ངོས་སྦྱོར་བ། འཇམ་དབྱངས་སྦྱིན་པ།
ཁ་སང་བོད་ནས་འབྱོར་བའི་གནས་ཚུལ་ལྟར་ན། བོད་ཀྱི་ཆབ་སྲིད་བཙོན་ཟུར་གྲགས་ཅན་བླ་བྲང་ཨ་ཁུ་འཇིགས་མེད་ལགས་ཀྱི་ཨ་མ་སྐར་མ་འཚོ་སྙིང་གི་ནད་ཚའི་རྐྱེན་གྱིས་ཟླ་འདིའི་ཕྱི་ཚེས༢༣ཉིན་བླ་བྲང་ནས་འདས་གྲོངས་སུ་ཕྱིན་པའི་ཡིད་སྐྱོའི་གནས་ཚུལ་ཐོན་འདུག དེ་དང་མཉམ་དུ་ཁོང་གིས་དེ་སྔོན་བཙོན་འོག་ནས་རང་གི་ཨ་མར་བྲིས་པའི་རྩོམ་ཡིག་རེའང་ལག་སོན་བྱུང་ཡོད། མ་གཞི་ཨ་མའི་སྙིང་ནད་དེ་ནི་ཨ་ཁུ་འཇིགས་མེད་ཁོང་བཙོན་འཇུག་མཐའ་མ་བྱས་ནས་ལོ་གསུམ་ཙམ་འགོར་རྗེས་སུ་བྱུང་བ་ཞིག་ཡིན་ཞིང་། དེ་དུས་ལན་ཀྲུའུ་གྲོང་ཁྱེར་གྱི་སྨན་ཁང་ནས་གཤག་བཅོས་དགོས་ཚུལ་བཤད་ཀྱང་གཤག་བཅོས་གནང་མི་འདུག
དེ་ནས་ལོ་གཉིས་ཀྱི་རྗེས་ནས་ཨ་ཁུ་འཇིགས་མེད་བཙོན་གྲོལ་ཐོབ་རྗེས་ཨ་མར་སྨན་བཅོས་དང་། ལྷག་དོན་རང་གི་ཨ་མ་མ་ཤི་སྔོན་ལ་ལྷ་སར་མཇལ་སྐོར་ལ་ཁྲིད་རྒྱུའི་འདུན་པ་ཤིན་ཏུ་ཆེ་ཡང་དེ་ནི་ཡོང་ཐབས་མེད་པ་ལྟ་བུ་ཞིག་ཆགས་ཡོད། འོན་ཀྱང་། ཁོང་གིས་ལོ་གསུམ་ལ་ཉེ་བའི་རིང་རྫོང་སྲིད་གཞུང་དང་ཞིང་ཆེན་རིམ་པར་ཨ་མ་ལོ་ལོན་ཡིན་ཚུལ་སོགས་ཀྱི་རྒྱུ་མཚན་དྲངས་ནས་སྙན་ཞུ་ཡང་ཡང་བརྒྱབ་སྟེ། ཨུ་ཚུགས་མཐར་བསྐྱེད་ཀྱིས་ངེས་པར་ལྷ་སར་འགྲོ་རྒྱུ་ཡིན་ཞེས་གསུངས་པ་ལ་བརྟེན་ནས། ཉེ་སྔོན་གཞི་ནས་ཁོང་མ་བུ་གཉིས་ལ་རྒྱ་གཞུང་གིས་ཉིན་ཉི་ཤུའི་ཆོག་མཆན་སྤྲད་ཡོད་འདུག རེད་དེ། ཨ་ཁུ་འཇིགས་མེད་ནི་རྒྱ་གཞུང་གིས་ལྟ་རྟོག་ནན་པོ་བྱེད་ཡུལ་ཞིག་ཡིན་པས་ཁོང་ཨ་བུ་གཉིས་ལྷ་སར་མཇལ་སྐོར་གནང་སྐབས་ཀྱང་། ཉེན་རྟོག་ཁང་དང་ལྟ་སྲུང་ཁང་སོགས་ཀྱིས་ཉིན་རེར་ཁ་པར་ཐེངས་གཉིས་གསུམ་བཏང་ནས་འདྲི་རྟོག་དང་སུན་བཙེར་མི་ཉུང་བ་བཟོས་ཡོད་པ་དང་། མཐའ་ན་ཨ་ཁུ་འཇིགས་མེད་ཀྱིས་རྟེན་འབྲེལ་སླད་ཇོ་ཁང་ནང་ལྐོག་ནས་གཟན་ཤམ་ཞིག་བསྣམས་པ་ཙམ་ལས། བཙོན་གྲོལ་རྗེས་ཀྱི་ལོ་གསུམ་ལ་ཉེ་བ་འདིའི་ནང་གཟན་ཤམ་ཡང་བསྣམས་བཅུག་མི་འདུག ལྷ་ས་ནས་ཕྱིར་འཁོར་བའི་ལམ་ཁ་ནས་ཨ་མ་སྐར་མ་འཚོར་སྙིང་ནད་འཕར་ཏེ་ཛ་དྲག་གིས་མྱུར་སྐྱོབ་བྱས་ཀྱང་མ་ཕན་པར་བླ་བྲང་ལ་འབྱོར་ནས་ཉིན་ཞག་བཞིའི་རྗེས་སུ་འདས་གྲོངས་སུ་ཕྱིན་ཡོད་འདུག
ཨ་མ་སྐར་མ་འཚོ་ལགས་ནི་༸གོང་ས་༸སྐྱབས་མགོན་ཆེན་པོར་དད་གུས་ཧ་ཅང་ཆེ་ཞིང་ནམ་མཇལ་ལ་རེ་སྒུག་ཞུ་མཁན་ཞིག་ཡིན་པ་དང་། བོད་གངས་ཅན་གྱི་སྤྱི་དོན་སླད་སེམས་ཤུགས་དང་སྙིང་སྟོབས་ཆེ་ཞིང་། ནམ་དུའང་རང་གི་བུ་ཨ་ཁུ་འཇིགས་མེད་ཀྱི་ཕྱག་ལས་ལ་ཐུགས་ཁུར་དང་རྒྱབ་སྐྱོར་ལྷོད་མེད་གནང་བའི་སྐྱེད་མ་ཁྱད་པར་བ་ཞིག་ཡིན། ཨ་ཁུ་འཇིགས་མེད་ཀྱིས་གསུངས་ན་ཁོང་ཐེངས་བཞིར་བཙོན་འཇུག་བྱས་ཀྱང་ཁོ་མོས་བཟོད་སྒོམ་ཆེན་པོས་རྒྱབ་སྐྱོར་གནང་བ་ལས། མིག་ཆུ་ནམ་ཡང་མི་གཏོང་ཞིང་ཁྱོད་ཀྱིས་ལས་ཀ་དེ་འདྲ་ད་མཚམས་འཇོག་རོགས་ཞེས་དེ་བས་ཀྱང་གསུངས་མྱོང་མེད་ཅིང་དེ་ལས་ལྡོག་སྟེ་སེམས་ཤུགས་སྤར་གྱི་ཡོད། ངའི་ཨ་མའི་མཚོན་པས་བོད་ཀྱི་དཔའ་བོ་དཔའ་མོ་དག་གི་ནང་མི་ཚོས་ཀྱང་འདི་བཞིན་བཟོད་སྒོམ་གནང་གི་ཡོད་ཚུལ་ཨ་ཁུ་འཇིགས་མེད་ཀྱིས་ང་ཚོར་ཡང་ཡང་དྲན་གསོ་གནང་མྱོང་ཡོད་ལ། དོན་འདི་ནི་ཁོང་གི་རྩོམ་ཡིག་ཁག་ལ་བལྟས་ནའང་གསལ་པོར་མཐོང་ཐུབ་པ་ཞིག་རེད།
མཁྱེན་གསལ་ལྟར་ཆབ་སྲིད་བཙོན་ཟུར་གྲགས་ཅན་བླ་བྲང་ཨ་ཁུ་འཇིགས་མེད་ལགས་ཐེངས་བཞིར་རྒྱའི་བཙོན་འོག་ཏུ་ཚུད་ཡོད་ལ། བཙོན་འཇུག་མཐའ་མ་(༢༠༡༡།༨།༢༠། ༢༠༡༦།༡༠།༢༦)ལོ་ལྔའི་ཁྲིམས་ཆད་ཚང་རྗེས་གློད་གྲོལ་ཙམ་ཐོབ་ཡོད་ཀྱང་། དགོན་པའི་ནང་འཛུལ་ཞུགས་མི་ཆོག་པ་དང་ས་གནས་གཞན་དུ་འགྲོ་མི་ཆོག་པ་སོགས་གང་ཅིའི་ཐད་དམ་དྲགས་ཧ་ཅང་ཆེན་པོ་བྱེད་ཀྱི་ཡོད་པ་མ་ཟད། དེ་སྔོན་ཁོང་ལ་བཙོན་ཁང་ནས་ཕོག་པའི་ན་ཚ་གཙོ་བོ་ཟ་ཁུ་གཅིན་སྙི་དང་ཁྲག་ཤེད་མཐོ་བ། མིག་མི་གསལ་བ་དང་། དྲན་ཤེས་གསལ་པོ་མེད་པ་སོགས་ལུས་སེམས་གཉིས་ཀ་བདེ་ཐང་མིན་པའི་གནས་སུ་ལྷུང་ཡོད་འདུག
ཅེས་ཨ་ཁུ་འཇིགས་མེད་ཀྱི་དགེ་ཕྲུག་དགེ་འདུན་ཕུན་ཚོགས་ཀྱིས་རྒྱ་གར་ལྷོ་ཕྱོགས་འབྲས་སྤུངས་ནས། ཕྱི་ལོ་༢༠༡༩།༩།༢༨ཉིན།
ཨོཾ་མ་ཎི་པདྨེ་ཧཱུཾ། འཕགས་མཆོག་ཕྱག་ན་པདྨོས་རྗེས་སུ་བཟུང་ནས་རྣམ་མཁྱེན་རྒྱལ་བའི་གོ་འཕང་མྱུར་དུ་འཐོབ་པར་གྱུར་ཅིག རྒྱལ་གཅེས་དཔའ་བོ་ཁོང་གི་སྐུའི་སྙུང་གཞི་མྱུར་དུ་དྲག་བསྐྱེད་ཡོང་བར་ཤོག