དགེ་འདུན་བསྟན་འཛིན།
དེ་རིང་ནི་སྤྱི་ཟླ་༥ ཚེས་༢༥ སྟེ་༤•༢༥ ས་འགུལ་རྒྱུགས་ནས་ཉི་མ་སུམ་ཅུ་ཏག་ཏག་ལོན་པའི་ཉིན་མོ་རེད། ཉི་མ་སུམ་ཅུ་བོ་དེ་ནི་འཇིགས་སྣང་དང་དོགས་ཟོན་སོགས་ཟ་ངེ་ཟིང་ངེ་ཁོ་ནའི་ངང་ནས་འདས་སོང་། ད་དུང་ཡང་ལྷིང་འཇགས་བྱུང་མེད། ཁེ་ཉིན་གཟའ་སྤེན་པའི་ཕྱི་དྲོ་ཀ་ཋ་མན་ཌུ་ལ་རླུང་འཚུབ་དྲག་པོ་བརྒྱབ་རྐྱེན་མི་གཅིག་བསད་པ་དང་གཅིག་རྨས་པ། དེའི་མཚན་མོར་རི་ལུགས་ནས་ཀ་ལི་གཎ་ཌ་ཀི་གཙང་པོ་འགགས་ཏེ་མི་འགའ་ཤི་བ་དང་། ཁ་སང་དེ་ནས་ཆུ་ལུད་དེ་གཙང་པོའི་རྒྱུད་དུ་གནས་པའི་མི་རྣམས་ལ་འཇིགས་སྣང་ཚད་མེད་བྱུང་ཡོད།
དེ་རིང་ཚེས་༢༥ ཉིན་གྱི་ཐོ་རངས་ཆུ་ཚོད་༣:༢༣ ཙམ་ལ་ཚད་རིམ་༤•༥ ཅན་གྱི་ས་འགུལ་རྒྱུགས་ཡོད་པ་དང་། ཆུ་ཚོད་༡༡:༠༠ ཐོག་ཚད་རིམ་༤•༡ ཅན་བརྒྱབ་ཡོད། འདི་ལྟ་བུའི་ས་ཡོམ་ནི་ཉེན་ཁ་མེད་པའི་རིགས་རེད།
གལ་ཏེ་ད་ནས་བཟུང་ས་འགུལ་ཆུང་ངུ་རེ་མ་གཏོགས་ཤུགས་ཆེན་ཞིག་མ་སླེབས་པའི་དབང་དུ་བཏང་རུང་། ཆར་དུས་སླེབ་ལ་ཉེ་བས་ས་རུད་དང་རི་ལུག་གི་ཉེན་ཁ་ཉིན་རེར་ཡང་ཇེ་ཆེ་ནས་ཇེ་ཆེར་འགྲོ་བཞིན་ཡོད། དེར་བརྟེན། བལ་ཡུལ་བ་རྣམས་ད་དུང་ཡང་ས་ཡོམ་གྱིས་བསླངས་པའི་གོད་ཆག་ལས་ཐར་མེད་པ་གསལ་བོ་རེད།
མཚམས་འདིར་འདི་འབྲེལ་གྱི་གནད་དོན་གཞན་ཞིག་གླེང་སྙིང་འདོད་བྱུང་། དེང་སྐབས་འཛམ་གླིང་ཁྱོན་ཡོངས་ནས་བལ་ཡུལ་ལ་གདུང་སེམས་མཉམ་བསྐྱེད་དང་རོགས་རམ་བྱེད་མཁན་ཤིན་ཏུ་མང་པོ་ཡོད་པས། ཕྱི་ལོགས་ན་བཞུགས་པའི་མི་རྣམས་ཀྱིས་ད་ནི་བལ་ཡུལ་གྱི་མི་རེ་ལ་རོགས་རམ་སྣ་རེ་མ་རག་པ་མེད་པ་ལྟ་བུར་མཐོང་གི་ཡོད་ཚོད་རེད། ཕྱི་བཞུགས་བོད་མི་འགས་བདག་ལ་དེ་དང་ཕྱོགས་འདྲ་ཞིག་བརྗོད་སོང་། དེས་ན། དེ་རིང་བདག་གིས་དེའི་སྐོར་འཁྱུག་ཙམ་གླེང་།
ཨ་རི་སོགས་རྒྱལ་ཁབ་མང་པོས་བལ་ཡུལ་ལ་རོགས་དངུལ་འབོར་ཆེན་སྤྲད་རྒྱུའི་ཁས་ལེན་བྱས་ཡོད་ཅིང་། མི་སྣ་མང་པོ་གནམ་གྲུ་དང་བཅས་པ་དངོས་སུ་སླེབས་ནས་རོགས་རམ་རྒྱ་ཆེར་བྱས་ཡོད། འོན་ཀྱང་། གནམ་གྲུ་དང་རླངས་འཁོར་སོགས་ཀྱི་འགྲོ་གྲོན་དང་། ཉེན་སྐྱོབ་རུ་ཁག་གི་མི་སྣའི་གླ་ཆ་སོགས་ཀྱང་དེའི་ནང་ནས་འཐེན་གྱི་ཡོད་པས། མཇུག་མཐར་བལ་ཡུལ་ལ་རག་རྒྱུའི་དངུལ་ལོར་ཞེ་དྲག་ལྷག་མེད་ལ། ཅུང་ཟད་ཡོད་པ་རྣམས་ཧ་ལམ་གཞུང་འཛིན་མི་སྣའི་ཨམ་ཕྲག་ལ་འགྲོ་ཡི་ཡོད་པའི་གླེང་གཞི་ཡོད་པ་དེ་ག་རེད།
གཞུང་གིས་མི་དམངས་ལ་རོགས་རམ་བྱས་དང་བྱེད་བཞིན་པ་ནི་སྟོང་ཆ་སྐོང་ཆེད་ཙམ་ཡིན་པ་ལས། དོན་ངོ་མར་ཤ་ཚ་ཚ་དང་སྙིང་ཉེ་ཉེ་བྱས་ནས་རོགས་རམ་བྱེད་པའི་རྣམ་པ་མཐོང་རྒྱུ་མེད་ལ། མི་དམངས་ཀྱིས་རེ་བའང་བྱེད་ཀྱི་མེད་པ་རེད། དེས་ན། ད་རེས་ཀྱི་ས་ཡོམ་འདིས་ཆབ་སྲིད་པ་འགའ་ཞིག་ཕྱུག་པོ་ཆགས་རྒྱུ་ཡིན་པ་དང་། མི་དམངས་སྤྲང་པོ་ལས་ཀྱང་སྤྲང་པོར་འགྱུར་རྒྱུ་རེད།
སྒེར་དང་གཞུང་འབྲེལ་མིན་པའི་ཚོགས་པ་མང་པོས་མུ་མཐུད་ནས་རོགས་རམ་བྱེད་ཀྱིན་ཡོད་ཀྱང་། གོང་རིམ་ནས་གོ་སྒྲིག་ཚགས་ཚུད་མེད་པས། ས་ཁུལ་ལ་ལར་རོགས་རམ་ཡང་ཡང་རག་གི་ཡོད་ཀྱང་། ས་ཆ་འགའ་ཤས་ལ་ཐེངས་གཅིག་ལས་མ་རག་པའམ་གཅིག་ཀྱང་མ་རག་པའང་ཡོད། ཐེངས་གཅིག་པོ་དེ་ནི་ཧ་ལས་ན་འབྲས་དོ་བོ་རེ་དང་ཟ་སྣུམ་ཅུང་ཟད་རེ། ཚྭ་དང་འདག་ཆལ་སོགས་ཙག་ཙིག་རིགས་ཡིན། གང་ལྟར་མང་ཉུང་ཙམ་ལས་དོན་ལ་འཕྲལ་སེལ་གྱི་རོགས་རམ་ཡིན་པས། དུས་ཡུན་ཧ་ཅང་ཐུང་ངུ་ཞིག་ལས་ཕུགས་ཀྱི་དཀའ་ངལ་ལས་གྲོལ་ཐུབ་མེད།
དེ་མཚུངས་དབུས་བོད་མིའི་སྒྲིག་འཛུགས་དང་དགའ་ལྡན་ཕོ་བྲང་ཐེབས་རྩ་སོགས་བོད་མིའི་ཕྱོགས་ཀྱི་ཚོགས་སྡེ་དང་མི་སྒེར་མང་པོས་གང་ནུས་ཀྱིས་རོགས་རམ་གནང་གི་ཡོད། དེར་བརྟེན། བལ་ཡུལ་གྱི་བོད་མི་ཚོས་རོགས་དངུལ་མང་པོ་རག་གི་ཡོད་རེད་བསམ་པ་ཞིག་མི་མང་པོ་ལ་ཡོད་ཚོད་རེད། ངས་གསལ་བཤད་བྱེད་རྒྱུར། དེ་འདྲ་རྩ་བ་ནས་མ་རེད། ས་ཡོམ་གྱི་གོད་ཆག་ཁྲོད་དུ་ཚེ་སྲོག་ཤོར་བ་དང་རྨས་སྐྱོན་ཕོག་པའི་བོད་མི་འགའ་ཞིག་ཡོད་པ་ལས་གཞན། བོད་མི་བྱིངས་ཀྱིས་འགྱིག་ཤོག་འོག་ཏུ་ཚ་ངད་དང་ཆར་རྡུང་བཟེད་ཀྱིན་དཀའ་སྡུག་ལ་གདོང་ལེན་བྱེད་ཀྱིན་ཡོད་པ་དངོས་འབྲེལ་ཡིན་ཡང་། ག་ཤེད་ཅིག་ནས་རོགས་དངུལ་ཨེ་རག་ལྟ་ཡི་ཡོད་པ་མཐོང་ཐོས་ཞེ་དྲག་མ་བྱུང་ལ། བོད་མི་གནས་ས་བཙལ་ནས་རོགས་རམ་བྱེད་དུ་འོངས་པ་ནི་མེད་པ་འདྲ།
འགའ་ཞིག་དོན་གཅོད་ཁང་ལ་དཀའ་ངལ་ཞུ་རུ་ཕྱིན་པར། དོན་གཅོད་ནས་མི་ཚང་རེ་ལ་འབྲས་ཀི་ལོ་འགའ་དང་སྣུམ་ལི་ཊར་རེ། འགྱིག་ཤོག་མི་ཊར་འགའ་བཅས་སྤྲད་འདུག་ཟེར། དེ་ནི་སྲང་ལམ་གྱི་སྐད་ཆ་ཡིན་པ་ལས་བདེན་པ་ཡིན་མིན་མ་ཤེས། གལ་ཏེ། བདེན་ན་ནི་ཅུང་ཟད་ངོ་གནོང་དགོས་པ་ཞིག་རེད། གང་ལྟར། ད་རེས་བོད་མིའི་ནང་ནས་སྡུག་སྐད་རྒྱག་མཁན་དང་དབུས་བོད་མིའི་སྒྲིག་འཛུགས་ལ་འཁང་ར་བྱེད་མཁན་འགའ་ཞིག་འབྱུང་བཞིན་འདུག
ཡིན་ནའང་། ཤེས་རིག་བཀའ་བློན་ས་གནས་འདིར་གཟིགས་ཞིབ་ལ་ཕེབས་པར་མ་ཟད། གཏོར་སྐྱོན་ཚབས་ཆེན་ཕོག་པའི་སྦ་ཁང་བཙུན་དགོན་ལ་མཆོད་འཇོར་ས་གནས་ལས་ཁུངས་ནས་རོགས་རམ་གང་ཐུབ་གནང་དང་གནང་མུས་སུ་འདུག་ལ། འདི་ནི་བདག་གིས་མཐོང་བའི་དཔེ་མཚོན་ཙམ་སྟེ། ངས་མ་མཐོང་བ་དེ་བས་མང་བ་ཡོད་པ་གདོན་མི་ཟ། དེ་བས་ངའི་སེམས་ནང་ན་སུ་གཅིག་ལའང་འཁང་ར་དང་འཁོན་འཛིན་མེད་ལ། འདི་གར་གནས་སྡོད་བོད་མི་གཞན་དག་གིས་ཀྱང་འདི་ལྟ་བུའི་ལྟ་ཚུལ་འཛིན་རྒྱུ་དང་། ཐག་རིང་གི་བོད་མི་ཚོས་ཀྱང་གནས་ཚུལ་དངོས་གནས་ཇི་བཞིན་ཤེས་ཐབས་ལ་འབད་པ་གནང་བར་ཞུ།
བལ་ཡུལ་དུ་ས་འགུལ་གྱིས་འཇིགས་པས་མི་ཤི་རྐྱེན་ཆག་ཧ་ལས་བྱུང་བར་ཚང་མས་གདུང་སེམས་མཉམ་བསྐྱེད་ལོས་ཞུ། དེ་དང་ཆ་འདྲ་བའི་་རྫ་དྲག་པ་ཞིག་ནི་དེང་སང་བལ་ཡུལ་རྒྱལ་ཁབ་ཀྱི་རྩ་ཁྲིམས་གསར་པ་བཟོ་བཞིན་པའི་སྒང་རེད། རྩ་ཁྲིམས་དེའི་ནང་དུ་བལ་པོའི་བོད་གདོད་མའི་མི་རིགས་སོ་སོའི་སྐད་ཡིག་དང་། རིག་གཞུང་ཆོས་ལུགས། ཐོབ་ཐང་སོགས་སྲུང་སྐྱོབས་ཚད་ལྡན་ཚུལ་མཐུན་དགོས་པའི་རྩ་འཛིན་ཁྲིམས་ཡིག་བཟོ་བར་འབད་བརྩོན་བྱེད་དགོས་ཀྱི་འདུག ། བལ་ཡུལ་གྱི་རྒྱ་ཐང་རོང་རྒན་དེ་ཚོས་ཁོ་ཚོའི་ཐོབ་ཐང་གི་ཆེད་དུ་ཤུགས་ག་ཚོད་རྒྱག་གི་མི་འདུག་གམ། བོད་རིགས་ཚོས་དཀོན་མཆོག་མཁྱེན་ཟེར་ནས་གཉིད་ཁུགས་ནས་བསྡད་ན་རྩ་བ་ནས་འགྲིག་མ་སོང་། རྒྱལ་ཁབ་ཅིག་གི་དམངས་གཙོའི་ཐོབ་ཐང་འདྲ་མཉམ་རེད། ད་ལན་ཆུགས་ན་ནོར་བ་ཆེན་པོ་ཡིན། བླ་སྤྲུལ་དང་ཤེས་ཡོན་ཅན་གྱི་སྡེ་ཁག་ཚང་མས་འབད་བརྩོན་གནང་རོགས། ཐུགས་རྗེ་ཆེ་ཞུ། །
གནས་ཚུལ་མཁོ་སྤྲོད་གནང་བར་ཐུགས་རྗེ་ཆེ།
རླུང་གི་ནུས་པ་ཉམས་ནས་ས་ཡོམ་ཆུང་དུུ་འགྲོ་གི་ཡོད་ན་ཉེན་ཁ་་དེ་ཙམ་མེད་རེད་ལ་ས་རུད་དང་གངས་རུད་ནི་ལུ་པ་ཚང་མའིཡོང་སྲིད་པས་སྔོན་ཚུད་ནས་ཟབ་ཟབ་བྱ་རྒྱུ་གལ་ཆེན་པོ་་རེད་། རོགས་རམ་མི་ཚང་མ་ལ་གཅིག་ནང་བཞིན་ཁག་པོ་རེད་སྐྱོན་ཆགས་ཆེ་ཆུང་ལལ་ཞིག་ནས་གནང་གི་རེད་དེ་ལ་བརྩོད་གླེང་མ་བྱས་ན་ཡག་གི་རེད་།
ལྐོག་ཟ་རུལ་སྲུང་ནི་མི་གི་སྤྒི་ཚོགས་ཚང་མའི་ནང་ཡོད་ལ་ང་རང་ཚོའི་སྤྱི་འཐུས་གྲོས་ཚོགས་ནང་ལའང་ཡོད་པ་ཕྱི་ནས་བཤད་མཁན་མེད་པར་སྤྒི་འཐུས་ཁོ་རང་ཚོའི་ནང་ནས་གྲོས་ཚོགས་ནང་དུ་བཤད་མཁན་བྱུང་་འདུག་ན་མུ་མང་ནང་དེ་བས་ཀྱང་ལོས་ཡོང་ཆོག་།ཧ་ཧ་
དགེ་འདུན་ལགས། རི་ལུག་ཅེས་པ་བོད་པའི་ཐ་སྙད་ཨེ་ཡོད་ན། ཡོངས་གྲགས་སུ་ས་རུད་དང་རི་ཉིལ་ཞེས་འབོད་སྲོལ་ཡོད། བསམ་ཚུལ་ཡིན།
རི་ལུགས་པ་ཐག་པས་མི་འདོམ་ཟེར་བ་ཞིག་ཡོད་བསམས་སོང་།