བདེ་ཆེན་སྒྲོལ་མ།
དྲིན་ལྡན་ཕ་ལོའི་བྱམས་བརྩེ་རྒྱང་ནས་བསྐྱུར།།
སྤུན་དང་ན་ཟླའི་འཛུམ་མདངས་རླུང་ལ་བསྐུར།།
དགུན་གྱི་ནམ་ཟླ་ལྟ་བུའི་ས་མཐའ་ནས།།
གངས་དཀར་སེམས་ཀྱི་དམ་བཅའ་འཇའ་བཞིན་བོར།།
ཤ་དང་ཚིལ་གྱི་འཚོ་བ་རྒྱབ་ཏུ་དོར།།
འབྲས་སྐྱ་ལྡ་ལིའི་བྲོ་བཅུད་མདུན་དུ་བསུས།།
ངན་ངོན་ཟས་ཀྱིས་འཚོ་ཐབས་དཀའ་ན་ཡང་།།
རིགས་ཞེན་གཙང་མ་ཞིག་གི་མདུན་ལམ་ཡིན།།
ཕྱུག་པོ་ཕྱུག་པོའི་ས་ན་སྨྲེ་ངག་དང་།།
དབུལ་བོ་དབུལ་བོའི་ས་ན་སྨྲེ་ངག་མང་།།
དབུལ་ཕྱུག་སྙོམས་དུ་མེད་པའི་རི་གྲོང་ནས།།
ཁེར་རྐྱང་ཆིག་ལབ་དཀར་པོ་ངང་གིས་ཤོར།།
ཡོད་པ་བརྒྱ་ཡི་མདུན་ལ་སླེབས་མྱོང་མེད།།
མེད་པོ་སྟོང་གི་རྒྱབ་ལ་ལྷག་མྱོང་མེད།།
གངས་ཅན་ཕ་ལོ་ཆེན་པོའི་སྐུ་དྲིན་ལ།།
མགོ་ནག་བོད་ཀྱི་ནམ་ཟླ་དྲོད་ཀྱིས་བཟུང་།།
སྤྲང་བོས་སྤྲང་བོར་འཕྱ་བའི་གླེན་རྟགས་དང་།།
མཁས་པས་མཁས་པར་དམོད་པའི་མཁས་རྟགས་སོགས།།
ཕྲག་དོག་ཁྲག་གིས་སྦག་པའི་གནམ་འོག་འདི།།
རྫུན་དང་ངོ་སོ་བྲིན་པའི་ཚོང་ར་ཞིག།
མི་ལོ་ལྔ་བཅུའི་རྒས་གཉེར་གདོང་ལ་གྱོན།།
ལག་ཡོང་མེད་པའི་ཁུག་མ་སྐེ་ལ་དཔྱངས།།
ནང་ལ་དཔའ་བའི་ཁྲག་གི་རི་མོ་རྣམས།།
དེ་རིང་མཐོང་དུས་ཨ་ཐང་རྦད་དེ་ཆད།།
ཕ་ལོས་བསྐུར་བའི་ཀོ་ལྷམ་རྐུ་ལ་ཤོར།།
གཞན་གྱིས་སྤྲད་པའི་རས་ལྷམ་རལ་ནས་ཐལ།།
ས་མཐའི་འཚོ་བའི་ཁ་བ་ཧ་ཅང་མཐུག།
ལྡོམ་པོ་བདག་གི་རྐང་བ་གང་དུ་འཇོག།
འབྱོར་བའི་ཁ་སྟབས་འགྲིག་པའི་སྐུ་སྲས་ཚོ།།
གཅིག་བཤར་གཉིས་བཤར་གཞན་སྐད་སློབ་ཏུ་ཐལ།།
ཅི་ཡང་མེད་པ་གསར་འབྱོར་སྤྲང་བོ་དག།
དབྱངས་གསལ་སོ་བཞིའི་རྗེས་ན་ཁྱི་བཞིན་འདུར།།
མཐོ་བོ་དཔོན་ལ་ངོ་སོ་མ་བྱས་ན།།
རྐང་པ་ཡོད་ཀྱང་གོག་ནས་འགྲོ་དགོས་ཤར།།
རྒྱུ་འབྱོར་དབང་དང་མགོ་འདྲེན་སྟོང་བའི་མི།།
མཁས་པ་ཡིན་ཡང་འགྲོ་ལམ་འདི་ན་མེད།།
བག་ཆགས་རྙིང་བའི་སྒྱུ་མ་ནང་ལ་བཤམས།།
ཚན་རྩལ་གསར་བའི་རྙི་ཆེན་མཐའ་ལ་བཙུགས།།
སྤྲེའུ་དང་འུག་པའི་འགྲོ་སྟངས་མི་ཤེས་མཁན།།
ལང་ནས་འགྲོ་བའི་གོ་སྐབས་ནམ་ཡང་མེད།།
སྐུ་ལྕམ་རྒྱག་པའི་སྐུ་ཤ་ཕག་ལྟར་རྒྱས།།
སྲས་མོ་གཡོག་གི་ངོ་གདོང་ཚོན་གྱིས་མཛེས།།
སྤྲང་བོའི་ཕྱུག་མདོག་ངོམས་པའི་རི་གྲོང་ན།།
རང་བྱུང་རང་གིས་གྲུབ་པ་གཅིག་ཀྱང་མེད།།
བདེ་ཆེན་སྒྲོལ་མས་སྙན་ངག་གི་མཆོད་པ་བཤམས་འདུག ཕྱག་འཚལ་ལོ།།
བདེ་ནས་བདེ་བར་འགྲོ་འདོད་མ། །
ཆེན་པོའི་ས་རུ་ཕེབས་འདོད་མ། །
སྒྲོལ་མའི་གོ་འཕང་བསྙེགས་འདོད་མ། །
མ་ལྟར་ཁ་བརྡར་བཞུགས་འདོད་མ། །
བདེ་སྒྲོལ་ཆིག་ལབ་དཀར་འདོན་མ། །
ཆིག་ལབ་དཀར་པོའི་སྒྲོལ་འདོན་མ། །
ཀརྡོ་ང་ལ་ཤོད་འདོད་མ། །
སྐུ་རྩེད་ཡིན་ནོ་བདེ་སྒྲོལ་མ། །
བདེ་ཆེན་སྒྲོལ་མ་དེ་ངོ་ལ་ཨག་ཚོམ་ཡོད་པའི་མཛེས་མ་ཞིག་ཡོད་ནའང་ཐང།
སྙན་དངས་མཁན་ལ་་ཅི་ཡང་རྒྱན།
ནོར་འདོད་ཅན་ལ་ཅི་ཡང་ནོར།
ཞེས་པ་བཞིན་སྙན་དངགས་རྩོམ་བཞིན་བྱིས་པ་བདག་ལྟ་བུ་ཡང་བོད་ཀྱི་སྙན་དངགས་མཁན་ཆེ་ཤོས་དེ་སུ་ཡིན་ནམ་མི་ཤེས་ཀྱང་། སྙན་དངགས་པ་ཆེན་པོ་དེ་དང་མཚུངས་པར་འགྱུར་བ་གདོན་མི་ཟའོ།།
ཆོས་ལ་མཁས་པར་མ་ཟད་སྙན་དངགས་ལ་ཡང་ལ་མཁས་པ་ཞིག་གི་ཞལ་སྔ་ནས།
གོམས་ལ་སླ་བར་མི་འགྱུར་བའི།
དངོས་དེ་གང་ཡང་ཡོད་མ་ཡིན།
དེ་བས་གནོད་པ་ཆུང་གོམས་པས།
གནོད་པ་ཆེན་པོ་བཟོད་པར་བྱོས།། ༤ ༡༤
ཚིགས་བཅད་འདིར་བྱ་ཚིག་འགྱུར་བ་ཅན་གཉིས་ཡོད་པར་མངོན། དང་པོ། འགྱུར་གྱི་འདས་དང་སྨོན་ཚིག་དང་། གཉིས་པ། བྱོས་ཀྱི་ད་ལྟ་འདས་མ་འོངས་རྣམས་གང་ཡིན་ནམ། བདག་གིས་སློབ་མ་དག་ལ་འདྲི་བར་བྱེད། དེས་སློབ་མ་རྣམས་ལ་ཕན་པར་མ་ཟད་བདག་སློབ་པ་པོ་རང་ལ་ཡང་བློ་བསྐྱེད་སྟེར་བས། བོད་དུ་གཞོན་དུས་དེ་འདྲ་ལ་སྦྱངས་པ་མ་བྱུང་བའི་རྐྱེན་ནི་དེར་མཚན་ཉིད་དང་ལྷག་པར་དུ་རྩོད་པ་ལ་མཁས་དགོས་པས། སྦྱངས་པས་ཀྱང་བདག་ནི་སྐྱེས་ཐོབ་ཀྱིས་རྩོད་པ་ལ་དབུལ་བ་ཞིག་ལགས་སོ།།