གྲིབ་གཟུགས།
ན་ཟུག་དག་སེམས་ལ་རུམ་འདོད་མེད་ཀྱང་སྙིང་གི་ཕྱི་ནང་ན་ཚ་རེད།།
སྐྱུག་བྲོ་བའི་ཟློས་གར་དག་ཡང་དང་བསྐྱར་དུ་བདག་གི་མིག་ལྕིབས་ཀྱི་སྣེ་ན་འགུལ་གྱིན་འདུག།
བསམ་ཕོད་པའི་དོན་དག་མང་ཡང་ལག་པའི་སྙོབ་ས་ན་མེད་དུས།།
ད་ལྟའི་འགུལ་སྐྱོད་ནི་ཡང་སྙིང་ཅི་ཞིག་ཡིན་པ་བདག་ལ་བཤད་རྒྱུ་ཅང་མི་འདུག།
བདག་གིས་རང་ཉིད་མི་མཐོང་བའི་དུས་ཚིགས་ཀྱི་སྣེ་མོ་འདི་དག་ནས།།
བདག་གིས་མ་འོང་པར་བསྲིངས་པའི་ལམ་ཆུང་དེ་འདར་ཙམ་འདར་ཙམ་གྱིས་མངོན་འོང་།།
ས་རྡུལ་གྱིས་འབགས་པའི་བདག་གི་རྐང་རྗེན་དེ་འཁྱོར་ཙམ་འཁྱོར་ཙམ་གྱིས་གསལ་འོང་།།
ཨེ་མ་མི་ཚེ་ནི་ཅི་ཞིག་ཡིན་པ་བདག་ལ་བཤད་ཚོད་ཅིག་མི་འདུག།
དགའ་བ་དང་མིག་ཆུ་སྨྲེ་ངག་དང་དགོད་སྒྲ་དག་ནི་མི་ཚེ་ཡི་ཆ་ཤས་ཤིག་ཡིན་ནམ་ལགས།།
དུང་སེམས་དང་བྲལ་གདུང་ན་ཟུག་དང་ཁེར་རྐྱང་དག་ནི་འཁྲབ་དགོས་པའི་ཟློས་གར་ཞིག་ཡིན་ནམ་ལགས།།
ངོ་མ་བདག་ལ་མི་ཚེ་ཞེས་པ་དེར་གོ་བ་ཞིག་ལོན་ཐབས་ཁྱོན་ནས་མི་འདུག་ལགས།།
གྲོགས་པོ་ནི་ལྗོན་པའི་སྟེང་གི་འདབ་ཆགས་ཤིག་ཡིན་ནམ་ཡང་ན་ཅི་ཞིག་ཡིན།།
ཁོ་ཚོའི་གཤོག་རླབས་ཀྱིས་གནམ་འཕང་གཅོད་དུས་བདག་ལ་དགའ་བའང་བྱིན་འོང་ལ།།
ཁོ་ཚོའི་རླུང་རྟ་ཐུར་རྒྱུག་གི་ལོ་ཟླ་དེ་ཚོས་དག་ལ་སྐྱོ་བའང་བྱིན་ནས་འོང་།།
ཁེར་རྐྱང་གི་ལོ་ཟླ་འདིར་གྲོགས་པོ་དག་ནི་མིག་ནང་གི་མེ་ཏོག་ཏུ་བསྒོམས་ཀྱིན་ཡོད།།
བསམ་བློའི་སྐོར་ཕྱོགས་ཤིག་གིས་བདག་དང་ཉེ་འགྱང་ལ་འགྱུར་འགྲོ་བ་རེད་ཨང་།།
ཡང་སྙིང་རྣམ་རྟོག་འདིས་བདག་ཉིད་ཐལ་དོང་དུ་བསྐྱུར་པ་གྲངས་ཀྱིས་ག་ལ་ཆོད།
ཤུགས་རིང་འདི་ནར་ནར་འབྱིན་དུས་བརྩེ་བའི་ཨ་ཕ་ལགས་དྲན་འོང་།།
ནམ་ཟླ་འདིའི་ཚ་དྲོད་བསམས་ན་ཕ་ཡུལ་གྱི་བསིལ་རླུང་དེ་དྲན་འོང་།།
དྲན་གདུང་དང་བྲལ་གདུང་མོད་པའི་ཉིན་ཞག་ལྷག་མ་འདིའི་ནང་།།
བདག་གིས་ཤི་གསོན་གྱི་ལམ་ཟུང་ལ་ཁྱད་པར་འབྱེད་ཆོས་ཤིག་མ་མཐོང་ལགས།།
བདག་ཉིད་གསོན་དབུགས་ལེན་བཞིན་པར་འཁྲེལ་དགོད་ཅིག་དབང་མེད་དུ་ཤོར་འོང་།།
ཟློས་གར་འདི་བདག་གིས་འཆི་དབུགས་མ་བླངས་བར་འཁྲབ་རྒྱུ་ཡིན་ནམ།།
ཉིན་ཞག་དག་འདི་འདྲ་རང་ངང་དོན་མེད་དུ་རྫོགས་རྒྱུ་ཞིག་ཡིན་ནམ།།
མཁའ་དབུགས་རད་པ་དང་དུས་ཚིགས་འཁྲུགས་པོ་འདིའི་རྣམ་འགྱུར་ལ་བསམས་ན།།
བདག་གིས་འཇིག་རྟེན་འདིའི་སྟེང་ནས་འགུལ་དགོས་པའི་དོན་སྙིང་ཞིག་མ་མཐོང་ལགས།།
གང་ལྟར་ཉིན་ཞག་འདི་དག་ལ་བདག་ཉིད་རོལ་དབྱངས་དང་བར་ཐག་བཟུང་ནས་ཡོད།།
གང་ལྟར་ཉིན་ཞག་འདི་དག་ལ་བདག་གི་ཀླད་པའི་ནང་ཚ་སྨུག་འཐིབས་བཞིན་ཡོད།།
ཉིན་ཞག་འདི་དག་ལ་བདག་ཉིད་མི་ཚོའི་ངོ་གདོང་ལ་ལྟ་བའི་འདུན་པ་དེ་མི་འདུག་ལགས།།
28/5/2013