ཁྲོ་གཏུམ།
གནམ་མཐའ་ནག་པོས་ས་གཞིའི་འཛུམ་མདངས་བསུབ
ལྷོད་བག་མེད་པའི་རླུང་གི་རྐང་འགྲོས་རྒོད་པས་རྩྭ་ལོའི་གཟུགས་པོ་འདར
ཕྱོགས་དང་ཕྱོགས་སུ་རྒྱུ་བའི་འགྲུལ་བཞུད་གོམ་ཁར་ངལ་དུབ་བརྡར་དེ་འཁྱར་འཁྱོར་འགྲོས་སུ་གར
མཁའ་ལྡིང་གླག་རྒོད་གཤོག་རྩ་ཆད་ལ་ཉེ
ནགས་ཚལ་རྒྱུད་སྐུད་བྱས་ཏེ་དྲག་དབྱངས་འཇིགས་པོས་ཆར་བའི་དབྱངས་ཤིག་དེད་ནས་ཐོན
ཆར་བ་བབས་སོང་ ཤག་ཤག་སྐྱོ་གླུས་རྣ་བ་གཙེས
ཆུ་ཐིག་འདུས་ཏེ་ས་གཞིའི་པགས་པ་ཤན་གྲིས་གཏུབ་གཅོད་མྱང
ང་རང་སྔུར་བ་འཐེན་ནས་གཉིད་ཀྱི་གཏིང་ལ་རང་དབང་སྤྱད་པའི་གོ་སྐབས་ཐམས་ཅད་ཧོབ་ཀྱིས་བླངས
༢༠༡༤།༠༧།༡༨ ཉིན་བྲིས།
ཆར་སྤྲིན་འཐུབ་པས་ས་གཞི་འོད་མེད་དུ་བཏང་སོང་།
ཆར་རླུང་གཡུག་པས་རྩྭ་ལོ་ལ་རང་ཚུགས་མ་ཡོད།
ལམ་འགྲོ་ཚོ་ཕྱ་ཕྱོགས་སུ་འདུར།
བྱ་བྱིའུ་ཚོའི་ཚེ་སྲོག་ཤོར་ལ་ཉེ།
ཤིང་སྒྲ་རྣ་བར་གཟན་པ་དང་།
ཆར་བ་བབས་སོང་། ས་གཞི་ཆུ་ལོག་གིས་བཏད་ཐལ།
འཇིགས་སྣང་ཞིག་གིས། གཉིད་ཁུག་རྒྱུ་མི་འདུག།
༼འདི་འདྲ་ཞིག་བཤད་འདོད་ཨེ་ཡིན༽
སྙན་ངག་འདི་ཚིག་གི་སྡེབ་ལ་ལྷོད་ཤ་དེ་ཙམ་མི་འདུག་ཀྱང་། འཆར་ཡན་གྱི་ཆ་ཧ་ཅང་ཆེན་པོ་འདུག་པས་ཡག་པོ་འདུག གནམ་ལགས་ཀྱིས་གོ་བ་ཅིག་བླངས་ནས་ཚིག་བརྗེས་སྐྱ་ཐིགས་ཕབ་མ་མ་རེད་ཞུ་ཡ་མེད་ཀྱང་། སྙན་ངག་ཟེར་བ་ནི་གང་ཞིག་ཇི་ལྟར་སྟོན་པའི་སྒྱུ་རྩལ་ཞིག་ཡིན་པ་ལས་གོ་བརྡ་སྤྲོད་བྱེད་ཙམ་ནི་མ་རེད། ཐེ་ཀོར་གྱིས་མི་གཟབ་ནན་ཅན་གྱིས་སྒྱུ་རྩལ་མི་ཡོང་ཟེར་བའང་གནད་འདི་ན་འདུག
སྙན་ངག་འདིས་ང་ལ་འབྲོང་གི་སྙན་ངག་<>ཅེས་པ་དེ་དྲན་དུ་བཅུག་སོང་། ཁ་སང་དེ་རིང་། ཕྱི་ན་ཆར་བ་འབབ་བཞིན་ཡོད་ན་ཡང་། ནང་ན་གཉིད་ལ་རོལ་མཁན་ཅི་འདྲའི་མང་ཨང་།
འབྲོང་གི་སྙན་ངག་ཆུང་མ་གཉིད་ཟིན། ངས་སྙན་ངག་འབྲི་བཞིན་ཡོད། ཅེས་པ་དེ་རེད།