དོལ་སྨྱོན།
—རང་ཉིད་གླེང་བ།
༡༽
མགོ་ཡི་སྐྲ་ལོ་རྫོགས་ལ་ཉེ།།
གདོང་པའི་དཀར་ཆ་ཡལ་ལ་ཉེ།།
ལང་ཚོའི་མཛེས་སྡུག་ཟད་ལ་ཉེ།།
རྣམ་དཔྱོད་ཉི་གཞོན་ནུབ་ལ་ཉེ།།
༢༽
སྤྲིན་པའི་གསེབ་ཀྱི་ཉི་འོད་དེས།།
འཁྱགས་རོམ་ནང་གི་རྒྱུག་ཆུ་དེས།།
ས་ལ་ཟག་པའི་ལོ་མ་དེས།།
ང་ཡི་ཡོད་ཚད་མཚོན་པར་བྱས།།
༣༽
ཁྱོད་ཀྱིས་བཞག་པའི་རྐང་རྗེས་དེ།།
ད་ལྟ་དྲན་པའི་ཀློང་ན་འདར།།
ཁྱོད་ཀྱི་གྲིབ་གཟུགས་མཛེས་པོ་དེ།།
མིག་ཟུང་དཀྱིལ་ན་ཀེམ་ཀེམ་གཡོ།།
༤༽
ཁང་མིག་གྲུ་བཞིའི་ནང་དག་ཏུ།།
གདན་ཆུང་ནར་མོའི་སྟེང་དག་ཏུ།།
ཁེར་རྐྱང་འཚོ་བའི་ལམ་བུ་འདིས།།
ང་ཡི་ཡོད་ཚད་མོག་པོར་བྱས།།
༥༽
གྲང་ངར་བདོ་བའི་གནམ་གཤིས་དེས།།
ཁོར་ཡུག་འདི་ཉིད་འཁྱགས་ལ་བྱར།།
སྙིང་སྡུག་དྲན་པའི་ཟུག་རྔུ་འདིས།།
ང་ཡི་ལུས་སེམས་ཐལ་བར་བརླགས།།
༦༽
ཁྱོད་ལ་གདུང་བའི་རྣམ་ཤེས་འདི།།
ཁྱོད་ལ་ཅེར་བའི་མིག་ཟུང་འདི།།
ས་ལ་ཟག་པའི་གླག་རྒོད་བཞིན།།
གཟེབ་ཏུ་ཆུད་པའི་བྱིའུ་ཆུང་བཞིན།།
༧༽
ཉི་མས་བདེ་དྲོད་བྱིན་ཡང་།།
ཟླ་བས་ལང་ཚོ་ངོམ་ན་ཡང་།།
ཁེར་རྐྱང་ལུས་པའི་སེམས་པ་འདི།།
ཉམ་ཐག་ནད་ཀྱི་ཟུག་ལས་ལྕི།།
༨༽
སྟོན་རླུང་བསིལ་མོ་འུར་གྱིས་ལྡང་།།
ལོ་འདབ་ཡང་མོ་རླུང་གིས་བསྐྱོད།།
འཁྱགས་ལ་འབྱར་བའི་ལུས་སེམས་འདིར།།
ཉི་མའི་བདེ་དྲོད་སྔར་ནས་ཡལ།།
༩༽
སྨན་ཆུང་དག་གི་སྐྲ་ལོ་དེ།།
དྲི་བཞོན་བསིལ་མོས་ཡང་ཡང་གཡོ།།
གདུང་བས་མནར་བའི་སེམས་པ་དེ།།
སྙིང་སྡུག་ཕྱོགས་སུ་ཡང་ཡང་གཡོ།།
༡༠༽
ཉི་མ་སྤྲིན་པའི་གཟེབ་ཏུ་ཆུད།།
ཟླ་བ་ཆུ་ལྷའི་ཕག་ཏུ་ཡིབ།།
འོད་སྟོང་ལྡན་པའི་རྣམ་དཔྱོད་དེ།།
དུག་གསུམ་དུག་ལྔའི་ཀློང་ན་བྱིངས།།
༡༡༽
ཁྱོད་ལ་དུང་བའི་སེམས་པ་དེ།།
ཁྱོད་ལ་དགའ་བའི་སེམས་པ་དེ།།
ཁྱོད་ལ་བརྩེ་བའི་སེམས་པ་དེ།།
རྡོ་ཡིས་རྨས་པའི་བྱ་དང་མཚུངས།།
༡༢༽
ཉིན་མོ་ཟ་ཉལ་གཏམ་གྱིས་བྲེལ།།
མཚན་མོ་གཏི་མུག་གཉིད་དུ་ཡུར།།
རྙེད་པར་དཀའ་བའི་དུས་ཚོད་དེ།།
ཕྱག་དར་ཁྲོད་ཀྱི་དངོས་པོར་བརྫངས།།
༡༣༽
མེས་པོའི་རྐང་རྗེས་ཆུ་ཡིས་བསུབས།།
ཕ་མའི་རེ་འདུན་རླུང་ལ་བསྐུར།།
རང་གི་དམིགས་ཡུལ་རྡོ་ལ་བརྡབས།།
མི་ལུས་རིན་ཆེན་དོན་མེད་བྱས།།
༡༤༽
གསེར་ལས་ལྷག་པའི་དུས་ཚོད་དེ།།
སྐྱི་སེར་རླུང་གི་རྫི་ལ་བསྐུར།།
རང་འོད་འཕྲོ་བའི་རྣམ་དཔྱོད་དེ།།
གཏི་མུག་མུན་པའི་བག་མར་བརྫངས།།
༡༥༽
མེས་པོའི་རྐང་རྗེས་ངས་མ་ཟིན།།
ཕ་མའི་རེ་འདུན་ངས་མ་བསྒྲུབས།།
རང་གི་འདུན་ལམ་ངས་མ་འཇོན།།
མཛའ་མོའི་འདོད་དོན་ངས་མ་བསྐངས།།
༡༦༽
ཤོག་བུ་སྙུ་གུའི་འདུ་བྱེད་ཁྲོད།།
རྒུན་ཆང་མངར་མོའི་བཟི་ཁའི་ཁྲོད།།
བསམ་གཞིག་སྣ་ཚོགས་ཡོ་ལང་ཁྲོད།།
ང་ཡི་ཡོད་ཚད་རྫོགས་པར་བྱས།།
༡༧༽
ནུབ་རིར་ཕྱོགས་པའི་ཉི་མ་དེ།།
མཚམས་སྤྲིན་དམར་པོའི་རང་འོད་དེ།།
དགུང་སྔོན་དབྱིངས་ཀྱི་སྐར་མདའ་དེ།།
དམར་ཆུང་སེམས་ཀྱི་འགྲོ་ལྡོག་མཚོན།།
༡༨༽
མཛེས་མའི་བྲང་གི་ནུ་ཟུང་དེ།།
མིག་གི་སྟོན་མོར་བཤམས་ན་ཡང་།།
རེ་ཐག་ཆད་པའི་རྣམ་ཤེས་དེ།།
གཟེབ་ཏུ་ཚུད་པའི་རྒྱ་སྟག་བཞིན།།
༡༩༽
མེ་ཏོག་ལྟ་བུའི་མཛེས་སྡུག་དེ།།
སྦྲང་རྩི་ལྟ་བུའི་འཚོ་བ་དེ།།
འོ་མ་ལྟ་བུའི་འཇིག་རྟེན་དེ།།
ང་ལ་མཚོན་ན་ཟུག་རྔུ་ཞིག།
༢༠༽
དྲིན་ཅན་ཨ་མའི་ཞལ་རས་དེ།།
སྙིང་གི་དཀྱིལ་ན་ལྷེམ་ལྷེམ་འགུལ།།
སྙིང་གི་མཛའ་མོའི་རྣམ་འགྱུར་དེ།།
དྲན་པའི་ཀློང་ན་ཡང་ཡང་གཡོ།།
༢༡༽
རྨི་ལམ་ལྟ་བུའི་དུས་ཚོད་དེར།།
སྒྱུ་མ་ལྟ་བུའི་འཇིག་རྟེན་དེར།།
སྤྲུལ་པ་ལྟ་བུའི་སྤྱི་ཚོགས་དེར།།
ང་ཡིས་བཞག་པའི་རྐང་རྗེས་མེད།།
མཛའ་མོར་ཞོན་པའི་ནུས་པ་མེད།
བཞག་པའི་རྐང་རྗེས་ནར་མོ་མེད།
དེ་རིང་མེད་དགུ་མཚོན་འདོག་འདི།
དོལ་སྨྱོན་བུ་ཡི་འགྱུ་ཐང་ཞིག
སྐབས་རེར་རང་སྣང་བདེ་པོའི་ངང།
ཡོད་ཚད་བསྟོད་བརྗོད་འཐེན་འདོད་དུས།
རྒྱལ་དང་དེང་གི་འཚོ་བ་དག
ཡོད་ཚད་རང་འགོར་བསྐྲི་བར་བྱེད།
མཚམས་རེར་རྣམ་གཡེང་ལངས་དྲག་དུས།
ཡ་མ་མཚར་གྱི་འགྲོ་འདུག་གམ།
ཟ་ཉལ་ཙམ་གྱི་རྐུབ་རྗེས་དག་
སྨྱུ་གུའི་རྩེ་ནས་འཐོར་རོ་རོ།
ཆགས་པའི་མེ་དབལ་ཚ་དྲགས་དུས།
རྒྱལ་ཁམས་ཀུན་གྱི་མོ་རིགས་སམ།
ཕོ་མོ་འཁྲིག་པའི་ཡོ་ལངས་ཀུན།
སྨྱུ་གུའི་གཅིག་གི་རྩེ་རུ་བསྡུས།
༡༣༽
མེས་པོའི་རྐང་རྗེས་ཆུ་ཡིས་བསུབས།།
ཕ་མའི་རེ་འདུན་རླུང་ལ་བསྐུར།།
རང་གི་དམིགས་ཡུལ་རྡོ་ལ་བརྡབས།།
མི་ལུས་རིན་ཆེན་དོན་མེད་བྱས།།
འདི་ལ།
མེས་པོའི་རྐང་རྗེས་རྒྱུན་སྲིངས་དགོས། །
ཕ་མའི་རེ་འདུན་བརླག་མི་སྲིད། །
རང་གི་དམིགས་ཡུལ་རང་ལག་ཡོད། །
མི་ལུས་རིན་ཆེན་དོན་ལྡན་བྱོས། །
མཛའ་མོར་བཞོན་པའི་ནུས་པ་བྲལ་རུང་།།
སོར་ལྔའི་རྩལ་ལ་འགྲན་ཟླ་བྲལ་ལོ།།
བཞག་པའི་རྐང་རྗེས་རིང་མོ་མེད་རུང་།།
སོར་ལྔའི་ལག་རྗེས་རྡོ་ལ་བརྐོས་ཡོད།།
སྐབས་རེ་སྣང་བ་བདེ་བའི་སྐབས་སུ།།
ཐོས་བརྩོན་སློབ་ལ་གཞོལ་ཁུལ་བྱས་ཡོད།།
ལན་རེ་སེམས་པ་སྐྱོ་བའི་དུས་སུ།།
སེམས་ཀྱི་གདུང་བ་ཡི་གེར་ཕབ་ཡོད།།
དགའ་ན་དགའ་སྟེ་དགའ་བས་ཆོག།
སྐྱིད་པའི་འཚོ་བར་རོལ་བ་མཚོན།།
སྡུག་ན་སྡུག་སྟེ་སྡུག་པས་ཆོག།
ངེས་འབྱུང་འདྲེན་པའི་ཕོ་ཉ་ཡིན།།
༡༽ རེབ་སྐྱིད་མཚོ་ནས།
མཛའ་མོར་ཞོན་པའི་ནུས་པ་མེད།
བཞག་པའི་རྐང་རྗེས་ནར་མོ་མེད།
དེ་རིང་མེད་དགུ་མཚོན་འདོག་འདི།
དོལ་སྨྱོན་བུ་ཡི་འགྱུ་ཐང་ཞིག
འདི་ལ།
མཛའ་མོར་ཞོན་པའི་ནུས་པ་འདུག །
བཞག་པའི་ཕྱག་རྗེས་ཁ་བརྡར་འདུག །
དེང་གི་ཡོད་དགུའི་ཆིག་ལབ་ནང་། །
དོལ་སྨྱོན་བུ་ཡི་རྩོམ་རྩལ་འདུག །
དོན་སྨྱོན་ལགས་ཀྱི་དཔའ་བོའི་རྟོགས་བརྗོད་ནང་བཞག་པའི་པར་རིས་དེ་ངོ་མ་ཡིན་ན། ཁྱོད་ཀྱི་རྣམ་དཔྱོད་ཉི་གཞོན་ནུབ་ལ་ཉེ་ཡོད་མེད་མི་ཤེས་ཏེ། མགོ་བོའི་སྐྲ་ལོ་དང་གདོང་གི་གཟི་མདངས་ནི་དངོས་ནས་ཡལ་ལ་ཉེ་བ་འདྲ་བོ་འདུག
ཧཧཧཧཧཧ
མགོ་ཡི་སྐྲ་ལོ་ཟད་ཀྱང་རུང་།།
གདོང་པའི་དཀར་ཆ་ཡལ་ཡང་རུང་།།
རྣམ་དཔྱོད་ཉི་གཞོན་མ་ནུབ་ན།།
ཡུན་དུ་འཚོ་བ་དེ་གས་ཆོག།
མཁས་པའི་གྲལ་ནས་བུད་ཀྱང་རུང་།།
བཙུན་པའི་ཁྱུ་ནས་བོར་ཀྱང་རུང་།།
བཟང་པོའི་སྤྱོད་པས་དབེན་ཀྱང་རུང་།།
སྒལ་ཚིགས་དྲང་ན་དེ་གས་ཆོག།
ཕྱི་ཡི་རྣམ་པས་དབེན་ཀྱང་རུང་།།
ནང་གི་ཤེས་ཡོན་མེད་ཀྱང་རུང་།།
མི་གཞིའི་རིན་ཐང་ལྡན་གྱུར་ན།།
དེ་གའི་ངང་དུ་འཚོ་བས་ཆོག།
རྨོ་མོས་ཞིབ་འཇུག་ཏོག་ཙམ་བྱས་འདུག་ཏ། ཧ་ཧ་ཧ་ཧ