རྨོག་རུ་བསྟན་པ།
ལྷུན་ཆགས་ནོར་གྱི་བང་མཛོད་ལ་འཁུ་དབྱིག་འཛིན་སྒེག་མོའི་ཕངས་པ་རུ།།
དབྱར་དགུན་དུས་ཀྱི་འགྱུར་བས་མ་གསུབ་ང་ནི་ཁ་བའི་མེ་ཏོག་ཅིག།
ཁྱེད་ཀྱིས་གཤོག་དྲུག་ཡང་མོར་སྡེབ་བཞིན་རོ་མངར་སྦྲང་རྩིའི་བཅུད་འདི་ལོངས།།
ང་གཉིས་འཚོ་བའི་རྒྱལ་ཁམས་འདི་རུ་རྗེས་ཤུལ་ཕྲ་མོའི་ཐིག་ཅིག་འདེབས།།
སྲ་འཐས་རྡོ་རྗེ་དཔུང་དུ་བརྟན་པོའི་གངས་དཀར་རི་བོའི་ཁུག་པ་རུ།།
ལྷང་ལྷང་ཆོ་གའི་གླུ་སྒྲ་འཚེར་བའི་ང་ནི་དྭངས་གཙང་ཆུ་ཕྲན་ཞིག།
ཁྱེད་ཀྱིས་དྲི་མས་རས་ཡུག་བཤུས་ཏེ་འཛུབ་རྩེ་དྲང་པོས་ལན་གསུམ་མཆོད།།
ང་གཉིས་མཐའ་ཡས་རྒྱལ་ཁམས་འདི་རུ་འོད་སྣང་བདེན་པའི་ལམ་ཞིག་འཚོལ།།
མཐོར་འདེགས་དཔུང་གི་ཀ་བ་བརྗིད་པོའི་རབ་དཀར་ས྄་ལའི་སྨན་ལྗོངས་སུ།།
རིགས་ཞེན་སྙིང་ལ་རང་མདངས་གསལ་བའི་ང་ནི་གངས་རིའི་ཚ་བོ་ཞིག།
ཁྱེད་ཀྱིས་ཁྱིམ་ཐབ་རྡོ་གཞི་བརྩིག་ཏེ་གཤེར་ཁུ་དྭངས་མའི་ཆུ་ཞིག་ལོངས།།
ང་གཉིས་ཡངས་པའི་ཕ་ས་དེ་རུ་གཞིས་ཁང་དྲོན་མོའི་གནས་ཤིག་ཆ།།
དྲོ་སྐྱིད་དཔྱིད་ཀྱི་མེ་ཏོག་འཛོམས་པའི་གཡང་ལུང་ནགས་ཀྱི་རི་ཁྲོད་དུ།།
ཕངས་མེད་གཞན་དོན་སྙིང་ལ་གཟན་པའི་ང་ནི་གངས་རིའི་ཕོ་ཉ་ཞིག།
ལྗང་མདོག་འཛིན་མ་བརླན་གྱིས་འཁུར་ཚེ་ཁྱོད་ཀྱིས་རྒྱང་སྐྱོད་གདེང་འཇོག་སྤེལ།།
ང་གཉིས་མཐོན་པོའི་སྤོ་རུ་འཛེགས་ཏེ་སྐལ་བཟང་བུ་ལ་ལག་བརྡ་བྱེད།།
རླབས་ཕྲེང་དར་ཡུག་དགུང་ལ་རྩེན་པའི་ཁྲི་ཤོར་རྒྱལ་མོའི་ཉེ་འགྲམ་དུ།།
བྱིངས་རྨུགས་གཉིད་ཀྱི་ན་བུན་ཁྲོད་ན་ང་ནི་སྨྱོན་པའི་གླུ་བ་ཞིག།
ཁྱེད་ཀྱིས་ལྷོ་རླུང་འུར་ལ་བསྐུར་ཏེ་རྔ་ཆེན་རོལ་མོར་འཐམ་བཞིན་བཞིན་ཤོག།
སངས་མེད་མལ་གྱི་གནས་སུ་ཡུར་བའི་བུ་རབས་ཚ་བརྒྱུད་རྣ་བ་དཀྲོག།
ར་རིའི་ཆ་ཡི་དྲི་མས་མ་གོས་སྔོ་བསངས་སྒེག་མོའི་ཐོང་ཀ་རུ།།
ལྷག་བསམ་བདུད་རྩིའི་ཐིགས་ཕྲེང་འཛག་པའི་ང་ནི་མཁའ་ཡི་མགྲོན་པོ་ཞིག།
ཁྱེད་ཀྱིས་འཇམ་མཉེན་བསེར་བུས་ལྡག་པའི་ཆུ་རླབས་མཐའ་ནས་དལ་གྱིས་སྒུག།
ང་གཉིས་འཛོམས་པའི་སྐྱེད་ཚལ་དེ་རུ་ཀུ་མུའི་ཚོགས་ཀུན་སྤྲོ་ལ་འདེད།།
གསེར་མདོག་འོད་ཕུང་དགོད་སྒྲ་ཞིམ་པའི་ཀུན་གསལ་འོད་ཀྱི་གུར་ཁང་དུ།།
སྣང་བའི་མུ་ཁྱུད་ཧུབ་ཀྱིས་འདྲེན་པའི་ང་ནི་སྤྲིན་གྱི་སྒྲ་དབྱངས་ཤིག།
ཁྱེད་ཀྱིས་དྭངས་གཙང་ཡིད་ཀྱིས་བླངས་ཏེ་འགྲོ་ཀུན་མ་མའི་ཕྱག་ཏུ་སྒྲོན།།
ང་གཉིས་མཚན་ནག་ཞིང་ཁམས་སྐྱུར་ནས་བདེ་བའི་གླིང་ཀར་ཤར་གྱིས་འགྲོ།
ལང་ལོང་སྨུག་ནག་དུ་ཞགས་འཁྲིག་པའི་རྨོངས་སྐྱོ་སྟུག་པོའི་ལྡིང་ཁང་དུ།།
ང་ནི་ཡ་ཐོད་སྤྱན་མིག་གསལ་བའི་རྒྱལ་ཁམས་རིག་པའི་མེ་ལོང་ཞིག།
ཁྱེད་ཀྱིས་སྒེག་ཆས་རྒྱན་དུ་ལོངས་ལ་བདེན་པའི་ངག་གི་འགྲོས་ཤིག་རྩོམ།།
ལོང་བའི་དཔུང་ཚོགས་རྗེས་སུ་ཁྲིད་དེ་རིག་པའི་རོལ་མོ་འཚོལ་དུ་འགྲོ།།
༄༅༎ གློ་མེད་མ།
ང་ཐོག་མར་འཇིག་རྟེན་གྱི་བདེ་སྣང་ལ་འཁྲུལ་དུས།
ཁྱོད་ཀྱི་ལངས་ཚོ་ཡིས་བཀུག་པའི་ངའི་རྣམ་ཤེས།
འདྲེས་ཁྲིད་པ་བཞིན།
དབང་མེད་ཁྱོད་ཀྱི་རྗེས་སུ་མདུར།
ངའི་སྙིང་རྩའི་འཕར་ལྡིང་གྲངས་ཚད་ལས་བརྒལ་གྱིན།
སྙིང་དོན་གྱི་བརྗོད་བྱ་གསང་བ།
མགོ་མཇུག་མེད་པའི་ཚིག་སྒྲུབ་ཅིག་ལ་བསྒྱུར་དུས།
ཁྱོད་ཀྱིས་འཛུམ་ཆུང་གི་མེ་ཏོག་སེམས་གཏིང་ནས་སྟོན།
མིང་ཚིག་གཅིག་གིས་ངའི་ཐེ་ཚོམ་གཏོར།
ད་དུང་འབྱུང་བཞིའི་སྡེ་བརྒྱད།
དུས་བཞིའི་ཚ་གྲངས་འཁྲིགས་ཀྱང་།
བུ་མོའི་གློ་སྙིང་གཏད་ས་གཅིག་ཟེར་དུས།
ངའི་བྲང་འོག་གི་ཞིང་ཁམས་ན་བདེ་སྐྱིད་ཀྱི་ས་བོན་གསར་བ་ཞིག་ཁྱོད་ཀྱིས་བཏབ།
འཇིག་རྟེན་ཁྲོད་ཀྱི་དགའ་བ་ཚད་མེད།
ས་མཆོང་དང་གནམ་མཆོང༌།
གླུ་ཆུང་དང་རྡོག་བྲོ།
ད་དུང་འཛུམ་ཆུང་དང་མིག་ཆུ།
ངའི་ལྷན་སྐྱེས་སུ་མེད་པའི་ཐོར་བྱུང་གི་ཚོར་བ་ཡ་མཚན་དེ་ཁྱོད་ཀྱིས་བསྐྲུན།
སྐར་ཆ་དང་དུས་ཚོད།
ཉིན་དང་མཚན།
ལོ་དང་ཟླར་སྙིང་གཏམ་གྱི་མེ་ཏོག་ཐུ་བཞིན།
བརྩེ་དུང་གི་དཔྱིད་དཔལ་ཁྲོད་ནས་རྩེ་འཇོ་ཡི་གར་ལ་རོལ།
ད་དུང་གཅིག་སེམས་གཅིག་ལ་འཕྲེང་བའི་བརྡ་འཕྲིན་དང་གློག་འཕྲིན་བསྐུར་དུས།
ངའི་སྙིང་ཁམས་ན།
ཁྱོད་ནི་ཇི་འདྲའི་གློ་ཅན་ཞིག
འཛངས་མ་ཞིག
དུས་དེ་ནས་བཟུང་།
ངའི་ཁྱོད་ལ་བཞག་པའི་ཡིད་ཆེ་དང་དུང་སེམས་ཟབ་མོའི་གཏིང་མཐའ་ཇེ་རིང་།
ཁྱོད་ཀྱི་བཀའ་བཞིན།
ཆ་མ་འཚལ་བའི་ཁྱོད་དང་ངའི་འབྱུང་འགྱུར།
གནམ་སའི་བར་ན་བསྒྲགས།
ཇི་འདྲའི་འགྱོད་སེམས་ཤིག
ཨ་ཁུ་སྨན་བླའི་ཁ་ཤག
ཁྱོད་ཀྱིས་ངའི་ཁ་ནས་བཅད་དེ་གཞན་གྱི་སྣའི་ནང་ལ་མཐུན་དུས།
དཀོན་མཆོག་མཁྱེན།
གློ་བུར་དུ་།
ངའི་སྙིང་རྩའི་ཁྲག་སྒོ་འགག་གྲོབ་བྱེད་པའི་ཁྱོད་ཀྱི་བརྡ་འཕྲིན།
ཁ་གྱེས།
ཞེས་པའི་ཚིག་འབྲི་གཉིས།
ངའི་ཁ་དཔར་གྱི་བརྙན་ཤེལ་ངོགས་ནས་ང་ལ་གཏད་པའི་མེ་སྒྱོགས་བཞིན།
ཇི་འདྲའི་ནུས་ཤུགས་ཅན།
ངའི་བདེ་སྐྱིད་ཀྱི་ཞིང་ཁམས།
མ་འོངས་ཀྱི་དམིགས་མདུན་རིང་མོ་ཡོངས་སུ་གཏོར།
འཇིག་རྟེན་གྱི་སྐྱོ་བ་ཚད་མེད།
ཉིན་མོའི་ཟས་བཀག
མཚན་གྱི་གཉིད་འཕྲོག
ད་དུང་མིག་ཆུ་དང་མཁུན་སྒྲ་ཡི་ཁྲོད་ནས།
སྔར་མཐོང་མ་མྱོང་བའི་སྡུག་བསྔལ་གྱི་འཇིག་རྟེན་གསར་བ་ཞིག་ཁྱོད་ཀྱིས་བསྟན།
དུས་དེ་ནས་བཟུང༌།
དུས་ཚོད་ཀྱི་སྐར་མདའི་ཐག་སྒྲ་རེ་རེ་དང་།
ངའི་ཁྱེད་རང་དྲན་པའི་དབུགས་རིང་རེ་རེ་གྲོགས་སུ་འཆམ།
དུས་རྟག་ཏུ།
ཁྱེད་རང་དྲན།
ཁྱེད་རང་སྒོམ།
ཁྱོད་ལ་ཉམས་པར་འཇོག་པའི་འཇིག་རྟེན་གྱི་འཚམས་པ་གསར་བ་ཞིག་ཁྱོད་ལས་སྐྱེས།
ཁྱོད་དྲན་བཞིན་སྒོམ་བཞིན་དུ་ངའི་ལོ་ཟླ་ཟད།
སྐབས་རེར་སྲང་ལམ་བར།
སྐབས་རེར་ཆང་ཁང་ནང༌།
སྐབས་རེར་ཉེན་རྟོགས་ཁང༌།
སྔར་རོལ་མ་མྱོང་བའི་སྲང་ལམ་བར་གྱི་འཁྱམས་པོ་ཡི་འཚོ་བ་ཁྱོད་ཀྱིས་སྤྲད།
ངའི་བགོས་སྐལ།
ཁྱོད་དང་འགྲོགས་པའི་བྱེ་ཐང་གི་རྐང་རྗེས།
ཡོད་ཚད་ཐོབ་ལ་ཡོད་ཚད་མཐོང༌།
བཀའ་དྲིན་ཆེ།
ངའི་སྙིང་སྡུག་མ།
ཁྱོད་ཀྱིས་བཏབ་པའི་བདེ་སྐྱིད་ཀྱི་ས་བོན།
ངས་བསྡུས་པའི་སྡུག་བསྔལ་གྱི་སྟོན་ཐོག
འདི་ནས་མཇུག་རྫོགས་སོང༌།
2010་ཟླ་4་ཚེས་7་ལMDནས།