དོལ་སྨྱོན།
—སྙིང་སྡུག་གླེང་བ།
༡༽
སྙིང་དང་ཀླད་པའི་ཆ་ཤས་ན།།
དམར་ཆུང་སེམས་ཀྱི་གྲུ་ཟུར་ན།།
ལུས་ཟུངས་བདུན་གྱི་འཁོར་སྐྱོད་ན།།
ཁྱོད་ཀྱི་ཞལ་རས་འཛུམ་དམུལ་དམུལ།།
༢༽
མ་ལ་ཡ་ཡི་ནགས་ཀླུང་དེ།།
ལྗོན་ཤིང་རྩེ་ནས་རིམ་གྱིས་མཆེད།།
སྙིང་གི་ལྷ་མོའི་ཞལ་རས་དེ།།
དྲན་པའི་ཀློང་ན་ཆེམ་ཆེམ་གཡོ།།
༣༽
མུན་པས་ཁྱབ་པའི་མཚན་གཞུང་འདིར།།
བསིལ་ཟེར་ཟླ་བའི་འཛུམ་མདངས་ངོམ།།
གྲང་རང་སྐྱེན་པའི་ཁོར་ཡུག་འདིར།།
ཁྱོད་ཀྱི་རྐང་རྗེས་འོད་དུ་འཚེར།།
༤༽
རྐང་འཐུང་དབུ་རྩེ་དགུང་ལ་རེག།།
ཉི་མའི་ཟེར་ཐིགས་ས་གཞིར་ལྷུང་།།
སྟོན་རླུང་བསིལ་མོ་དལ་གྱིས་ལྡང་།།
ཡོད་ཚད་ཁྱོད་ཀྱི་དཔལ་དང་མཚུངས།།
༥༽
རི་རྩེར་འགྱིང་བའི་ཆུ་འཛིན་དེ།།
བསིལ་ཟེར་ཟླ་བའི་འཛུམ་ཞལ་དེ།།
བྱ་བྱིའུ་དག་གི་སྐད་སྙན་དེ།།
ཁྱོད་ཀྱི་མཛེས་སྡུག་མཚོན་ནུས་སམ།།
༦༽
འབུར་དུ་ཐོན་པའི་རི་བོ་དེ།།
དལ་གྱིས་རྒྱུ་བའི་གཙང་ཆུ་དེ།།
ལྷེམ་མེར་བཞད་པའི་མེ་ཏོག་དེ།།
ཁྱོད་ཀྱི་ལང་ཚོར་འགྲན་ནམ་ཅི།།
༧༽
སྦྲང་དཀར་རྩམ་པའི་བྲོ་བཅུད་དེ།།
རྒུན་ཆང་མངར་མོའི་བཟི་ཁ་དེ།།
ཀ་ར་ཀུ་ཤུའི་རོ་མཆོག་དེ།།
ཁྱོད་ཀྱི་དཔལ་ཡོན་མཚོན་ནུས་སམ།།
༨༽
དལ་གྱིས་རྒྱུ་བའི་རྣམ་པ་དེ།།
ཁྱུ་མཆོག་འགྲོས་དང་ཀུན་ནས་མཚུངས།།
ཡར་མར་གཡོ་བའི་ཕྱག་ཟུང་དེ།།
རླུང་གིས་བསྐྱོད་པའི་ལོ་མ་བཞིན།།
༩༽
དམར་ལ་མཐུག་པའི་མཆུ་སྒྲོས་དེ།།
བཞད་མ་ཐག་པའི་པདྨོ་དངོས།།
དཀར་ལ་འགྲིགས་པའི་སོ་འཕྲེང་དེ།།
རབ་མཛེས་གངས་རིའི་མུ་ཁྱུད་བཞིན།།
༡༠༽
དཀར་ལ་འཛུམ་པའི་ཞལ་རས་དེས།།
དམར་པོའི་སྙིང་ལ་ན་ཟུག་སྟེར།།
སྙན་ལ་འཇེབས་པའི་གསུང་སྐད་དེས།།
ཐོས་འཛིན་བུ་གར་སིམ་པ་སྟེར།།
༡༡༽
རླུང་གིས་བསྐྱོད་པའི་སྐྲ་ལོ་དེ།།
ཡར་མར་གཡོ་བའི་མིག་ཟུང་དེ།།
དྲི་ཞིམ་འཐུལ་བའི་མཆུ་སྒྲོས་དེ།།
དྲན་པའི་ཀློང་ན་ཡང་ཡང་འདར།།
༡༢༽
གླང་ཆེན་སྣ་ཞགས་ལས་བྱུང་བའི།།
དྭངས་གསལ་ཆུ་ཡི་ལྦུ་བ་བཞིན།།
ཁྱོད་ཀྱི་ལང་ཚོ་ལས་འཕྲོས་པའི།།
རྣམ་འགྱུར་འདི་ཀོ་སེམས་ཀྱི་བཅུད།།
༡༣༽
མ་བཅོས་བཞིན་གྱི་རྣམ་པ་དང་།།
མ་ལྷད་གཤིས་ཀྱི་སྤྱོད་པ་དང་།།
མ་བསྒྱུར་གཙང་བའི་ཀུན་སྤྱོད་སོགས།།
རྨི་ལམ་སྟོང་གི་མངལ་དུ་སྦྲུམ།།
༡༤༽
པདྨའི་མཚོ་ལ་ངང་པ་བཞིན།།
མེ་ཏོག་ཟེའུ་འབྲུར་བུང་བ་བཞིན།།
ལྟོགས་པའི་ཟས་ལ་མགྲོན་པོ་བཞིན།།
ཡོད་ཚད་ཁྱོད་ཀྱི་ཕྱོགས་ལ་ཤོར།།
༡༥༽
ཉི་མའི་ཟེར་ཐིགས་རེ་རེ་བཞིན།།
རྦབ་ཆུའི་ཟེགས་མ་རེ་རེ་བཞིན།།
མེ་ཏོག་འདབ་མ་རེ་རེ་བཞིན།།
ཁྱོད་ཀྱི་ཞལ་དང་ཀུན་ནས་མཚུངས།།
༡༦༽
དགུང་སྔོན་དབྱིངས་ཀྱི་སྐར་ཚོགས་དག །
རི་བོང་འཛིན་པ་གཅིག་གིས་བཞིན།།
མཛེས་མ་མཛངས་མའི་ཚོགས་དག་ཀྱང་།།
ཁྱོད་ཞལ་གཅིག་གིས་མོག་པོར་བྱེད།།
༡༧༽
དཀར་གསལ་གངས་རིའི་ཕུང་པོ་དང་།།
གསར་དུ་བཞད་པའི་ཆུ་སྐྱེས་གཉིས།།
གཅིག་ཏུ་བསྡོངས་པའི་ལང་ཚོས་ཀྱང་།།
ཁྱོད་ལ་འགྲན་པའི་སྐལ་བ་དབེན།།
༡༨༽
འབུར་དུ་ཐོན་པའི་མྱོས་བུམ་ཟུང་།།
འདོད་ལྡན་མིག་གི་བདུད་རྩིར་གྱུར།།
ཕྲ་ལ་ལྡེམ་པའི་སྤྱི་ཟུར་དེས།།
ཆགས་ཅན་སེམས་ལ་ཟུག་རྔུ་བསླངས།།
༡༩༽
བལྟས་ན་མཛེས་པའི་རྣམ་པ་དང་།།
མཐོང་ན་ཞི་བའི་ཀུན་སྤྱོད་གཉིས།།
གཅིག་ཏུ་འདྲེས་པའི་ལང་ཚོ་དེས།།
ཁོ་བོ་གཏན་དུ་བཟི་བར་བྱས།།
༢༠༽
ཁྱོད་ཀྱི་མཛེས་པའི་ལང་ཚོའི་ནང་།།
ཁོ་བོ་གཏན་དུ་འཐིམ་ན་འདོད།།
ཁྱོད་ཀྱི་པང་ཆུང་ཡངས་མོའི་སྟེང་།།
ཁོ་བོ་གཏན་དུ་གཉིད་ན་འདོད།།
༢༡༽
གསོ་རིག་བསྟན་པའི་མཛེས་རྒྱན་དུ།།
ཉམ་ཐག་ནད་པའི་མགོན་དཔུང་དུ།།
སྨྱོན་པ་ང་ཡི་སྙིང་དཀྱིལ་དུ།།
ཁྱོད་ཉིད་བརྟན་པར་བཞུགས་སུ་གསོལ།།
ལུས་ཟུངས་བདུན་པོ་དེ་དག་གང་དང་གང་ཡིན་ནམ། དོལ་སྨྱོན་ལགས།
ཀརྡོ་གཉེར་ཕྱག་པ་ལགས།
ལུས་ཟུངས་བདུན་ཞེས་པ་ནི།
ཁ་ཟས་ཀྱི་དྭངས་མ་སོགས་ལུས་འཛིན་པར་བྱེད་པའི་ཁམས་ཀྱི་དྭངས་མ་བདུན་གྱི་བསྡུས་མིང་ཡིན།
དེ་ལ་བྱང་པ་རྣམ་རྒྱལ་གྲགས་བཟང་གིས། ལུས་འཛིན་པར་བྱེད་པའི་ཕྱིར་ལུས་ཟུངས་ཞེས་སོ།། ཞེས་གསུངས། ཡང་འགྲེལ་བ་ཟླ་ཟེར་ལས། ཟུངས་ཀྱི་སྒྲ་ནི་འཛིན་པའི་དོན་ནོ།། ཞེས་གསུངས་པ་ལྟར་ཟུངས་དེ་ལ་དབྱེ་ན་བདུན་མཆིས་ཏེ། བཤད་རྒྱུད་ལས། ལུས་ཟུངས་དྭངས་མ་ཁྲག་དང་ཤ་དང་ཚིལ།། རུས་པ་རྐང་མར་ཁུ་བ་བདུན་དུ་བཤད།། ཅེས་པ་གསུངས་པ་ལྟར་རོ།།
ལུས་ཟུངས་དྭངས་མ་ཁྲག་དང་ཤ་དང་ཚིལ། །
རུས་པ་རྐང་མར་ཁུ་བ་བདུན་བཤད་པ། །
ཁ་བརྡའི་མཁས་དབང་དོན་སྨྱོན་རིན་པོ་ཆེས། །
བདག་ལ་བློ་སྐྱེད་སྩལ་པ་བཀའ་དྲིན་ཆེ། །
དོན་སྨྱོན་མིང་ཅན་སུ་ཡིན་མ་ཤེས་ལ། གང་ལ་བཞུགས་གང་ཞིག་བགྱི་བ་སོགས། དེ་བས་ཀྱང་ང་ལ་མ་ངེས་མོད། ཁྱོད་ཀྱིས་མྱང་བའི་ཚོར་བ་དེ་དག་ནི། སྔ་མོ་ཉིད་ནས་བདག་གིས་མྱང་མྱོང་བས། གདུང་སེམས་མཉམ་སྐྱེད་ཅིག་གི་ཕྱིར་དུ་ཡིན། མཚན་མོ་དྲན་དང་ཉིན་མོ་དྲན་པ་དང་། ཟ་འཐུང་འགྲོ་འདུག་གང་དུའང་དྲན་པ་དེ། བརྩེ་བ་རྣམ་དག་ཅིག་གི་ཚོར་བ་རེད། རྣམ་དག་བརྩེ་བ་འཇུག་པའི་ཡུལ་དེ་ཡིས། ཁྱོད་ཀྱི་བརྩེ་བ་ཁྱད་གསོད་མ་བྱས་ན། ཁྱོད་ཀྱི་ལས་དབང་ད་དུང་ཡག་གི་ཟེར། མ་གཞི་ཕར་དགའ་བའི་སེམས་པ་གླན་པའི་ཚེ། ཚུར་ལ་སེམས་གསོའི་ཚིག་ཅིག་ཡོད་པས་ཀྱང། ལུས་སེམས་བདེ་ལ་འགོད་པའི་སྨན་མཆོག་ཡིན། འདི་ཙམ་མེད་ན་གྲོགས་ལས་དགྲ་ཕྱོགས་སུ། འགྱུར་བའི་ཉེན་ཁ་ཧ་ཅང་ཆེ་བ་འདི། སོ་སྐྱེས་ཕལ་མོ་ཆེ་ཡི་རང་གཤིས་ལགས།
གངས་དཀར་རྒྱལ་སྲས་ལགས།
ང་ཡི་ཕ་ཡུལ་མངའ་རིས་དོལ་པོ་ཡིན།།
ད་ལྟའི་སྡོད་གནས་རྒྱ་གར་ཤར་ཕྱོགས་ཡིན།།
ང་ཡི་ལྷ་སྐལ་སྨན་གྱི་བླ་མ་ཡིན།།
ང་ཡི་ཆོས་སྐལ་གསོ་བ་རིག་པ་ཡིན།།
སྙན་ངག་འབྲི་བ་ང་ཡི་དགའ་ཕྱོགས་ཡིན།།
སེམས་སོང་བུ་མོ་ང་ཡི་ཚེ་སྲོག་ཡིན།།
སྙིང་གི་ལྷ་མོ་ང་ཡི་རྣམ་ཤེས་ཡིན།།
སེམས་ཀྱི་དགའ་མ་ང་ཡི་ཡོད་ཚད་ཡིན།།
བརྩེ་སེམས་དྲོན་མོ་ང་ཡི་འཚོ་བཅུད་ཡིན།།
ཤ་དང་པགས་པའི་ཚོགས་ནི་ཐོར་ཀྱང་རུང་།།
རུས་པ་རྐང་གི་ཚོགས་དག་གས་ཀྱང་རུང་།།
ཡིད་འོང་སྙིང་གི་ལྷ་མོའི་རྐང་རྗེས་འོག།
ནམ་ཡང་བདེ་བར་གཟིམས་པའི་རེ་བ་བརྟས།།
འཇིག་རྟེན་འདི་ནི་བརྩེ་བའི་ཕ་ས་ཡིན།།
ཕོ་མོ་དག་ནི་བརྩེ་བའི་ལག་འཇུ་ཡིན།།
སེམས་པ་འདི་ཀོ་བརྩེ་བའི་མར་མེ་ཡིན།།
ཚེ་སྲོག་དག་ནི་བརྩེ་བའི་རྡོ་རིང་ཡིན།།