སྙིང་མིག
གནམ་རྒན་ངུས་པའི་མུ་ཏིག་རྡོག་པོ་རེས།།
ཡིད་ཀྱི་ལོ་མ་སྒྱུ་མའི་གྲོང་ནས་བསླང་།།
ཅུང་ཟད་རྙིད་ཅིང་འཁུམ་པའི་སྣང་བ་ཞིག།།
རྒྱ་ཡན་རིག་པའི་རིག་པའི་ཀློང་ནས་དབྱིངས་སུ་ཟད།།
ཆུ་ལྡན་སྐྱོ་བའི་ཤུགས་དྲག་རིང་མོའི་གདངས།།
རྨི་ལམ་ཞིང་ནས་ཐོས་འཛིན་བུ་གར་ཐིངས།།
བསྐྱོམས་བླག་གདུང་བའི་དངན་པ་དུང་ཆེན་མ།།
བོས་པའི་མགྲོན་བརྡ་འདམ་རྩའི་གསེབ་ནས་སོན།།
དྲི་བཞོན་བསིལ་ཞིང་འཇམ་པའི་རེག་བྱ་ལ།།
མྱོང་བའི་འབུ་རས་འཁྲུལ་བའི་ཡོ་ལང་ཞིང་།།
དུས་ཀྱིས་གཡབ་མོ་བརྡབ་པའི་ས་སྲོད་ན།།
ཁེར་རྐྱང་སྒྱུ་རྩལ་ཀློང་དུ་ཙོག་པུར་འགྲེང་།།
དུད་སྤྲིན་ལྷོག་ལྷོག་ཁོལ་མའི་བྱང་ཁོག་ན།།
ཚོར་འདུ་རགས་པའི་ལྦུ་བ་ལང་ལིང་ལྡིང་།།
བྲང་གཞུང་ལག་ཟུང་འཁྱུད་པའི་སྣང་བརྙན་འབུམ།།
བརྟན་གཡོའི་དངོས་པོ་ཀུན་དང་གཅིག་ཏུ་བསྲེས།།
ཆར་ཞོད་མོད་པའི་རྐང་ལམ་ཁྲ་མོ་ཞིག།།
བརྒྱུད་པའི་གྲོག་རོང་བློ་ལས་རིང་འགོང་ཡང་།།
བསམ་གཞིག་བྱེ་བའི་རྒྱ་ལས་མ་བརྒལ་ན།།
གློག་འགྱུ་གར་གྱིས་ཟློས་གཟུགས་ཡ་མ་བརླ།།
ཟིན་ཐོ་བྲག་ལ་བརྐོས་པའི་འབུར་དོད་རེ།།
ལག་ཉུལ་མུན་ནག་ཁྲོད་ཀྱི་གཉུག་མའི་སེམས།།
སྤྲོ་བསྡུ་བྱེད་པོ་རང་ལས་མི་འདའ་བ།།
དྲན་འཛིན་ཀློང་ནས་དམ་ཝེ་ཞབས་ཀྱིས་བཏགས།།
པིར་རྩེ་བྲག་ལ་ཟུག་པའི་རྐང་རྗེས་ན།།
སྙན་ངག་ཁྲི་མ་འབུམ་གྱིས་ར་མདའ་འོང་།།
ལན་ཀན་ངོས་ནས་རྦབ་ཀྱི་རིལ་བུ་ཡང་།།
གནམ་རྒན་ངུས་པའི་མིག་ཆུ་ད་གཟོད་གོ།།
དབང་མེད་ཐེ་ཟིག་མྱོང་བའི་ཁྲ་ཆུང་མིག།།
ཀེམ་ཀེམ་མེ་ཏོག་མདའ་མོས་བདག་གི་སྙིང་།།
ཚལ་བུར་གཏོར་བའི་མངའ་བདག་སྐེད་མེད་མ།།
སྙིང་རྗེས་སྟོང་བའི་གོང་བུ་ད་གཟོད་གོ།
ལིངས་པའི་སྒྲོ་ལྡན་ཕོག་པའི་ཤ་རྐྱང་དང་།།
གཡུལ་སར་རྨས་པའི་གྲོགས་མེད་ཁེར་རྐྱང་བཞིན།།
ཆར་རླུང་སྟུག་ཞིང་འཐིབ་པའི་མཚན་གུང་ན།།
སྙན་ངག་མཁན་པོ་བདག་ཀྱང་ག་ཤེད་ཆས།།
༢༠༡༣།༥།༣།།