ཡོང་ཁུངས། བོད་ཀྱི་བང་ཆེན།
ཟླ་འདིའི་ཚེས་༥ ཉིན་དྷ་ས་མེག་གྷན་རྒྱ་གར་ཡུལ་སྐོར་སྤྲོ་འཆམ་པའི་ཚོགས་ཁང་དུ། སྲིད་སྐྱོང་ལས་ཐོག་བློ་བཟང་སེང་གེས་ཁོང་༢༠༡༦ ལོའི་སྲིད་སྐྱོང་འོས་མིར་བཞེངས་རྒྱུ་ཡིན་པའི་གསར་འགོད་ལྷན་ཚོགས་ཤིག་བསྐོངས་པ་དང་། གཅིག་བོད་མིའི་སྒྲིག་འཛུགས་གནས་རྒྱུ་དང་། གཉིས་གོང་འཕེལ་གཏོང་རྒྱུ། གསུམ། རྒྱུན་གནས་དགོས་པ་གལ་ཆེན་པོ་རེད་ཅེས་གསུངས་སོང་།
སྲིད་སྐྱོང་འོས་མི་བློ་བཟང་སེང་གེས་གསུང་དོན། “བཀའ་ཤག་སྐབས་བཅུ་བཞི་པའི་ལྟ་གྲུབ་གསུམ་ཆིག་སྒྲིལ་དང་། གསར་བཏོད། རང་ཁ་རང་གསོ་བཅས་མུ་མཐུད་གནས་རྒྱུ་རེད། མ་འོངས་བྱེད་ཕྱོགས་ཐོག་ངས་བོད་དེ་‘ལྔ་’དང་‘ལྔ་བཅུ་’ཟེར་གྱི་ཡོད། སྲིད་སྐྱོང་དང་སྤྱི་འཐུས་ལ་སུ་བཞེངས་ནའང་རེད། ལོ་ལྔའི་དུས་ཡུན་ནང་དབུ་མའི་ལམ་གྱི་སྲིད་ཇུས་ཀྱི་དགོངས་དོན་བོད་རྒྱ་ཞི་མོལ་བརྒྱུད། མིང་དོན་མཚུངས་པའི་རང་སྐྱོང་རག་ཐབས་དེ་ང་ཚོའི་ཆབ་སྲིད་ཀྱི་དམིགས་ཡུལ་གལ་ཆེ་ཤོས་དེ་རེད། བོད་ལ་ཡོད་པའི་བོད་མི་ཚོའི་མངོན་འདོད་༧གོང་ས་མཆོག་བོད་ལ་གདན་འདྲེན་ཞུ་རྒྱུ་དེ་རེད། ལོ་ལྔ་རིང་ཆབ་སྲིད་ཀྱི་འགན་ཆེ་ཤོས་དེ་ཆགས་ཡོད་རེད། ‘ལྔ་བཅུ་’ཟེར་གྱི་ཡོད་པ་དེ་ལོ་ལྔ་བཅུའི་རིང་བཙན་བྱོལ་ནང་ལྷག་པ་དང་། མ་འོངས་པར་ཡང་གནས་དགོས་བྱུང་ནས་གང་ཐུབ་ཇི་ཐུབ་གནང་ཐུབ་ན། ལོ་ལྔ་དེ་ལ་ཕན་གྱི་རེད། གཅིག བོད་མིའི་སྒྲིག་འཛུགས་གནས་རྒྱུ་དང་། གཉིས། གོང་འཕེལ་གཏོང་རྒྱུ། གསུམ། རྒྱུན་གནས་དགོས་པ་གལ་ཆེན་པོ་རེད། དེ་གསུམ་འགྲུབ་ན་རྒྱལ་ཁ་ཐོབ་ཀྱི་རེད། ལོ་ལྔ་བཅུར་གནས་དགོས་བྱུང་ནའང་། གནས་ཐུབ་ན་རྒྱ་ནག་འགྱུར་བ་འགྲོ་རྒྱུ་ཡིན་པས། ང་ཚོར་རྒྱལ་ཁ་ཐོབ་ངེས་རེད་”ཅེས་གསུངས་སོང་།
དེ་བཞིན་སྲིད་སྐྱོང་འོས་མི་བློ་བཟང་སེང་གེས་ཆབ་སྲིད་ཐོག་དོན་ཚན་ལྔ་དང་། འཛིན་སྐྱོང་ཐོག་དོན་ཚན་ལྔ་ཡོད་སྐོར་གསུང་སྐབས། ༧གོང་ས་མཆོག་བགྲེས་ཡོལ་གནང་བ་དང་བོད་མིའི་སྒྲིག་འཛུགས་གནས་ཐུབ་ཡོད་པ་དང་། བོད་ཕྱི་གནང་གཉིས་བར་གྱི་འབྲེལ་བ་ཡག་པོ་ཡོད་པ། རྒྱ་གར་གཞུང་མང་གཉིས་དང་། རྒྱལ་སྤྱིའི་ཐོག་འབྲེལ་བ་ཉར་ཐུབ་པ་དང་ཡར་རྒྱས་ཡོད་པ། ༧གོང་ས་མཆོག་བགྲེས་ཡོལ་གནང་ནའང་སྤྱི་ཚོགས་ལྷིང་འཇགས་པོ་བྱུང་ཡོད་པ། གཞི་བརྟན་པོ་ཡོད་ན། མ་འོངས་པར་ལས་སླ་རུ་འགྲོ་རྒྱུ་ཡིན་སྐོར། འཛིན་སྐྱོང་ཐོག་ནས་ཤེས་ཡོན་ཡར་རྒྱས་དགོས་པ་དང་། དཔལ་འབྱོར་ཐོག་ནས་རང་ཁ་རང་གསོ་ཡོང་ཐབས། ཆོས་དང་རིག་གཞུང་མི་ཉམས་གོང་འཕེལ་གཏོང་རྒྱུ། གཞིས་ཆགས་སྲ་བརྟན་དང་འཚོ་གནས་སྲ་བརྟན་བཅས་ལ་བོད་ཕྱི་ནང་གཉིས་ནས་ཤུགས་སྣོན་རྒྱག་དགོས་པ། ༧གོང་ས་མཆོག་གི་སྐུ་ཕྱྭ་གལ་ཆེན་བརྩི་རྒྱུ་བཅས་ཡིན་སྐོར་ངོ་སྤྲོད་གནང་སོང་།
བོད་ནང་ནས་༧གོང་ས་མཆོག་བོད་ལ་ཕེབས་དགོས་པའི་འབོད་ཚིག་དེ་བོད་ལ་རང་དབང་ཡོད་པའི་ཐོག་ནས་༧གོང་ས་མཆོག་བོད་ལ་ཕེབས་དགོས་པའི་དོན་ཡིན་དང་། བོད་ལ་ཕེབས་ཐུབ་པ་ཙམ་གྱི་འགྲིག་གི་ཡོད་རེད། བཀའ་ཤག་གི་ངོས་ནས་ངོས་འཛིན་གནང་སྟངས་ག་འདྲ་རེད། ༧གོང་ས་མཆོག་བོད་ལ་ཕེབས་རྒྱུ་དང་བོད་དོན་བདེན་མཐའ་གསལ་རྒྱུ་གཉིས་ངོ་བོ་གཅིག་ལ་ངོས་འཛིན་གནང་གི་ཡོད་དང་། ལོག་ཀར་ངོས་འཛིན་གནང་གི་ཡོད་པ་རེད་ཅེས་གསར་འགོད་པས་དྲིས་པར།
སྲིད་སྐྱོང་བློ་བཟང་སེང་གེས། “བོད་མིའི་རང་དབང་བསྐྱར་གསོ་བྱེད་རྒྱུ་དང་། ༧གོང་ས་མཆོག་བོད་ལ་འདན་འདྲེན་ཞུ་རྒྱུ་ཞེས་མཉམ་དུ་ངས་སྔོན་མ་ནས་ཞུས་བསྡད་ཡོད། ད་ལྟ་ཡིན་ནའང་མིང་དོན་མཚུངས་པའི་རང་སྐྱོང་རག་རྒྱུ་དང་། ༧གོང་ས་མཆོག་བོད་ལ་གདན་འདྲེན་ཞུ་རྒྱུ་ཞེས་མཉམ་དུ་ཞུ་ཡི་ཡོད། བོད་ནང་ནས་རང་ལུས་མེར་སྲེག་གཏོང་མཁན་༡༤༠ ལྷག་བྱུང་བ་ཚོའི་འབོད་སྒྲ་༧གོང་ས་མཆོག་བོད་ལ་གདན་འདྲེན་ཞུ་རྒྱུ་དང་། བོད་མི་ལ་རང་དབང་བསྐྱར་གསོ་དགོས་པ་ཞེས་༧གོང་ས་མཆོག་སྔོན་དང་བོད་མིའི་རང་དབང་རྗེས་བྱས་ནས་མཉམ་དུ་གསུངས་བསྡད་ཡོད་པ་རེད། ང་ཚོས་ཀྱང་མཉམ་དུ་བརྗོད་བསྡད་ཡོད་” ཅེས་སྔོན་མ་བོད་རྒྱ་འབྲེལ་མོལ་ཡོང་ཐབས་དམིགས་བསལ་སྐུ་ཚབ་ཡོད་པའི་ཐོག་ནས་གནང་གི་ཡོད་པ་དང་། ད་ལྟ་དམིགས་བསལ་སྐུ་ཚབ་མེད་པའི་ཐོག་ནས་གནང་གི་ཡོད་སྐོར་དང་། གཙོ་ཆེ་ཤོས་བོད་རྒྱ་འབྲེལ་མོལ་ཐོག་༧གོང་ས་མཆོག་གིས་དེ་སྔོན་ཐུགས་སྣང་གནང་གི་ཡོད་པ་དང་། ད་ལྟ་ཡང་ཐུགས་སྣང་གནང་གི་ཡོད་པས། འཐུས་ཤོར་སོང་མེད་སྐོར་ངོ་སྤྲོད་གནང་སོང་ལ། བོད་པའི་ངོས་ནས་གྲོས་མོལ་གནང་རྒྱུ་གྲ་སྒྲིག་ཆ་ཚང་ཡོད་པ་དང་། གཙོ་བོ་རྒྱ་ནག་ཕྱོགས་ནས་ཡ་ལན་གནང་དགོས་པ་ལས། ལག་པ་བཅིག་བརྐྱངས་ནས་ལག་པ་གཏོང་རྒྱུ་ཁག་པོ་ཡིན་སྐོར། ང་ཚོའི་ངོས་ནས་གྲ་སྒྲིག་ཆ་ཚང་ཡོད་སྐོར་ངོ་སྤྲོད་གནང་སོང་།
དབུ་མའི་ལམ་གྱི་སྲིད་ཇུས་ཐོག་ནས་རྒྱ་ནག་ལ་གྲོས་མོལ་ཡོང་ཐབས་དེ་རྒྱ་ནག་གི་ཡ་ལེན་བྱེད་མིན་དང་འགྱུར་བ་འགྲོ་མིན་བསྒུག་འདུག་རྒྱུ་ལས། གཞན་པ་གནང་རྒྱུ་ཡང་ཡོད་པ་མ་རེད་དམ་ཞེས་གསར་འགོད་པས་དྲིས་པར། ཁོང་གིས། “དེ་འདྲ་མ་རེད། གནང་རྒྱུ་མང་པོ་ཡོད་རེད། བོད་མིའི་སྒྲིག་འཛུགས་ཚགས་ཚུད་དུ་གཏོང་རྒྱུ་དང་། སློབ་སྦྱོང་དང་དཔལ་འབྱོར་ཡར་རྒྱས་གཏོང་རྒྱུ། རྒྱལ་སྤྱིའི་ཐོག་འབྲེལ་ལམ་འཛུགས་རྒྱུ། དཔེར་ན་ཉེ་ཆར་ཨ་རིའི་སྲིད་འཛིན་དང་། རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིན་མཉམ་དུ་གསར་འགོད་ལྷན་ཚོགས་སྐབས། ཨ་རིའི་སྲིད་འཛིན་གྱིས་བོད་དོན་ཐོག་བཀའ་མོལ་གནང་བ་དང་། ༧གོང་ས་མཆོག་དང་ཁོང་གི་སྐུ་ཚབ་བར་བཀའ་མོལ་གནང་དགོས་ཀྱི་འདུག་ཅེས་གསུངས་པ་དེ་སྲིད་འཛིན་གཉིས་འགྲོ་སྟངས་འགྲོ་ལུགས་ཐོག་ནས་ཚད་མཐོ་ཤོས་དེ་རེད། དེ་ཨ་རིའི་གཞུང་གིས་རྒྱ་ནག་ལ་འབོད་སྐུར་དང་གནོན་ཤུགས་ཟེར་ནའང་རེད། བོད་པ་ལ་རྒྱབ་སྐྱོར་ཚད་མཐོ་ཤོས་དེ་རེད། རྒྱ་ནག་ནང་གི་མི་རིགས་གཞན་པ་གཅིག་ཀྱང་མ་བཤད་པར། བོད་དོན་འབུར་དུ་བཏོན་ནས་བཤད་པ་དེ་བཀའ་ཤག་གི་ཐོག་ནས་འབད་བརྩོན་བྱས་པའི་གྲུབ་འབྲས་ཤིག་ལ་ངོས་འཛིན་ཆོག་གི་རེད་བསམ་གྱི་འདུག
དེ་བཞིན་རྒྱ་ནག་གི་སྲིད་བློན་ལཱི་ཁེ་ཆང་ཡུ་རོབ་ལ་ཕེབས་སྐབས། ཡུ་རོབ་མཉམ་འབྲེལ་གྱི་ཚོགས་གཙོས་གསར་འགོད་ལྷན་ཚོགས་ཐོག་༧གོང་ས་མཆོག་དང་བཀའ་མོལ་གནང་དགོས་པ་གསུངས་པ་ཚད་མཐོ་ཤོས་དེ་རེད། དབུ་མའི་ལམ་སྒུག་སྡོད་རྒྱུ་ཞིག་མ་རེད། གཞིས་ཆགས་ཁག་ལ་འགྲོ་དུས། དབུ་མའི་ལམ་གྱི་ཐོག་ག་རེ་གནང་དགོས་པ་རེད་ཟེར་གྱི་འདུག དབུ་མའི་ལམ་གྱི་ཐོག་ལས་འགུལ་སྤེལ་རྒྱུ་ཡོད་པ་དང་། དེ་ཡང་བཀའ་ཤག་གི་ལམ་སྟོན་ཁྲིམས་མཐུན་དང་། ཞི་བ། ཆེ་མཐོང་ལྡན་པའི་ཐོག་ནས་ལས་འགུལ་སྤེལ་དགོས་པ་རེད། གཙོ་བོ་རྒྱ་ནག་གཞུང་ལ་རག་ལས་ཡོད་པ་དང་། ང་ཚོར་གྲ་སྒྲིག་ཨང་གསར་ཡོད་པ་དང་འབད་བརྩོན་ཞུ་དང་ཞུས་མུས་རེད་”ཅེས་གསུངས་སོང་།།
གསར་འགོད་པ་ཆོས་ཉིད་འོད་ཟེར།
ཡང་། སྲིད་སྐྱོང་གིས་ལྷག་ཏུ་སྔ་རྗེས་གཉིས་མི་མཚུངས་པའི་འགྲེལ་བཤད་དང་། ཁ་བཤད་དང་ལག་ལེན་གཉིས་མི་མཐུན་པའི་སྟོང་སྐད། འཆར་སྣང་དང་དངོས་ཡོད་གཉིས་མི་གཅིག་པའི་བསྐྱར་ཟློས་སོགས་མང་དུ་བརྩམས་སོང་།
ད་ཡིན་ན་རང་མདོག་ཇེ་གསལ་དང་། བཅོས་ཉམས་ཇེ་ཆེ། དོགས་གནས་ཇེ་མང་ལ་ཕྱིན་སོང་།
སྲིད་སྐྱོང་མཆོག་ལ་འཚམས་འདྲི་དང་མ་འོང་པའི་སྲིད་སྐྱོང་གི་ཞབས་སྟེགས་ཐོག་མུ་འཐུད་ནས་༧ མགོན་པོ་གང་དང་བོད་མི་ས་ཡ་དྲུག་གི་རེ་འདུན་འགྲུབ་ཐུབ་པའི་ཡིད་ཆེས་ཡོད།་
དགའ་བསུ་ཆེན་པོ་ཡོད་ལ་འོས་ཤོག་ཡང་བརྒྱ་ཆ་བརྒྱ་ཁྱེད་ལ་ཐོབ་གི་འདུག་མོ་ལུང་རྩིས་གསུམ་རྩེ་མཐུན་རེད་འདུག་ལ་ཁྱེད་ལ་ཁ་གཏོང་མཁན་ཚོ་ཁ་གནམ་ལ་སྡང་ནས་སྡོད་རྒྱུ་རང་རེད་ འོན་ཀྱང་བཙན་བྱོལ་བོད་མིའི་མང་གཙོའི་བླ་སྲོག་བཅའ་ཁྲིམས་རིན་པོ་ཆེའི་ན་བོད་དོན་བདེན་མཐའ་གསལ་ཐབས་ལས་རང་བཙན་དང་དབུ་མ་གང་ཡང་འཁོད་མེད་ན་ སྲིད་སྐྱོང་དང་སྤྱི་འཐུས་ལ་ལང་མཁན་ཚོའི་བཅའ་ཁྲིམས་ལ་འགན་འཁུར་དགོས་པ་ནི་བཅབ་ཁྲིམས་དོན་ཚན་བཅུ་གསུམ་བོད་ཀྱི་ཡུལ་མིའི་ལས་འགན་སྒྲུབ་དགོས་པ་ནི་བཅའ་ཁྲིམས་དང་འོས་བསྡུའི་སྒྲིག་གཞི་སོགས་དང་མ་འགལ་དགོས་པ་ལས་ བཅའ་ཁྲིམས་ནང་མེད་པའི་ཚིག་རང་བཙན་དང་དབུ་མ་ཁ་དང་ལྕེ་ལ་སྦྱར་ནས་ཆོལ་ཁ་དང་ལུང་ཚན་རྒྱབ་ལ་ཁྱེརནས་ཞི་བའི་མི་མང་མདུན་རྫོགས་མཐའ་མེད་པའི་སྒྲུང་བཤད་ཐུབ་པ་ཙམ་གྱི་སྲིད་སྤྱི་ལ་རེ་བའི་སྨི་ལམ་སྒུག་མཁན་ཡོད་ན་ནམ་རིང་སྒྲུང་གི་ནམ་ཡང་བསུ་མི་ཐུབ་བོ་།
མཁས་ལེན་ལྔ་དང་། མ་བསྒྲུབས་ལྔ་བཅུ་།
སྲིད་སྐྱོང་བློ་སེང་གི་མི་ཚེ་ནང་བོད་ལ་ལོག་རྩིས་མི་འདུག་གདའ། ལྔ་དང་ལྔ་བཅུ་ཟེར་ཀི་བགྲངས་བཞིན་ལྷོད་དལ་ཡིན་ཟེར་རོ།།
སྲིད་སྐྱོང་མཆོག་གིས་ཡང་སྐྱིད་པོ་གསུང་གི་འདུག གང་ལྟར་སྲིད་སྐྱོང་མཆོག་གིས་ལམ་དབུ་མའི་ཐབས་བྱུས་ལ་བརྟེན་པ་སྡོང་རྩར་བསྡད་ནས་རི་བོང་བཟུང་བའི་དཔེ་ལ་གཞན་གང་ཡང་མ་མཆིས།
རྗེ་མི་ལས། ལྷ་པ་མོ་པ་རྩིས་པ་གསུམ།། འཇིག་རྟེན་ཁམས་ཀྱི་རྫུན་རྐྱལ་གསུམ།། གསུངས་པ་ལྟར་སེང་གེ་སྲིད་སྐྱོང་ལ་ཕེབས་པར་མོ་ལུང་རྩིས་གསུམ་རྩེ་མཐུན་ཡིན་རབས་བཤད་པ་ནི། བོད་མི་རིགས་ཀྱི་རྩ་དོན་འཐབ་རྩོད་མོ་ལུང་རྩིས་གསུམ་ལ་བརྟེན་པའི་ལམ་ལུགས་འདིའི་འོག་ནས་གནས་སྟངས་འདིར་བསྐྱལ་ཡོད་པ་རེད། ཡིད་མི་ཆེས་ན་གནས་ཆུང་དང་དགའ་གདོང་སོགས་ལ་དྲིས་དང་གསལ་པོ་བཤད་ཡོང་གི་རེད།
བྱ་བ་ཆེན་པོ་ཡུན་གྱིས་འགྲུབ། ངང་ཐུང་འབད་པས་མཐའ་མི་རིག། ཟེར བ་ལྟར། ཁོ་ལ་ལོ་ལྔ་ཡང་བསྐྱར་མ་སྟེར་ན་ཡོང་རྒྱུ་མ་རེད་འདོད་ཀི།
སྐབས་དེའི་དུས། འཛམ་གླིང་ལ་མང་དུ་གྲགས་པའི་སློབ་ཆེན་དེ་འདྲ་ནས་རྣམ་དཔྱོད་ཤ་ཚ་ཅན་གྱི་གངས་ཕྲུག་གང་རུང་རེ་མཐར་ཕྱིན་ནས། ང་ཚོས་ཡང་ཡང་རེ་བཞིན་པའི་བོད་པའི་སོན་རྩ་རྣམ་གྲལ་སྒྲིག་ནས། ཆེ་མཐོང་ཁུར་ནས་ཡོང་པའི་རེ་བ་ཡོད། དེ་མིན་གཡག་རྫི་ལུག་རྫི་ལ་རེ་བ་གཏོད་དགོས་དུས་ཚར་སོང་བ་རེད།
དཔལ་ལྡན་སྲིད་སྐྱོང་བཀའ་དྲིན་ཆེ།
རིགས་དམན་རིགས་མཐོ་འབྱོར་ལྡན་འབྱོར་མེད་ཀྱི་ཁ་ཏོག་ལ་ལྟོས་པ་མེད་པར། གསར་བཏོད་དང་། གནའ་དེང་གི་ལེགས་བྱང་ལ་བསྟེན་པའི་རང་ཁ་རང་གསོའི་ཁྱུ་ཚོགས་ཁོ་ནས་བསྐྲུན་པའི་འཇིག་རྟེན་སའི་གོ་ལའི་ཁྱིམ་ཚང་གི་ཁྱིམ་མི་བཟོ་བསྐྲུན་གནང་དགོས་པ་དེ་ཡིན་སྟབས། ཤེས་ཡོན་སྲིད་ཇུས་ལ་ལམ་ལྷོང་ཡོང་ཆེད།
སྐུ་ཉིད་སླར་ཡང་བཞེངས་འདུན་གསར་བསྒྲགས་ཐུང་ཐུང་ཞིག་ཐོས་པས་ཀྱང་དགའ་སྤྲོས་ཡིད་ཚིམ་བྱས་བསྡད་ཡོད།
ངའི་འོས་ཤོག་གིས་སྐུ་ཉིད་ལ་སྒུག་ནས་ཡོད།
དཔལ་ལྡན་སྲིད་སྐྱོང་མཆོག་ལས་ལྷག་པའི་འོས་མི་ཞིག་ད་ལྟའི་ཆར་མཐོང་མ་སོང་། འོས་ཤོག་ཁྱེད་ལ་འབུལ་ངེས་ཡིན།
གཏམ་བཤད་ནང་རྣམ་དཔྱོད་གསར་པ། ཐབས་བྱུས་གསར་པ་གང་ཡང་མ་མངོན་ད་ཕལ་ཆེར་དེ་ཙམ་ཡིན་འགྲོ
ཡང་སྟོང་གཏམ་འགའ་བཤད་ཡོད་ཁུ་མོ།
སྤྱིར་བཏང་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་ནས་འདས་པའི་ལོ་ངོ་ལྔའི་རིང་གྲུབ་འབྲས་མི་དམན་ཙམ་བཞག་ཡོད། ༧གོང་ས་མཆོག་བོད་དུ་གདན་འདྲེན་ཞུ་རྒྱུའི་ཁས་ལེན་དོན་ཕན་མི་བྱུང་བར་བློ་ཕམ་དང་། རེ་སྨོན་གྱི་ཡུལ་འབའ་ཞིག་ཏུ་འཁུམས།
འོན་ཀྱང་། ད་ལྟའི་སྲིད་སྐྱོང་འོས་མི་ལྔའི་ལོ་རྒྱུས་རྒྱབ་ལྗོངས་དང་། སྤྱི་ཚོགས་ཐོག་ཏུ་ཤུགས་རྐྱེན་སོགས་ཕྱོགས་ཡོངས་ནས་བསམ་ཚེ། སྲིད་སྐྱོང་བློ་བཟང་སེངྒེ་ལས་འོས་པ་སུ་ཞིག་མིན་འདུག
༡ ཚོགས་གཙོ་སྤེན་པ་ཚེ་རིང་ནི་དངོས་འབྲེལ་ཡིན་མིན་ཇི་ལྟར་ཡང་མི་བསད་ལག་དམར་བའི་ཀླན་ཀའི་འོག་ཏུ་ཡོད་པའི་ཉེན་ཅན་པ་ཞིག་རེད་འདུག
༢་ བཀྲ་ཤིས་དབང་འདུས་ཟེར་མཁན་ནི་སྤྱི་མཐུན་མཉམ་སྦྲེལ་གྱི་ལས་དོན་ཐོག་གྲུབ་འབྲས་གཟེངས་སུ་ཐོན་འདུག་པས་མུ་མཐུད་ཡར་རྒྱས་ཀྱི་ལམ་དུ་སོང་ནས་ཁ་ཡོད་ལག་ཡོད་ཀྱིས་བོད་མིའི་གཞིས་ཆགས་ས་བརྟན་ཡོང་རྒྱུར་ད་ལྟའི་ལས་གནས་དེ་ལས་འོས་པ་མེད་པས་ཆེན་པོའི་གོ་གནས་སུ་ཨུ་ཚུགས་རྒྱབ་དགོས་དོན་མིན་འདུག
༣ ཀླུ་མཁར་བྱམས་ནི་དབུ་རང་གི་གླེང་གཞིའི་འོག་ནས་ཡོང་བའི་མི་གླེང་སློང་ཅན་ཞིག་དང་། བོད་མིའི་སྒྲིག་འཛུགས་གསར་པ་ཞིག་འཛུགས་བློ་ཡོད་པའི་དྭོགས་པ་ཅན་གྱི་མི་ཞིག་ཡིན་ཅིང་། ལྷག་པར་སྒྲིག་འཛུགས་གསར་པ་ཞིག་བཟོ་རྒྱུར་ལོ་ངོ་ལྔས་གོ་མི་ཆོད་པས་བྱིས་པའི་རྩེད་མོའི་ངང་ཚུལ་ལས་མ་མཐོང་།
༤ ཨ་ཁུ་འབྲོག་པ་ནི་བྱང་ཐང་ནས་དམག་སྒར་དུ་འགྲོ་རྒྱུའི་གོ་སྐབས་ཤིག་གི་འོག་ནས་ཁ་བདེ་པར་འགྱུར་ནས་གློ་བུར་བའི་རླུང་བུ་ཞིག་ལས་མ་འདས་སོ།།