སྐྱོ་བྲག་དགའ་དབང་།
ཆུ་ཤིང་ཞེས་པ་བོད་ཀྱི་གཞུང་རིག་ལ་སྦྱོང་བའི་གང་ཟག་དག་གི་རྣ་བར་ཐོས་གྲངས་མང་བའི་ཐ་སྙད་ཅིག་སྟེ། རྒྱ་གར་ནས་སྒྱུར་བའི་གཞུང་རིག་དག་ཏུ་ཆུ་ཤིང་དཔེར་བགྱིས་པ་ཆེས་མང་ནའང། གཙོ་བོ་མཚོན་དོན་གསུམ་གྱི་ཆེད་དུ་བཀོལ་ཡོད། ཏིང་འཛིན་རྒྱལ་པོའི་མདོ་ལས། ཇི་ལྟར་ཆུ་ཤིང་རློན་པའི་སྡོང་པོ་ལ། །སྙིང་པོ་འདོད་ཕྱིར་སྐྱེས་བུས་དེ་གཤགས་ཀྱང་། །ནང་དང་ཕྱི་རོལ་ཀུན་ན་སྙིང་པོ་མེད། །ཆོས་རྣམས་ཐམས་ཅད་དེ་བཞིན་ཤེས་པར་གྱིས། །ཞེས་དང་།
སྤྱོད་འཇུག་ལས། དཔེར་ན་ཆུ་ཤིང་སྡོང་པོ་དག །ཆ་ཤས་ཕྱེ་ན་འགའ་མེད་པ། །དེ་བཞིན་རྣམ་པར་དཔྱད་པ་ཡིས། །བཙལ་ན་བདག་ཀྱང་ཡང་དག་མིན། །ཞེས་སྙིང་པོ་མེད་པའི་དཔེར་བགྱིས་ཤིང་། ཡང་སྤྱོད་འཇུག་ལས། དགེ་བ་གཞན་ཀུན་ཆུ་ཤིང་བཞིན་དུ་ནི། །འབྲས་བུ་བསྐྱེད་ནས་ཟད་པར་འགྱུར་བ་ཉིད། །བྱང་ཆུབ་སེམས་ཀྱི་ལྗོན་ཤིང་རྟག་པར་ཡང༌། །འབྲས་བུ་འབྱིན་པས་མི་ཟད་འཕེལ་བར་འགྱུར། །ཞེས་འབྲས་བུ་ལན་གཅིག་བསྐྱེད་ནས་ཟད་པའི་དཔེར་མཛད་ལ། སྙན་ངག་མེ་ལོང་མ་ལས། པད་རྩའི་ལག་པ་ཆུ་ཤིང་བརླ། །པདྨའི་གདོང་དང་ཨུཏྤལ་མིག །ཁྱོད་ཀྱི་གཟུགས་ཀྱིས་བདག་ཅག་རྣམས། །གདུང་ནུས་མིན་ནམ་ལུས་ཅན་མ། །ཞེས་མཁྲང་ཟླུམ་གྱི་དཔེར་བཀོད་པ་ལྟ་བུའོ། །
འོན་ཏེ་དགེ་སློབ་ཕལ་མོ་ཆེས་ཆུ་ཤིང་གང་ཡིན་ངོས་ཟིན་གྱི་མེད་ཕྱིར་ཁོ་བོས་ཞིབ་ཕྲའི་འདྲི་རྟོག་བྱས་པ་ན་ཤིང་ཐོག་ངང་ལག་གི་སྡོང་པོ་རེད་འདུག །སྤྱོད་འཇུག་གི་རྒྱ་དཔེར་ཀ་ད་ལི་ཞེས་བྲིས་ཡོད། ཀ་ད་ལི་ནི་ལེགས་སྦྱར་གྱི་ཚིག་མཛོད་དག་ཏུ་ཡོངས་གྲགས་ཆུ་ཤིང་ཡིན་པར་བཤད་ཅིང་། དིང་སང་རྒྱ་བལ་གྱིས་ཀེ་ལཱ་ཞེས་འབོད།
ཀེ་ལཱའམ་ངང་ལག་གི་སྡོང་པོའི་སྨད་མཁྲང་ཟླུམ་འཇམ་པོ་དང་། རྩེ་ནས་ངང་ལག་གི་སྙེ་མ་གཅིག་ནས་གསུམ་བར་ལོ་གཉིས་རེའི་མཚམས་སུ་ཐེངས་རེ་སྐྱེས་པའི་སྣེ་མོར་ཐོག་གུ་དམར་པོ་སྙིང་དབྱིབས་ཅན་སྙིམ་པ་ཁ་སྦྱར་ཙམ་ཡོད་པ། འབྲས་བུ་ལན་གཅིག་ལས་མི་སྐྱེ་བ། ནང་སྙིང་ཆུ་ལྷོག་གེ་བ་ཞིག་ལས་སྲ་མཁྲེགས་ཅན་མིན་པས་ན་དཔེར་བགྱིས་པའི་ཁྱད་ཆོས་དག་ཀྱང་ཚང་བར་མཆིས་ཕྱིར་ཐེ་ཚོམ་མི་དགོས་པ་ཡིན་ནོ། །
ལེགས་སོ།
དེ་ལྟར་ན་དྲང་བའི་དཔེ་རུ་ཆུ་ཤིང་བཀོད་པར་མཐོང་བས་་་ང་ཚོས་མཐོང་བའི་ངང་ལག་གི་སྡོང་པོ་ནི་དེ་འདྲའི་དྲང་ཤིང་ཞིག་རེད་མི་འདུག
འདི་བློ་བསྐྱེད་ཡག་པོ་ཞིག་རེད། དེ་རིང་ནས་འདི་ལ་ཆ་འཇོག་་བྱེད་ངེས
ཆེད་རྩོམ་འདི་ནི།
ཆུ་དང་ཤིང་གི་བསྟན་བཅོས་ལ། ཆུ་ཤིང་བསྟན་བཅོས་ཞེས་ཚིག་བསྡུ་བྱ་མི་རུང་བ་བཞིན། ཆུ་ཤིང་ལྟར་སྙིང་པོ་མེད་པའི་དཔེ་སྦྱར་བ་དག ཤིང་འབྲས་ཀེ་ལའི་སྡོང་པོ་ལས། གཞན་དུ་འགྲོ་ས་མེད་པས་ལེགས་བཤད་ཅིག་ཏུ་འདུག་གོ །
ཨིན་བོད་ཚིག་མཛོད་ཅིག་ལས
Banana = 1.ཆུ་ཤིང་འབྲས་བུ། ངང་ལག ཀེ་ལ། 2.ཀེ་ལའི་སྡོང་པོ། ཆུ་ཤིང་ཞེས་གསུངས་པ་ལྟར་རོ། །