༼ཀླུ་སྨྱོན་རྩོམ་རིག་བྱ་དགའི་འགྲན་རྩོམ།༽
—མདོ་ཁམས་ཆུ་བཞི་སྒང་དྲུག་གི་གཙོ་འཛིན་ཨ་འབྲུག་མགོན་པོ་བཀྲ་ཤིས་མཆོག་ལ་རྗེས་དྲན་དུ་ཕུལ།
རླུང་བུ།
གངས་ཅན་གདོད་མའི་ས་འཛིན་ཐུ་བྷོད་ཀྱི།།
དྲག་པོའི་རྟ་དམག་བསྐྱོད་པའི་རྨིག་བཞིའི་སྒྲ།།
ཤར་གྱི་རྒྱ་དང་ནུབ་ཀྱི་ཨ་རབ་སོགས།།
མཐའ་བཞིའི་ཡུལ་ན་རླུང་དང་འགྲོགས་ནས་གྲགས།།
བསགས་པའི་རྒྱུ་ནོར་རིགས་ཀྱི་ཆེད་དུ་བཏང་།།
གཅེས་པའི་སྲོག་ཀྱང་རིགས་ཀྱི་ཆེད་དུ་བསྔོས།།
བཙན་བརྗིད་སྟོབས་ཀྱིས་དྲེགས་པའི་ཐུ་བྷོད་པ།།
གལ་ལ་ཐུག་ན་ལོ་རྒྱུས་འདི་འདྲ་ཡོད།།
ཁྱེད་ཉིད་སྒང་དྲུག་ཁམས་ཀྱི་ལྷོ་ནས་འཁྲུངས།།
བདག་ནི་ཨ་མདོ་ཕྱུག་མོའི་མཐའ་རུ་སྐྱེས།།
ཡུལ་དང་དུས་ཀྱིས་ཟུར་དུ་ཕྱེ་ན་ཡང།།
རིགས་ཞེན་སེམས་ཀྱི་ཐག་པ་ལོགས་སུ་མེད།།
མགོ་བོ་བསྒུར་ནས་ཆིངས་ཡིག་མ་བཞག་ཅིང།།
སེམས་པ་ཞུམ་ནས་མགོ་བཏགས་མ་ཞུས་པར།།
མཁྲེགས་པོའི་རུས་པ་ས་ལ་བརྡབས་བྱས་པའི།།
ཕོ་རྒོད་དར་མའི་ལོ་རྒྱུས་བསུབ་ཏུ་མེད།།
ཁམས་དང་ཨ་མདོའི་སྒང་ཆེན་དྲུག་གི་ཁྱོན།།
དྲག་པོའི་རྟ་དམག་ཁྲོས་པའི་ཤུལ་དག་སྟེ།།
ཐུ་བྷོད་བཙན་པོའི་སྙིང་སྟོབས་མ་ཉམས་པའི།།
རྟགས་དང་རྒྱུ་མཚན་ཚད་མ་ཁྱོད་ཀྱིས་བསྐྲུན།།
དེང་རབས་མཚོན་ལྡན་རྒྱ་དམག་གྲངས་མང་གིས།།
དབུས་ལྗོངས་གནམ་ས་གཉིས་ཀ་བཟུང་ཡོད་ཀྱང།།
སྐབས་དེའི་དཔའ་མཛངས་བོད་མིའི་བློ་ཐབས་ཀྱིས།།
ཐམས་ཅད་མཁྱེན་པ་རྒྱ་གར་གླིང་དུ་དྲངས།།
རྒྱུ་བཏང་སྲོག་བསྡོས་ཙམ་གྱིས་བསྟོད་སྟངས་ཀྱིས།།
ཁྱེད་ཀྱི་ཁྱད་འཕགས་ལོ་རྒྱུས་མཚོན་ནུས་མིན།།
དེ་ནི་སྐབས་དེའི་མི་དྲག་ཕལ་མོ་ཆེར།།
ཡོད་ཕྱིར་ཁྱེད་ཀྱི་བྱས་རྗེས་གཞན་ཞིག་སྟེ།།
ཕྱི་ནས་སི་ཁྲོན་ཀན་སུའུ་སོགས་ཀྱིས་ཕྱེ།།
ནང་དུ་རྒྱལ་ཕྲན་དཔོན་ཕྲན་འཐོར་གནས་པའི།།
སྐབས་དེའི་མདོ་ཁམས་གཉིས་ཀ་ཆིག་སྒྲིལ་གྱི།།
སྔར་མེད་སྒྲིག་འཛུགས་བཙུགས་པ་འདི་རླབས་ཆེ།།
བདག་ཀྱང་ཕ་རྒྱུད་རྒོད་པོའི་གཏམ་ཐོས་ཕྱིར།།
དཔའ་དང་དཔུང་བ་ཙམ་གྱིས་ཚིམ་ནུས་མིན།།
འོན་ཀྱང་ཁྱེད་ཀྱི་རླབས་ཆེན་ཕྱག་རྗེས་ཏེ།།
མདོ་ཁམས་ཆིག་སྒྲིལ་ལོ་རྒྱུས་འདི་ལ་འཁྲེང།།
ཕྱི་དགྲ་མི་ཐུབ་ནང་ནས་ཆོལ་ཁ་རྩོད།།
རང་ལུགས་ཅང་མེད་རང་གི་གཞུང་ལ་སྨོད།།
ཚོགས་ཆོས་མི་འགྲིམ་སྲིད་སྟེགས་ཧམ་པས་ཉར།།
དེང་གི་ཤེས་རློམ་སྲོལ་འདི་ཁྱོད་ལ་མེད།།
སྐད་ཆ་ཡར་བཤད་གཞུང་གིས་མ་འགྲིག་ཟེར།།
གཏམ་གླེང་མར་བྱས་ལས་སྣེས་མ་འཇོན་ཟེར།།
གནའ་དེང་ཆོས་སྲིད་ཕྱོགས་རིས་རྐྱང་བཤད་ནས།།
ཁ་རྒྱབ་ཕུད་པའི་ཐབས་ཤེས་ཁྱེད་མ་བྱས།།
དཔལ་འབྱོར་བྱུང་ན་བླ་མའི་བཀའ་ཡང་འགལ།།
རྒྱུ་ཡོན་སྦྱར་ན་སྡོམ་ལྡན་ཡིན་ཀྱང་སྨྱོ།།
སྒོར་མོ་ཐོབ་ན་ཁྲེལ་དང་ངོ་ཚ་ཡང།།
སྤོང་བའི་དཔལ་འབྱོར་ནད་འདིས་ཁྱོད་མ་བཟུང།།
དཀོར་ནག་སྤྱད་ནས་སྲིད་གཉེར་ཕྱོགས་ཞེན་རྩོད།།
གྲྭ་གཟུགས་བསྟན་པ་ཉམས་པའི་རྟགས་མཐོང་ཚེ།།
བསགས་པའི་ནོར་དང་གཅེས་པའི་ཚེ་སྲོག་ཀུན།།
བཏང་བའི་མི་ནག་རྟེན་དེར་སྨོན་པ་འཆོར།།
བདག་ནི་རྒྱུ་དང་ཤེས་ཡོན་གྱིས་དབུལ་ཡང།།
བསྒྱུར་དུ་མེད་པ་མཁྲེགས་པོའི་གཤིས་ཀ་སྟེ།།
རྒྱལ་ཁོངས་ཆོས་རྒྱུད་ཆོལ་ཁས་མ་ཕྱེ་བའི།།
ཡོངས་རྫོགས་བོད་ལ་དུང་བའི་སེམས་ཤིག་ཡོད།།
ཡར་གྱི་ངོ་འཛིན་མར་གྱི་མགོ་གནོན་སོགས།།
ཆགས་སྡང་ལས་ཚེགས་ཆེན་པོ་བདག་ལ་མེད།།
གཉོམ་པོའི་བློ་མིག་དོག་པོས་གང་མཐོང་བ།།
རིས་སུ་ཕབ་འདི་ཁྱེད་ལ་དུང་རྟགས་ཡིན།།
རླུང་བུ་ལེགས།
ལེགས་པར་བྲིས་སོ། བཀའ་དྲིན་ཆེ། བདག་གིས་བོད་ཡོངས་རྫོགས་གཅིག་ཏུ་སྒྲིལ་བར་ཡི་གེ་དག་ཆ་རིག་གཞུང་དང་མཐུན་པར་དགོས་ཞེས་པ་བོད་དུ་གྲགས་པའི་ཡི་གེའི་དག་ཆ་རྒྱུས་མེད་པ་དག་གིས་ཁ་བརྡུངས་བཏང་དང་གཏོང་བཞིན་པ་ཡིན། ཁྱིད་ཀྱི་བྲིས་རྩོམ་ན་ངས་མ་གོ་བ་མིང་ཚིག་གཉིས། འཁྲེང་དང་། གཉོམ་པོ་ཞེས་གཉིས་སོ།
མདོ་ཁམས་ཆིག་སྒྲིལ་ལོ་རྒྱུས་འདི་ལ་འཁྲེང།།
གཉོམ་པོའི་བློ་མིག་དོག་པོས་གང་མཐོང་བ།།
འཁྲེང་ནི་ཞེ་ཆགས་པའི་དོན། དཔེར་ན་རྗེ་མི་ལ་རས་པ་ཕྱིར་རང་ཡུལ་དུ་ལོག་ཁར་མར་པ་དཔོན་གཡོག་གིས་སྐྱེལ་མ་གནང་དུས་སྐུ་གསུང་ཐུགས་གསུམ་འཁྲེང་བའི་རྣམ་འགྱུར་བསྟན་ལུགས་ཁོང་གི་རྣམ་མགུར་དུ་གསལ་ལོ།།
འཁྲེང་ནི་ཞེ་ཆགས་པའི་དོན། ཞེས་བྲིས་པར་བཀའ་དྲིན་ཆེ། དེ་ལྟར་ཡིན་ན། ཞས་ཀེ་ཐོག་མའི་བོད་ཀྱི་ཀ་འཕྲེང་དུ་བསྒྲིགས་པའི་ཚིག་མཛོད་དང་། བོད་རྒྱ་ཚིག་མཛོད་ན། འཁྲེན། ཞེས་ཡོད་ཀྱི། འཁྲེང་། ཞེས་མེད་པ་དང་། བསྟན་བཅོས་མངོན་རྟོགས་རྒྱན། སྐབས་དང་པོ། ཚིགས་བཅད་ ༥༦ ན། ཁྱིམ་ལ་འཁྲེན། ཞེས་གསལ། ་དེ་ཉིད་གྱུར་ནས། མ་དག་རྒྱུན་འབྱམས་སུ། རྗེ་མི་ལེའི་རྣམ་ཐར། ཚགས་ཤོག་ཏུ་བྲིས་པ་སྤར་པ་དེའི་ཤོག་༡༦༥ ན། ཐུགས་འཕྲེང་། གསུང་འཕྲེང་། སྐུ་འཕྲེང་། ཞེས་གསལ་བ་དེ། ཁྱེད་ཀྱིས་བསྟན་པ་དེ་ཡིན་ན། ནོར་བར་སྣང་། དེ་ཉིད་ཀྱི་ཤོག་་༡༧༡ ན། སེམས་འཁྲེང་དྲགས། ཞེས་སོགས་ལ་ལྟ་ལོང་བྱུང་།
མཁས་དབང་ལ་དྭགས་པ་ལགས། མདོ་སྨད་ཕྱོགས་ན་ཚད་མར་འཛིན་པའི་དག་ཡིག་གསར་བསྒྲིགས་སུ་ཡང་འཁྲེང་ཞེས་པ་ཞེ་ཆགས་པའི་དོན་དུ་བཤད་འདུག རྗེ་མི་ལའི་རྣམ་མགུར་མཚོ་སྔོན་དཔར་མ་དེའི་མ་ཕྱི་ནི་རེབ་གོང་གི་དགེ་ལུགས་པའི་ཆོས་སྡེ་གཡེར་གཤོང་དགོན་པར་བཞུགས་ཤིང་། དགོན་པོ་དེའི་བདག་པོ་གཡེར་གཤོང་ཟླ་བ་གྲགས་པ་ཞེས་པའི་བླ་མ་དེའི་སྐུ་ཕྲེང་སྔོན་མ་ཞིག་རྗེ་མི་ལ་རས་པར་འཁྲུངས་ལུགས་ཀྱི་ཡིད་ཆེས་བྱེད་བཞིན་ཡོད་འདུག ཅེས་ཀླུ་སྨྱོན་ནས།
འདི་ན་གཟུར་གནས་པ་ཞིག་ཡོད་ས་རེད། ཐུགས་རྗེ་ཆེ། ང་ཡང་ལྟ་སྤྱོད་འདི་འདྲ་ལ་མོས།
ཆིག་སྒྲིལ་རེ་བའི་དར་ཆེན།།
འཕྲེང་ཞེན་རླུང་གིས་བསྐྱོད་པའི།།
རིག་པའི་གཉོམ་ལག་རྒྱས་པ།།
ཨ་མའི་བུ་དེར་བསྟོད་དོ།།
ཨོ་ དགོངས་དག་སེམས་པ་ཡེངས་ནས་འཁྲེང་ཞེན་ལ་འཕྲེང་ཞེན་་ཞེས་བྲིས་ནོར་ཤོར་འདུག
དྲ་གྲོགས་ཚོས་གཟིགས་ཞིབ་གནང་བ་མ་ཟད་དགོངས་འཆར་གསུངས་པར་ཐུག་རྗེ་ཆེ་ཞུ་བ་ལགས། ལ་དྭགས་བློ་བཟང་འཇམ་དཔལ་ལགས་ལ་དམིགས་བསལ་ཐུགས་རྗེ་ཆེ་ཞུ་བ་ཡིན། རྒྱུ་མཚན་ནི་ལ་དྭགས་སོགས་སུ་རང་གི་ཕ་སྐད་ལ་ཐུགས་སྣང་གནང་མཁན་དེ་ཙམ་མི་འདུག་བསམ་སྟེ་ཅུང་ཟད་ཉོབ་སྣང་སྐྱེ་བཞིན་པའི་སྐབས་ཤིག་ཡིན། ཁ་སང་ཁེ་ཉིན་ཞིག་ལ་ངའི་གྲོགས་པོ་ཟངས་དཀར་བ་ཞིག་ལ་གནས་ལུགས་ཕྲན་བུ་ཞིག་བགྲངས་པ་ཡིན། ཁོང་གིས་ཟེར་ན་ད་ལྟ་འདི་གར་ཞི་མི་ཞེས་འབོད་པ་འདི་ལ་ཁོང་ཚོའི་ཕ་ཡུལ་དུ་བི་ལ་ཞེས་འབོད་པ་དང་། དེ་ནི་རྒྱ་གར་བ་ཚོས་བྷི་ལེ་(དབྱིན་སྐད་ལ་cat)ཞེས་པའི་བརྡ་ལས་བྱུང་བ་འདྲ་ཟེར། ངས་ནི་དེ་འདྲ་ཞིག་མིན་པར་ཁྱོད་ཚོས་བི་ལ་ཞེས་པ་འདི་ཕ་སྐད་རྙིང་བ་རེད། དོན་ལ་བྱི་ལ་ཟེར་བ་རེད། འདི་ཁྱོད་ཚོའི་ཕྱོགས་དེ་ཙམ་མ་ཟད་སྦལ་ཏི་བས་ཀྱང་དེ་ལྟར་འབོད་པ་རེད་ཅེས་ངོ་སྤྲོད་ཞུས་པ་ཡིན། ཁོང་ཚོས་བསམ་པ་ནག་པ་དེ་འདྲ་གཏན་ནས་མིན་ནའང་རང་གི་པ་སྐད་གང་ཡིན་ལ་དོ་སྣང་དེ་ཙམ་མེད་པའི་ཚོར་བ་བྱུང་། དེ་བས་སྐུ་ཉིད་ལྟ་བུའི་ཐུགས་སྣང་ཡོད་པ་འདིས་བདག་ལའང་རེ་བ་གསར་བ་ཞིག་བསླངས་བྱུང་། ཡང་བསྐྱར་ཐུགས་རྗེ་ཆེ་ཞུ།