སད་མི
སྤྱིར་བཏང་ཆབ་སྲིད་ཚིག་བརྗོད་སྐོར་ལ་རང་རེ་བོད་པ་ཚོས་ཤེས་རྟོགས་དང་དོ་སྣང་མེད་པ་འ་ཆད་འུ་ཐུག་རེད། མང་ཆེ་བས་ཚིག་བརྗོད་ག་འདྲ་ཞིག་སྤྱད་ནའང་ཁྱད་པར་མེད་སྣང་ཤར་ཡོད། མིང་བརྡ་སྣ་ཚོགས་ནང་དུ་གོ་རྒྱུ་འདྲ་མིན་བཏུམས་པའི་ཆབ་སྲིད་ཚིག་བརྗོད་བཟོ་དགོས་ན་རྒྱ་མི་ནི་འཛམ་གླིང་འདིའི་ནང་རྩེ་མོའི་རྩེ་མོ་ཡིན་གྱི་རེད། དཔེ་ཆག་བཞག་ན། བོད་རིགས(zangzu ) རྒྱ་རིགས(hanzu) སོགས་ནི་དཔེ་མཚོན་རགས་པ་དེ་ཡིན།
ད་ལྟའི་རྒྱ་ནག་གི་སྐད་འགྲོས་ནང་དུ་མི་རིགས་སམ(zu)ཙུའུ་ཟེར་བ་འདིའི་གོ་དོན་མང་ངོས་ནི་རྒྱ་ནག་གིས་ཤོད་ཀྱིན་པའི་མི་རིགས་ལྔ་བཅུ་ང་དྲུག་ཟེར་བ་འདིའི་ནང་རོལ་གྱི་ཡ་གྱལ་ཞིག་ལ་གོ་བ་རེད། དེས་ན། མི་རིགས་སམ་ཙུའུ་ཟེར་བ་འདི་ཁས་བླངས་ཚར་དུས། རང་བཞིན་གྱིས་རྒྱ་ཡིག་ཏུ་ཡོད་པའི་ཙུའུ་ཟེར་བ་འདིའི་བསྟན་དོན་ཁས་ལེན་ལ་སོང་ཡོད་སྟབས། དོན་དུ་བོད་ནི་རྒྱ་ནག་ནང་ཁོངས་ཡིན་ཟེར་གྱི་ཡོད་པ་རེད། རྒྱལ་སྤྱིའི་བོད་རིག་པའི་མཁས་པ་ཨེ་ལི་སི་ཕར་ལིང་གིས་ཀྱང་འདི་ག་རང་དུ་འདོད་ཀྱི་ཡོད་པ་རེད།
རྒྱ་མི་བོད་ལ་བཙན་འཛུལ་མ་བྱས་པའི་ཡར་སྔོན་དུ། ང་ཚོ་བོད་ཀྱི་ལོ་རྒྱུས་དེབ་ཐེར་རྙིང་པ་གང་དུའང་བོད་རིགས་སམ། ཡང་ན་རྒྱ་རིགས་ཞེས་པའི་ཆབ་སྲིད་མིང་བརྡ་འདི་རིགས་རྙེད་རྒྱུ་ཤིན་ཏུ་དཀའ། དེའང་ངེས་པར་ཡིན་དགོས་ཏེ། ཆབ་སྲིད་ཀྱི་མིང་བརྡ་འདི་ཚོ་ནི་གཅིག་དགུ་ལྔ་བཅུའི་རྗེས་སུ་རྒྱ་ནག་གི་འཐབ་ཕྱོགས་གཅིག་གྱུར་རམ་ཐམས་ཅད་ཡུག་གཅིག་ཏུ་རིལ་རིལ་བཟོ་འདོད་མཁན་ལས་ཁུངས་ན་ཡོད་པ་འི་རྒྱ་རྒན་མགོ་ལེབ་དེ་ཚོས་རྐང་བཙུགས་ནས་གསར་བཟོ་བྱས་པ་རེད་ལ། དུས་སྐབས་དེའི་བོད་ཀྱི་ཡིག་སྒྱུར་བ་འགའ་ཞིག་གིས་བོད་སྐད་དུ་བསྒྱུར་བཟོ་བྱས་པའི་ཆབ་སྲིད་ཀྱི་བརྡ་གསར་གྲས་རེད།
བོད་རང་གི་ཡིག་ཆ་རྙིང་པ་རྣམས་སུ་བོད་མི། གངས་ཅན་པ། བོད་པ། ཐུ་བྷོད་བ་བཅས་འབོད་པ་ལས་བོད་རིགས་འབོད་སྲོལ་མེད། དེ་བཞིན་དུ་རྒྱ་ནག་པ། རྒྱ་མི། ཙི་ན་བ་བཅས་འབོད་པ་ལས་རྒྱ་རིགས་འབོད་སྲོལ་གཏན་ནས་མེད། མིང་བརྡ་རྙིང་པ་འདི་ཚོའི་ངོ་གདོང་རང་གི་སྒང་ནས་བོད་དང་རྒྱ་ནག་ཁ་ཁག་སོ་སོར་བསྟན་པ་ལས། ད་ལྟའི་ཆབ་སྲིད་མིང་བརྡ་འདི་དག་ལྟར་དུ་ཁྱིམ་ཚང་གཅིག་ཡིན་པའི་གོ་རྒྱུ་སྟོན་གི་མེད་ལ། གཅིག་འོག་གཅིག་འདུས་ཡོད་པའི་བརྡ་དོན་དེ་བས་བསྟན་གྱི་མེད་པས། རྒྱ་ཕྱོགས་ནས་བསམ་བཞིན་དུ་མིང་འབོད་སྟངས་རང་གི་སྒང་ནས་དབང་སྒྱུར་གྱི་བྱེད་ལས་ཐོན་པའི་ཆབ་སྲིད་ཀྱི་མིང་བརྡ་གསར་པ་སྣ་ཚོགས་བཟོས་ཏེ་ཁྱབ་སྤེལ་བྱས་ཡོད།
དེ་ལྟར་ནའང་། བོད་པ་ཚོས་རྒྱ་ངན་དེ་ཚོའི་ངན་ཇུས་ལ་གཞོགས་འདེགས་བྱེད་པ་ལྟར་དུ། བོད་རིགས་ཟེར་བའི་ཆབ་སྲིད་མིང་བརྡ་འདི་བཀོལ་སྤྱོད་ཅི་ཐོན་བྱེད། དཔེར་ན། ནིའུ་ཡོག་བོད་རིགས་སྤྱི་མཐུན་ཚོགས་པ། བོད་རིགས་མི་དམངས། བོད་རིགས་སྤུན་ཟླ་སོགས་ཅི་སྙོབ་གང་སྙོབ་བྱེད། ངོ་མ་བྱས་ན། བོད་མི་སྤྱི་མཐུན་ཚོགས་པ། བོད་མི་དམངས། བོད་མི་སྤུན་ཟླ་ཚོ་སོགས་འབོད་དགོས་ངེས་རེད། འདི་ལ་དགོས་པ་རྒྱུ་མཚན་ཏན་ཏན་ཡོད་པ་ཡིན།
བོད་པ་ཚོས་ཧ་ཅང་ཟབ་དགོས་ས་ཞིག་ནི་བོད་ཀྱི་གསར་ཁང་དེ་ཚོ་རེད། དཔེར་ན། ཨ་རླུང་འདྲ་བོ་དག་གིས་ཁ་ལག་གཉིས་ཀས་བོད་རིགས་དང་རྒྱ་རིགས་རྐྱང་རྐྱང་བཀོལ་སྤྱོད་བྱས་ཏེ་དགྲ་ཕྱོགས་ཀྱི་དབང་སྒྱུར་ལ་རམ་འདེགས་བྱེད་བཞིན་ཡོད། ཁོ་ཚོས་ནི་སྣང་མེད་སྒོ་ནས་བེད་སྤྱོད་ཅི་ཐོན་བྱེད་ཀྱི་ཡོད་དུས། རླུང་འཕྲིན་དེ་དག་ལ་ལྟ་ཉན་བྱེད་མཁན་བོད་པ་མང་པོ་ཞིག་ལ་ངན་ཤུགས་ཐེབས་ཀྱིན་ཡོད་པ་རེད་ལ། རྒྱ་མིའི་དམིགས་གཏད་ཀྱང་འགྲུབ་གི་ཡོད་པ་ལོས་ཡིན།
ང་ཚོ་བོད་པ་མ་གཏོགས། གཞན་པ་སུས་ཀྱང་རང་ཉིད་ཀྱིས་རང་ཉིད་ལ་དམའ་འབེབས་བྱེད་ཀྱི་མ་རེད། སོ་སོས་སོ་སོའི་སྐར་གྲངས་གཅོག་གི་མ་རེད། ཕྲན་ལ་མཚོན་ན། རྒྱ་ངན་ལ་ལས་ཙང་ཙུ་རེན(བོད་རིགས)ཟེར་ཡོང་དུས་འགྲམ་པའི་སྒང་ལ་ཅིག་གཞུས་བཏང་བའི་ཚོར་སྣང་ཡོང་གི་འདུག འབོད་སྟངས་འདི་རྒྱ་མིའི་སྐད་ཡིག་ནང་དུ་མཐོང་ཆུང་གི་ལྟ་བ་དང་། རྒྱ་ནག་གི་ཆ་ཤས་སུ་སྟོན་པའི་གོ་བ་སོགས་མངོན་མཚན་ཅི་བས་ཆེ།
ང་ཚོའི་ཁྱིམ་མཚེས་རྒྱལ་ཁབ་འབྲུག་ལ་ཆ་བཞག་ནའང་། ནིའུ་ཡོག་འབྲུག་མི་སྤྱི་མཐུན་ཚོགས་པ། འབྲུག་མིའི་ཚོགས་ཁང་ཟེར་བ་སོགས་ལས་འབྲུག་རིགས་ཟེར་བ་རྩ་ནས་འབོད་ཀྱི་མ་རེད། དེ་བཞིན་དུ་བལ་པོ་དང་རྒྱ་གར་བ་ལ་སོགས་གཅིག་མཚུངས་རེད།
གཞན་ད་དུང་། ང་ཚོ་བོད་མིའི་ངོས་ནས་བོད་རྒྱའི་གནད་དོན་འབོད་དགོས་པ་ལས། བོད་རྒྱའི་དཀའ་རྙོག་དང་རྩོད་རྙོག་སོགས་གཏན་ནས་འབོད་མི་རུང་། དཀའ་རྙོག་དང་རྩོད་རྙོག་ཟེར་ན། དོན་དག་ཆུང་ཆུང་ཞིག་ལ་བཟོས་ཚར་བ་རེད། ཆུ་ཉིན་སྲིབ་ཀྱི་རྩྭ་ས་རྩོད་གླེང་འདྲ་བོ་དང་། དེ་ལས་ཀྱང་ཐ་ན། ཁྱིམ་ཚང་གི་དཀའ་ངལ་དང་བཟའ་ཚང་གི་རྙོག་དྲ་ཟེར་བ་འདྲ་བོའི་ཚད་ལ་གཏུགས་པ་རེད། དབྱིན་ཇིའི་སྐད་ཡིག་ཐོག་ནས་འདི་སྐོར་ཁ་གཅིག་གྲགས་དང་གཞུང་ཡིག་གཏན་འབེབས་འདྲ་བོ་བཟོ་ཐུབ་ན་ཡག་པོ་ཡོང་ས་རེད། བོད་པ་མང་པོ་ཞིག་གིས Tibet issue དང Tibet cause སོགས་སྤྱོད་པ་འདི་ཡང་འཚམ་པོ་མེད་པ་འདྲ། ངའི་གྲོགས་པོ་ཞིག་གིས་ཟེར་དུས། དངོས་གནས་བྱས་ན། བོད་པའི་ངོས་ནསThe Tibet Question ཟེར་དགོས་པ་རེད་ཟེར། འབོད་སྟངས་རྦད་དེ་ཚད་མཐོ་པོ་དང་ཚད་ལྡན་ཡིན་པ་འདྲ།
ཁ་བྲལ་ཟེར་བའི་ཚིག་འདིའང་ངས་བེད་སྤྱོད་བྱེད་ཀྱི་མེད། གང་ཡིན་ཟེར་ན། ཁ་བྲལ་ཟེར་ལབ་པའི་ཤུལ་ན། དེ་སྔོན་གཅིག་ཡིན་པའི་བརྡ་དོན་ཡོད་པ་རེད། དཔེར་ན། བཟའ་ཚང་ཁ་བྲལ་བ་རེད་ཟེར་དུས་དེ་སྔོན་ཁྱིམ་ཚང་གཅིག་ཡིན་པ་སྟོན་པ་ལྟ་བུ་རེད།
རང་བཙན་ཟེར་བའི་ཐ་སྙད་འདི་ལའང་ཟབ་དགོས། སྔར་རང་བཙན་མ་ཡིན་ནའང་ཕྱིས་སུ་ཁྲིམས་མགོ་རང་བཙན་ལ་སོང་བ་ལྟ་བུའི་སྐད་ཆ་རེད། དེས་ན། ང་ཚོས་ཅིས་ཀྱང་བོད་རང་བཙན་སླར་གསོའམ་བོད་རང་བཙན་བསྐྱར་གསོ་ཞེས་འབོད་དགོས་ལ། བོད་རང་བཙན་སླར་གསོའི་འཐབ་རྩོད་པ་འབོད་དགོས། འདི་སྐབས་ཀྱི་སླར་གསོ་དང་བསྐྱར་གསོ་ལ་གོ་ནུས་ཁྱད་པར་ཅན་ལྡན་ལ་བཅད་བྱ་ཡོད་པ་ཡིན། ད་དུང་རྒྱ་མིས་འབོད་པའི་ཤིས་ཙང(xizang)ཟེར་བ་སོགས་ནི་ཆེས་སྐྱི་གཡའ་དགོས་པའི་ཆབ་སྲིད་ཐ་སྙད་མདོག་ངན་ཤོས་དེ་རེད། ད་དེ་རིང་ཁར་ཙང་། རྒྱ་མིའི་སེམས་ངོ་ན་ཤིས་ཙང་ལབ་དུས་ད་ལྟའི་བོད་རང་སྐྱོང་ལྗོངས་ཟེར་བ་དེར་ཁོ་ན་ལ་གོ་བ་ལས། བོད་ཁ་ཚང་ཞིག་ལ་ངོས་འཛིན་རྩ་བ་ནས་མི་བྱེད་པ་ཆགས་ཚར་ཡོད། གལ་ཏེ། ཆབ་སྲིད་ཀྱི་མིང་བརྡ་འདི་རིགས་ལ་ཅི་བསམ་འདི་བསམ་མེད་པར་ག་ལེ་ག་ལེར་ལོ་མང་པོར་བེད་སྤྱོད་བྱས་སོང་ན། ནམ་ཞིག་ན་ཆེས་འཇིགས་སུ་རུང་བའི་མཇུག་འབྲས་ངན་པ་ཞིག་མགོ་ཐོག་ན་ལྷུང་རྒྱུ་ནི་གདོན་མི་ཟ་བ་ཡིན།
བསམ་བློ་དང་རིག་གནས་སིམ་འཛུལ་བྱེད་པའི་བྱ་ངན་འདི་རིགས་ལ་འགོག་རྒོལ་བྱ་དགོས་ན། ཐོག་མར་ཐ་སྙད་དང་ཚིག་བརྗོད་འདི་རིགས་ལ་དོ་སྣང་བྱས་ཏེ། སོ་སོ་ལ་དབང་ཞིང་འཚམ་པའི་ཚིག་བརྗོད་དག་ངེས་པར་དུ་སྤྱོད་དགོས། ཅིའི་ཕྱིར་དུ། དགྲ་བོས་ཆེད་དུ་བཟོས་པའི་ཆབ་སྲིད་མིང་བརྡ་དེ་དག་ང་ཚོས་བསམ་ལོང་དྲན་ལོང་མེད་པར་བེད་སྤྱོད་གཏོང་རྐྱང་བྱེད་པ་ཡིན།
སྐད་ཆ་འདི་ཤོད་སའི་ཁ་གཏད་གཙོ་བོ་ནི་བོད་ཕྱི་ལོགས་ཀྱི་གསར་ཁང་དེ་ཚོ་ལ་ཡིན།
འདི་ལ་རྒྱབ་སྐྱོར་བརྒྱ་ཆ་བརྒྱ་ཡོད། བོད་པ་ཞེས་པ་རྒྱབ་ཁོངས་ཀྱི་ཆ་ནས་བཤད་ཀྱིན་ཡོད་པས། རིགས་ཀྱི་ཆ་ནས་བཤད་ན་བོད་པ་ལ་བོད་རིགས་ཡིན་མི་དགོས། བོད་པ་སོག་རིགས་ཀྱང་ཡོད་ལ། མདོ་ཁམས་སྨད་དུ་སྔོན་ནས་བོད་ཁོངས་སུ་ཡོད་པའི་བོད་པ་རྒྱ་རིགས་ཀྱང་ཡོད་པ་ཡིན།
སད་མི་ལགས་ནས་ཡག་པོ་བཀོད་འདུག་ཐུགས་རྗེ་ཞུ་
སྤྱི་ལོའི་དུས་རབས་སྟོང་ལོའི་གོང་གི་ཤར་གླིང་ཨེ་ཤེ་ཡེའི་ནང་་ཆོས་ཀྱི་དབང་གྱུར་དང་དམག་གི་དབང་གྱུར་ཆབ་སྲིད་ཀྱི་དབང་གྱུར་གསུམ་གྱི་རྒྱུད་རིམས་ནང་རྒྱ་ཀར་གྱི་ཆོས་ཐོགས་ནས་དབང་གྱུར་དང་སོག་པོས་དམག་གི་དབང་གྱུར་རྒྱ་ནག་ནས་ཆབ་སྲིད་ཀྱི་དབང་གྱུར་བྱས་པའི་ནང་ནས་རྒྱ་ནག་ཀྱི་ཆབ་སྲིད་ཀྱི་དབང་གྱུར་བྱས་པ་ནི་དུས་ད་ལྟ་ཡིནའང་ཚམས་ནམ་ཡང་ཞག་མེད་པ་ནི་དངོས་ཡོད་གནས་གཏང་ཞིགས་རེད་ལྷག་པར་དུ་བོད་གང་ཅན་པ་ལ་ཚོན་ན་ང་ཚོའི་ཞན་ཆ་ཡོངས་སུ་རྒྱ་ནག་པོའི་ཆབ་སྲིད་ཀྱི་དབང་གྱུར་ནག་པོ་དེའི་མཐུན་རྐྱན་ལ་གྱུར་ནས་ཐར་བོད་ཀྱི་སྣོད་དང་བཅུད་ཡོངས་སུ་ཤོར་ཡོད་ད་ཆ་མིང་གི་ལྷག་མའམ་ལོ་རྒྱུད་ཀྱི་དཔང་པོ་ཕྲན་ཙམ་ལྷག་པ་དེ་ཕྱོགས་ཚང་མས་དོ་གནང་དགོས་པ་ཤི་དུ་ནས་གལ་ཆེར་བསམ་
དོན་ལྡན་གྱི་རྩོམ་ཞིག་རེད། བོད་མི་འམ་བོད་པ་ཞེས་བཀོལ་ན་ལེགས།
བོད་མིའི་སྤྱི་མཐུན་ཚོགས་པ། བོད་མིའི་སྒྲིགས་འཛུགས། བོད་པའི་སྤྱི་མཐུན་ཚོགས་པ་ལྟ་བུ་ལེགས་པ་འདུག