐོབ་ཐང་གི་སྐོར་གོ་ཐོས་ཙམ་ལ་བརྟེན་ནས་ཆབ་སྲིད་པ་དང་ཆབ་སྲིད་འཁྲབ་མཁན་གྱི་བྱ་སྤྱོད་ལ་འགྲེལ་བཤད་རྒྱག་པ་དང་། རྒྱབ་སྐྱོར་གནང་རྒྱུར་ཧ་ཅང་མཉེས་པོ་གནང་གི་ཡོད། མ་གཞི། དེ་ལྟར་གནང་མཁན་ནི་གྲྭ་བ་དང་སློབ་མ་གཞོན་རབས་པ་ཁ་ཤས་རེད།
རྒྱལ་ཁབ་དང་མི་རིགས་སྐྱོང་བ་ནི་གཞི་རྒྱ་ཆེ་བའི་ཁྱིམ་ཚང་སྐྱོང་བ་དང་མཐུན་པའི་ཕྱོགས་མང་པས་ཉམས་མྱོང་ཅན་གྱི་རྒན་པོ་དང་ཁྱིམ་བདག་རྣམས་ཀྱིས་ “སྲིད་”ཅེས་པར་གོ་བ་ལེན་ཐུབ་པ་མ་ཟད། དེ་ལྟ་བུའི་གང་བྱུང་མང་བྱུང་བྱེད་ཆོག་པ་ཞིག་མིན་པ་དང་། ཡིད་ལ་དྲན་ཚོད་རང་དབང་གི་ཁྱབ་ཁོངས་ལ་བཞག་ནས་བཤད་པ་དང་སྒྲུབ་མི་ཆོག་པའང་མཁྱེན་གྱི་ཡོད། ཉེ་སྔོན་སྙན་ངག་པ་སྐྱབས་ཆེན་བདེ་གྲོལ་ལགས་ཀྱི་པོད་འཕྲིན་དུ་མང་གཙོ་ནི་སྒྲུབ་དཀའ་བ་མ་གཏོགས་བཤད་སླ་བའི་སྡོམ་ཚིག་བཀོད་འདུག ཤེས་ལྡན་པ་ནི་དངོས་གནས་ཤེས་ལྡན་པ་རེད།
མདོར་ན་ཚིགས་བཅད་ཁ་ཤས་རེ་འབྲི་བའི་སྙན་ངག་པ་རྣམས་ཀྱིས་ཆབ་སྲིད་ཁྱབ་ཁོངས་ནས་མི་རིགས་ཀྱི་འགན་ཁུར་ལེན་འདོད་ཀྱི་སྤྲོ་བ་ཡོད་ཚེ་“སྲིད་”ཀྱི་གོ་དོན་ནི་“ཁེ་ཕན་”ནས་མགོ་འཛུགས་དགོས་པ་ལས། དཔེ་དེབ་སྟེང་ཡོད་པའི་སྙན་མོ་དང་སེམས་འགུལ་ཐེབས་སུ་འཇུག་པའི་གཞུང་ལུགས་ཀྱི་སྐད་ཆ་དེ་དག་མ་རེད། ཡང་མིན་ན། ཚོང་རྒྱག་སྲོལ་ལ་གཟིགས་དང་། དཔལ་འབྱོར་རིག་པའི་གཞུང་ལུགས་སྐོར་གྱི་དཔེ་དེབ་རེ་བཀླགས་ཚེ་གང་མགྱོགས་ཕྱུག་བདག་ཏུ་འགྱུར་ཐུབ་པའི་ཚོར་སྣང་ཡོང་ངེས། འོན་ཀྱང་། ལག་ལེན་གྱི་སྐབས་སུ་མི་རྣམས་ཀྱིས་འགྲན་རྩོད་ཆེན་པོ་བྱེད་བཞིན་པའི་“ཁེ་ཕན་”གྱི་གནད་དོན་དང་ཐུག་རྒྱུ་ཡིན་པས་རང་དབང་ཆ་ཚང་ཡོད་པའི་ལམ་ཁ་དེ་ཡང་རང་ཉིད་ལ་མནར་གཅོད་དུ་འགྱུར་སྲིད།
ཆབ་སྲིད་ནི་“ཁེ་ཕན་”ལ་དམིགས་ཡོད་པ་དང་། དེ་སྒྲུབ་པའི་ལམ་ལུགས་མང་པོ་ཡོད་པའི་ནང་མང་གཙོའི་ལམ་ལུགས་ནི་ལམ་ལུགས་ཀྱི་དཀའ་ངལ་ལམ་ལུགས་རང་གིས་སེལ་ཐུབ་པའི་ཁྱད་ཆོས་ཅན་དུ་ངོས་འཛིན་བྱེད་བཞིན་ཡོད་ཅིང་། བོད་མི་རྣམས་ཀྱང་དེ་ལ་ཧ་ཅང་མཉེས་པོ་གནང་གི་ཡོད། དེའི་རྐྱེན་གྱིས་ང་ཚོའི་མི་མང་ཡོད་ཚད་མང་གཙོའི་ལམ་ལུགས་ཀྱི་འཁོར་བསྐྱོད་མ་ལག་ཡིན། གལ་སྲིད་ཁྱོད་རང་མ་ལག་དེའི་ནང་འགུལ་བསྐྱོད་བྱེད་འདོད་ཚེ་སྐད་ཆ་རེ་རེས་བོད་མི་རིགས་ཀྱི་“ཁེ་ཕན་”ལ་འགན་ཁུར་དགོས་པ་ལས། གཞུང་ལུགས་ཀྱི་མཛེས་རྒྱན་ལྟ་བུའི་ “བདེན་ལུགས་”དང་། སྙན་ངག་པའི་སེམས་ཚོར། ལུང་ཚན་ཆུང་ཁག་གི་དགའ་མིན་དགའ་མདོག་ལྟ་བུ་སོགས་ནི་འབྲེལ་བ་མེད་པ་རེད།
འགན་ཁུར་ལ་ཚོར་སྣང་ཙམ་ཡང་མེད་པར་་“སྲིད་དབང་སྒེར་གཅོད་བྱེད་པ་”དང་། “སྨྲ་བརྗོད་རང་དབང་འཕྲོག་པ་” སོགས་ཆབ་སྲིད་དགག་རྒྱག་གི་ཚིག་ཤོམ་ཅན་ཁག་གཅིག་བསྟར་ལ་རྒྱུས་ཚེ་སྣང་བ་བསོར་ནའང་། དོན་དག་འཆོལ་གྱི་ཡོད་པ་རེད།
ཕྱི་ལོ་ ༢༠༡༧། ༢ ། ༡༨ སྔ་དྲོ་བྲིས།
མང་གཙོ་ཡང་དག་པའི་ཆབ་སྲིད་ཀྱི་དམིགས་ཡུལ་ཏེ། ཕྱོགས་གཅིག་གི་ཁེ་ཕན་ཁོ་ན་བསྒྲུབས་རྒྱུ་མ་ཡིན་པར། འགྲོ་བ་སེམས་ཅན་ཀུན་ལ་རང་ཆོས་སུ་ཡོད་པའི་ཐུན་མོང་གི་བདེ་སྐྱིད་བསྐྲུན་རྒྱུར་དམིགས་པ་ཞིག་ཡིན་པར་འདོད་།
ཆབ་སྲིད་གོ་དོན་རང་རྒྱལ་གཞན་ཕམ་རེད་།
ཆོས་ཀྱི་གོ་དོན་གཞན་རྒྱལ་རང་ཕམ་རེད་།
དེ་གཉིས་མ་ནོར་ཆོས་སྲིད་བྱ་བ་ལ་།
ཚུལ་བཞིན་སློབ་པའི་ལྷག་བསམ་རྒྱ་མ་ཆུང་།
ཆབ་སྲིད་ལ་དཀར་ནག་ཁྲ་གསུམ་ཡོད་པས་ཆོས་པ་ཞིག་གིས་མཐའ་གཅིག་ཏུ་དོར་དགོས་པའི་ངེས་པ་མ་མཐོང་།
༅༅།་ཆབ་སྲིད་ཆབ་སྲིད་ཞེས་པ་རང་དོན་རེད། རང་དོན་ཐོབ་དང་གོ་ས་ཁོ་ན་རེད།
རང་རྒྱལ་གཞན་ཕམ་མ་གཏོགས་འཇོན་ཐབས་མེད། ང་རང་ང་རང་ང་ང་ཁོ་ན་རེད།
ཆབ་སྲིད་ཟེར་ན་ནི་ཚོགས་པ་འམ་སྡེ་ཚན་ཞིག་ཡར་འཕེལ་བྱེད་པའི་ཐབས་ལམ་ཞིག་ལ་གོ་ཆོག་སྙམ།