དཔལ་ལྡན་རྒྱལ།
ཆའེ་རེ་མེ་ཏོག་བཞད་པའི་དུས་སྟོན་ནི། རྒྱལ་ས་ཝ་ཞིན་ཀྲོན་ནང་དུས་ཆེན་སྐྱིད་ཤོས་ཞིག་ཡིན། ལོ་ལྟར་ངའི་ཁྱིམ་མི་རྣམས་མེ་ཏོག་ལ་ལྟ་རུ་འགྲོ་རྒྱུ་ནི་ཁྱིམ་ཚང་གི་སྲོལ་རྒྱུན་ལྟ་བུར་གྱུར་ཡོད། ཆའེ་རེ་མེ་ཏོག་བཞད་པའི་དུས་སྟོན་གྱི་མཛད་སྒོ་དེ། ཨ་རིའི་སྲིད་འཛིན་གསུམ་པ་ཐོ་མ་སི་འཇར་ཕུ་སན་གྱི་དྲན་རྟེན་ཁང༌གི་མདུན་དུ་འཚོགས་ཀྱིན་ཡོད།
ཨ་རི་སྲིད་འཛིན་(1801-1809) གསུམ་པ་ཐོ་མ་སི་འཇར་ཕུ་སན་ (Thomas Jefferson 1743-1826) གྱི་དྲན་རྟེན་ཁང༌ནི་རྒྱལ་ས་ཝ་ཞིན་ཏོན་དུ་ཡོད། དྲན་རྟེན་ཁང་འདི་༡༩༣༩ ལོར་གསར་བཞེངས་འགོ་བཙུགས་ཀྱིས་༡༩༤༢ ཡོངས་སུ་འགྲུབ། དྲན་རྟེན་ཁང་འདིའི་ནང་དུ་ཟངས་ཀྱི་བཟོས་པའི་སྲིད་འཛིན་ཐོ་མ་སི་འཇར་ཕུ་སན་གྱི་སྐུ་འདྲ་ཆེན་པོ་ཞིག་ཡོད། ཨ་རི་སྲིད་འཛིན་ཐོ་མ་སི་འཇར་ཕུ་སན་ནི་༡༧༧༦་ལོར་ཨ་རིའི་རང་བཙན་གསལ་བསྒྲགས་འབྲི་མཁན་ཡིན་ལ། ཁོང་ནི་ཆབ་སྲིད་པ་དང་བསམ་བློ་བ་གལ་ཆེན་ཞིག་ཡིན།
ཟླ་བ་གསུམ་པའི་ཡུལ་ལྗོངས། པར་པ་དཔལ་ལྡན་རྒྱལ།
ཨ་རིའི་གཞུང་གྲུབ་སྟངས་ཀྱི་རྨང་གཞིའི་བསམ་བློ་གལ་ཆེན་ཁག་ཅིག་ཁོང་གིས་བྲིས་པའི་ཨ་རིའི་རང་བཙན་གསལ་བསྒྲགས་ལས་བྱུང་ཡོད། དཔེར་ན། མི་ཚང་མ་འདྲ་མཉམ་ཡིན་ཟེར་བ་དང༌། དེ་བཞིན་མི་ཚང་མ་འཚོ་གནས་དང༌། རང་དབང་། བདེ་སྐྱིད་འཚོལ་བརྙེགས་བྱེད་ཆོག་པའི་ཐོབ་ཐང་དང་མཉམ་དུ་སྐྱེས་ཡོད་པ་རེད། ཞེས་པ་སོགས་ནི་ཐོ་མ་སི་འཇར་ཕུ་སན་གྱི་བསམ་བློ་ཡིན། ཁོང་ནི་གསར་འགོད་རང་དབང་ལ་ཧ་ཅང་མཐོང་ཆེན་བྱེད་མཁན་ཞིག་ཡིན། སྐབས་ཅིག་ཁོང་གིས་གསུངས་དོན། “གལ་ཏེ་སྲིད་གཞུང་ཡོད་ཀྱང་གསར་ཤོག་མེད་པ་དང༌། ཡང་ན་གསར་ཤོག་ཡོད་ཀྱང་སྲིད་གཞུང་མེད་པ་གཉིས་ལས་འདེམས་ཁ་སྤྲད་པ་ཡིན་ན། ངས་ཐེ་ཚོམ་གང་ཡང་མེད་པར་ “གསར་ཤོག་ཡོད་ཀྱང་སྲིད་གཞུང་མེད་པ་དེ་འདེམས་ངེས་ཡིན། ཡིན་ནའང་མི་ཚང་མར་གསར་ཤོག་དེ་ཐོབ་ཐུབ་པ་དང་དེ་ཀློག་ཐུབ་པའི་ནུས་པ་ཡོད་དགོས།” ཞེས་གསུངས་ཡོད་པ་རེད།
གསལ་བཤད་བྱེད་རྒྱུ་ཞིག་ལ། ངའི་བུ་ཆུང་སློབ་གྲ་ནས་བདུན་གཅིག་རིང་དཔྱིད་ཀའི་གུང་གསེང་ཡིན། སྐབས་འདི་དང་བསྟུན་ནས་ངས་ཀྱང་བདུན་གཅིག་རིང་ལས་ཀ་ནས་དགོངས་པ་ཞུས་ཏེ། རྒྱལ་ས་ཝ་ཤིན་ཀྲོན་གྱི་ཉེ་མཁྲིས་ཀྱི་གནས་ཁག་ཅིག་ལ་ལྟ་བསྐོར་དུ་བསྐྱོད་པ་དང་མཉམ་དུ་། རྣམ་པ་ཚོར་ཁ་བརྡའི་ཚུལ་དུ་རྩོམ་ཐུང་ཁ་ཤས་འབུལ་བཞིན་ཡོད། དེ་བས་རྩོམ་ཐུང་འདི་དག་ལ་གཟབ་ནན་ངང་བསམ་ཞིབ་དང་། དཔྱད་གླེང་སོགས་ཀྱི་རིན་ཐང་མེད། མ་འོངས་ཉིན་ཁ་ཤས་རིང་གནས་བསྐོར་ཟིན་ཐུང་ཁ་ཤས་འབུལ་ངེས་ཡིན།
ཆའེ་རེ་མེ་ཏོག་གི་པར་མཐོང་རྒྱུ་ཡོད་པ་དང་། ཨ་རི་སྲིད་འཛིན་ཐོ་མ་སི་འཇར་ཕུ་སན་གྱི་ལོ་རྒྱུས་བོད་སྐད་དུ་མཐོང་བ་དང་པོ་ཡིན་ཙང་། དགའ་སྤོབས་འཕེལ་བྱུང་། དཔལ་ལྡན་རྒྱལ། རྒྱལ་འགྱུར་ཅིག །
དཔལ་ལྡན་རྒྱལ་གྱི་དབུ་སྐྲ་རིང་དུ་རིང་དུ། ལས་ཡུན་ཐུང་དུ་ཐུང་དུ། གསར་འགྱུར་ལྗགས་ཀློག་ཐུང་དུ་ཐུང་དུ།
སྤྲོ་འཁྱམས་ཟིན་ཐོ་རིང་དུ་རིང་དུ། ཧ་ཧ། སྐུ་རྩེད་ཡིན་ནོ།། །།