རྔ་བ་ཀུན་བཟང་སྒྲོལ་མ།
–གླུ་བ་ཕུལ་བྱུང་གི་ལ་རྒྱའི་གླུ་དབྱངས་ཞིག་ལ་ཉན་རྗེས་སུ་བྲིས།
ཆོལ་གསུམ་བོད་མི་སྡུག་ལ་ལྷུང་།།
སྤུན་ཟླ་མིང་སྲིང་མེ་རུ་འབར།།
ཁ་སེམས་དཱངས་མས་རང་དབང་འབོད།།
ཆིག་སྒྲིལ་ཡོང་བའི་བཀྲ་ཤིས་ཤོག །
རིགས་མཐུན་དཔའ་བོའི་ལ་རྒྱ་གླེང།།
ཞུས་མེད་སྤོབས་པའི་མཐུན་སྒྲིལ་སྒྲོགས།།
ལྷག་བསམ་དཱངས་མས་རོལ་དབྱངས་ལེན།།
ཆིག་སྒྲིལ་ཡོང་བའི་མཚོན་རྟགས་རེད།།
ཆོལ་ཁ་ཆོས་ལུགས་ཀུན་ནས་སྤོངས།།
ངན་སེམས་གནོད་སེམས་ཡེ་ནས་འབྲལ།།
ཤ་རུས་གཅིག་པའི་ཁྲག་རྒྱུན་ཡིན།།
ཆིག་སྒྲིལ་བྱེད་དགོས་མིང་སྲིང་ཚོ།།
དཔའ་བོ་གོ་ལྔས་རང་ལུས་སྤར།།
ཁྲག་རྣག་རྒྱ་མཚོ་མཚོ་མོ་འཁྱིལ།།
མ་འོངས་བོད་མིའི་མཐུན་སྒྲིལ་བསམ།།
ལན་རེར་དྲན་ནས་ཆིག་སྒྲིལ་བྱོས།།
དྲང་བདེན་འབོད་ས་གཅིག་པ་ཡིན།།
ཟུངས་ཁྲག་འབར་བ་སྤུན་ཟླ་ཡིན།།
རང་དབང་འདྲ་མཉམ་རེ་སྐུར་ཡིན།།
མདོ་དབུས་ཁམས་གསུམ་ཆིག་སྒྲིལ་བྱོས།།
སྤྲང་དཀར་རྩམ་པ་མཉམ་ཟ་བྱེད།།
འོ་ཇ་དཀར་མོ་ལྷན་དུ་འཐུང་།།
འཛུམས་མདངས་དགོད་སྒྲ་མཉམ་དུ་རོལ།།
ཆིག་སྒྲིལ་ཡོད་པས་ངོ་སོ་བསྟོད།།
༢༠༡༢།༡༢།༢༧ ལ་བྲིས།
ཆིག་སྒྲིལ།
ཡིད་ཆེས་ཡོད་ན་ཆིག་སྒྲིལ་འོང་། །
དྲང་བདེན་ཡོད་ན་ཆིག་སྒྲིལ་འོང་། །
རང་གཞན་མཉམ་ན་ཆིག་སྒྲིལ་འོང་།
ཆོལ་གསུམ་བསམས་ན་ཆིག་སྒྲིལ་འོང་། །
ཆིག་སྒྲིལ་ཡ་ཆིག་སྒྲིལ་ཡ།
ཁྱེད་ནི་གྲོང་ཉུང་མི་རིགས་ཤིག་གི་དཔུང་ཡ་ངོ་མ།
ནུས་སྟོབས་ཀྱི་བང་ཁ་ཇེ་མགྱོགས་རེད།
ཆིག་སྒྲིལ་ཡ
ཁྱེད་ནི་ཉམ་ཆུང་གི་བླ་སྲོག་ཅིག་སྟེ།
དབུགས་ཀྱི་རྒྱུ་བ་ཇེ་དྭངས་རེད།
ཆིག་སྒྲིལ་ཡ
ཁྱེད་ནི་སྡུག་ལྡན་གྱི་གསོ་རོགས་ཤིག་སྟེ།
དབང་ཁམས་ཀྱི་ནུས་པ་ཇེ་གསལ་རེད།
ཆིག་སྒྲིལ་ཡ
ཁྱེད་ནི་དམུ་ལོང་གི་ལག་བརྟེན་ཞིག་སྟེ།
འགྲོ་ལམ་གྱི་ཁ་ཕྱོགས་མཛུབ་མོས་འཐེན།
ཆིག་སྒྲིག་ཡ།
ཁྱེད་ནི་བྱིས་པ་ཡི་འདོད་བློ་འགེང་རོགས་ཤིག་སྟེ།
མཐར་ཐུག་གི་འཕྲང་ལམ་ཇེ་དོག་རེད།