རེབ་ཐོག་མདའ།
སྨུག་སྤྲིན་ས་ལ་འཐིབས་པའི་རི་ཀླུང་འདི་ཡི།།
ཞོགས་པའི་ཁ་དབུགས་རེག་བྱ་གྲང་མོ་རེད་འདུག །
ས་གཞི་བརླན་ཀྱིས་ཟོས་པའི་ནམ་ཟླའི་ཁྲོད་ནས།།
མི་རྐྱང་སེམས་པའི་གཏིང་ལ་གྲང་འདར་བརྒྱབ་ཐལ།།
ཉི་མས་གསེར་མདོག་བོར་ནས་ཉིན་འགའ་ཕྱིན་སོང་།།
རྒྱང་རིང་ཕ་ཡུལ་ཞིག་ལ་སེམས་འདི་མཁྲེང་གི །
ཟླ་བའི་བཞིན་རས་མ་མཐོང་ཁེར་རྐྱང་ཀློང་ནས།།
སྙིང་གི་བུ་མོའི་གཏམ་ཞིག་སླེབས་ན་བསམ་ཡོད།།
ཁྲོམ་ཆེན་གཞུང་ལ་ཉུལ་ནས་སེམས་དེ་གཡེང་འདོད།།
ཁ་སེམས་གཅིག་ཏུ་མཐུན་པའི་གྲོགས་དེ་མ་རྙེད།།
ཁང་མིག་སྦུག་ལ་འཛུལ་ནས་དེབ་ཅིག་ཀློག་འདོད།།
མལ་ས་དྲོན་པོའི་ཁུག་ནས་གཉིད་དུ་གཡེར་སོང་།།
གཏི་མུག་གྲོང་ལ་ཉུལ་བས་སྔ་གཞུག་དེ་ནས།།
རྨི་ལམ་རབ་རིབ་ཞིག་གི་འཇིག་རྟེན་ཉུལ་ཀྱང་།།
ཕྱི་ནང་རྐྱེན་གྱིས་བསླུས་པའི་རྣམ་ཤེས་ཕྲ་མོ།།
མི་རྐྱང་ཁང་མིག་ནང་ན་ཁེར་རྐྱང་རེད་འདུག །
བློ་སེམས་གཅིག་ཏུ་བསྡུས་དེ་འདང་ཞིག་རྒྱབ་འདོད།།
ཕྱི་རོལ་ཆར་བའི་ཤག་སྒྲས་དལ་ཀྱིས་དཀྲོགས་སོང་།།
དྲ་རྒྱའི་སྒོ་ལག་བརྡུང་ནས་དུས་ཤིག་གདའ་འདོད།།
བསམ་བློའི་ཁུག་ལ་ད་དུང་ཆར་བས་བརླན་འདུག །
ཕྱི་རོལ་གྲོང་ནས་རྙེད་པའི་འཚོ་བ་སྐྱུར་མོ།།
ལས་ཀྱིས་བསྐོས་པའི་ཚེ་འདིས་ཁ་དོག་ཡིན་འདུག །
མ་བུ་ཁ་ཁར་གྱར་པའི་ལོ་ཟླ་ཟད་པོ།།
བུ་ཆུང་སེམས་ན་ལྗི་བའི་ན་ཟུག་ཡིན་སོང་།།
བྱིས་དུས་གཏམ་རྒྱུད་རྙེད་པའི་པར་དེའི་ཁུག་ནས།།
རང་སྡེ་ཕུ་ནུའི་ངོ་གདོང་ཞིབ་ཏུ་ཀློག་དུས།།
ན་ཚོད་དལ་གྱིས་རྒས་པའི་འཁོར་བའི་གྲོང་ནས།།
མིི་རྟག་ཚེ་འདིའི་གནས་ལུགས་ཅུང་ཙམ་རྟོགས་སོང་།།
ཆར་ཆུས་ཕྱི་ལུས་བརླན་པའི་བགྲེས་སོང་ཁོ་བོས།།
གཉེར་རིས་སྟུག་པོ་བྲིས་པའི་ངོ་གདོང་མཐོང་ན།།
དུས་བཞི་གདོང་གིས་བསུ་བའི་ཕ་ཡུལ་ཞིག་གི །
སྐྲ་ལོ་དཀར་པོ་ཅན་གྱི་མེས་པོ་དྲན་གི །
སྨུག་སྤྲིན་མཐུག་པོ་ཁུར་བའི་གངས་རི་མཐོང་དུས།།
ཨ་ཕའི་ཞོགས་དག་མཆོད་པའི་བླ་རི་དྲན་བྱུང་།།
ལྗང་མདོག་གོས་སུ་གྱོན་པའི་སྤང་དེ་མཐོང་ན།།
ཕྱུགས་རྗེས་རི་ལ་བསྙེགས་པའི་མཛའ་མོ་དྲན་གི །
ས་གཞི་བརླན་གྱིས་ཟིན་པས་ཆར་ཞོད་འདི་ལ།།
བསམ་བློ་གཏོང་བ་ཞིག་ལས་ཅི་ཡང་མི་འདུག །
བརྩེ་བའི་ཁ་ཐག་རིང་བའི་སྙིང་སྡུག་ཞིག་ལ།།
ཚིག་གསུམ་ཁ་པར་སྣེ་ལ་བཏེགས་ན་བསམ་ཡོད།།
ཉི་མ་ཟླ་བ་བོར་བའི་དུས་ཚིགས་འདི་ལ།།
རི་ལུང་ཐང་གསུམ་སྐྱོ་བའི་མཆི་མ་བཞུར་ཐལ།།
རླུང་བུ་ཤུགས་ཀྱིས་ལྡང་བའི་གློ་བུར་དུས་ལ།།
སྔོ་ལྗང་ལྗོན་པས་གྲང་འདར་ཡང་ཡང་བརྒྱབ་ཐལ།།
ཆར་ཞོད་ཉིན་མོ་འདི་ལ་ཨ་ཐང་ཆད་ཀྱང་།།
ང་རང་འགྲོ་བའི་གནས་ཞིག་ད་དུང་མ་རྙེད།།
རྡ་སའི་རི་ཁུག་གདོང་བ་བརླན་གྱིས་ཟོས་ཀྱང་།།
རང་གི་རྐང་པ་འཇོག་ས་འདི་ལས་མི་འདུག །
ཕྱི་ལོ་༢༠༡༣ ལོའི་ཟླ་༦ ཚེས་༢༥ ཉིན་དཔེ་མཛོད་ནས་བྲིས།