ཆབ་མདོ་ངག་ཕུན་གྱིས།
རྒན་པོ་སེམས་བཟང་ཅན་གྱིས། །སྲོག་ཆགས་ཁྱི་ཕྲུག་ཆུང་ཆུང་།།
གདུག་རྩུབ་ཆུ་སྲིན་ཁ་ནས། །ཚེ་སྲོག་སྐྱོབས་པ་མཛད་ལྟོས།།
དེ་རིང་དངོས་སྒྲུང་ཞིག་འབྲི་བར་འདོད། དེ་ཡང་ནུབ་ཕྱོགས་བདེ་བ་ཅན་གྱི་ཞིང་ཁམས་ཞེས་གྲགས་པའི་ལུང་པ་དེ་ནི་སྟོབས་འབྱོར་གྱི་མངའ་ཐང་རྒྱས་ཤིང་། འཛམ་གླིང་ནང་ནས་ཆབ་དཔལ་རིག་གསུམ་གྱི་སྟོབས་འབྱོར་ཆེ་ཤོས་ཀྱི་རྒྱལ་ཁབ་གཅིག་ཡིན་པ་ཆགས་འཇོག་བྱེད་ཀྱི་ཡོད་པ་རེད། གནས་དེར་མི་མང་པོ་ཞིག་སླེབས་ཐབས་ཀྱི་སྐོམ་པ་ཆུ་འདོད་ལྟར་རེ་བ་བྱེད་ཀྱི་ཡོད། འོན་ཀྱང་གནས་དེར་འགྲོ་བ་ལས་སླ་པོ་ཞིག་གཏན་ནས་མེད་ཅིང་། གནས་དེར་འགྲོ་བར་འགྲོ་སོང་མང་པོ་ཞིག་སྤྲོད་དགོས་ཀྱི་ཡོད་པ་རེད། གནས་དེར་སླེབས་རྗེས་ལས་ཀ་ཡག་སྡུག་མེད་པ་རང་ནུས་ཡོད་ཚད་ཀྱིས་ལས་དོན་གནང་བ་ཡིན་ཚེ། ད་གཟོད་གནས་དེར་འཚོ་གོས་ཐོག་ཏུ་དཀའ་ངལ་མེད་པར་རིམ་པའི་ཚོར་གནས་ཐུབ་ཀྱི་ཡོད་པ་རེད་ལ། དེ་མིན་ལུང་པ་དེར་སྐྱིད་ཉལ་བྱེད་སའི་དེ་འདྲའི་ལུང་པ་ཞིག་གཏན་ནས་མིན་པ་རེད། ལས་ལ་བརྩོན་ན་འགྲུབ་འབྲས་སྨིན་ཞེས་པའི་ལུང་པ་དེ་ཡིན་པ་རེད།
དེ་འདྲའི་ཁོར་ཡུག་ཧ་ཅང་གཙང་ཞིང་ཉམས་དགའ་བའི་ལུང་པ་ཞིག་ཀྱང་ཡིན་པ་རེད། ལུང་པ་དེར་གནས་སྡོད་བྱེད་མཁན་རྣམས་ཀྱི་མི་རྣམས་ཁྲིམས་ལུགས་ལ་ཧ་ཅང་གུས་བཀུར་ཆེ་ཞིང་། གད་སྙིགས་རིགས་བླུགས་སྣོད་ནང་བླུགས་པ་ལས་ཕྱི་རོལ་དུ་གང་བྱུང་གཡུག་སྲོལ་གཏན་ནས་མེད། གཞུང་གིས་ཀྱང་དམ་འཛིན་གནང་གི་ཡོད་པ་རེད་ལ། མི་མང་གིས་ཀྱང་དོ་སྣང་བྱེད་ཀྱི་ཡོད་པ་རེད།
དེ་འདྲའི་གཞུང་དམངས་གཉིས་ཀྱིས་ཁོར་ཡུག་ཐོག་ཏུ་དོ་སྣང་དང་། བདག་གཅེས་གནང་བའི་དྲིན་ལས་ཕྱི་ཁོར་ཡུག་ཧ་ཅང་གཙང་ཞིང་ཡིད་དུ་འོང་བ་ཞིག་ཏུ་འཛུགས་སྐྲུན་ཐུབ་པ་བྱུང་ཡོད་པ་རེད། རྒྱལ་ཁབ་གཞན་གྱིས་དམིགས་དཔེ་ལྟ་ས་ལྟ་བུ་ཞིག་ཏུ་འགྱུར་ཡོད། གནས་དེར་སྡོད་མཁན་མི་རྣམས་དལ་ལྷོད་དུ་སྡོད་སྲོལ་མེད་ཅིང་། ལས་དོན་གྱི་ཐོག་ཏུ་བྲེལ་ཟིང་ངང་ནས་འཚོ་གནས་བྱེད་དགོས་ཆགས་ཀྱི་ཡོད། ཨེ་ཤ་ཡའི་མི་རྣམས་བཞིན་སོས་དལ་ངང་སྡོད་མཁན་ཧ་ཅང་དཀོན་ཙམ་ཡོད་པ་རེད།
གནས་དེའི་གྲོང་ཁྱེར་གྱི་མཐའ་རུ་སྤོ་པོ་རིག་འཛིན་ཟེར་བ་ཞིག་ཚོར་སྡོད་བྱེད་ཀྱི་ཡོད་པ་དང་། སྤོ་པོ་རིག་འཛིན་ནི་དམག་མི་ཟུར་པ་ཞིག་ཡིན་ཞིང་། སྤོ་པོ་རིག་འཛིན་གྱི་བཟའ་ཟླ་ནི་སྔ་ནས་གྲོང་ཟིན་ཞིང་། ཁོ་གཉིས་ལ་བུ་ཕྲུག་གཅིག་ཀྱང་མེད། སྤོ་པོ་རིག་འཛིན་ལ་ཁྱི་ཕྲུག་ཆུང་ཆུང་ཞིག་གསོ་སྐྱོང་བྱ་རྒྱུ་ཡོད་པ་ལས་གཞན་དག་གང་ཡང་མེད། སྤོ་པོ་རིག་འཛིན་གྱི་ཁྱི་ཕྲུག་དེར་ཧ་ཅང་བྱམས་སྐྱོང་གི་ལྟ་རྟོག་བྱེད་ཀྱི་ཡོད། སྤོ་པོ་རིག་འཛིན་སྡོད་སའི་འགྲམ་དེ་གླིང་ཁ་རྒྱ་ཆེན་པོ་ཞིག་ཡོད་པ་དང་། སྤོ་པོ་རིག་འཛིན་ཉིན་ལྟར་གླིང་ཁ་དེར་ཁྱི་ཕྲུག་ཁྲིད་ནས་འཆམ་འཆམ་ལ་འགྲོ་ཡི་ཡོད། ཉིན་གཅིག་སྤོ་པོ་རིག་འཛིན་ཉལ་ས་ནས་ཞོགས་པ་ལངས་ཏེ་གླིང་ཁ་རུ་ཁྱི་ཕྲུག་ཁྲིད་ནས་སྤྲོ་འཆམ་དུ་ཕྱིན། གླིང་ཁ་དེར་མཚེའུ་ཆུང་ཆུང་ཞིག་ཡོད་པ་དང་། མཚེའུ་དེར་ཆུ་སྲིན་དང་དུག་སྤྲུལ་སོགས་སྲོག་ཆགས་རིགས་མང་པོ་ཚོར་གནས་བྱེད་ཀྱི་ཡོད།
མཚེའུ་འགྲམ་དེ་ནས་སྤོ་པོ་ཁྱི་ཕྲུག་ཁྲིད་ནས་དལ་གྱིས་ཕྱིན་རྗེས་གློ་བུར་དུ་ཆུ་ནང་ཆུ་སྲིན་འགྲོ་བ་ཁྱི་ཕྲུག་གིས་མཐོང་སྟེ་སྟབས་མ་ལེགས་པ་མཚེའུ་ནང་དུ་ཁྱི་ཕྲུག་མཆོང་སྟེ་ཁྱི་ཕྲུག་གིས་ཆུ་སྲིན་ཟིན་གྲབས་སྐབས། ཆུ་སྲིན་ཟིན་པ་ལས་སླ་པོ་ཞིག་ག་ལ་ཡོད། ཆུ་སྲིན་གྱིས་ཁྱི་ཕྲུག་གཉའ་བ་ནས་བཟུང་ཞིང་ཆུ་ནང་བསྲུབས་པ་དང་། ཁྱི་ཕྲུག་ནི་སྐད་ངན་ཤོར་ཞིང་། སྤོ་པོ་འཇིགས་ཞུམ་མེད་པར་ཆུ་ནང་མཆོང་ནས་ཁྱི་ཕྲུག་སྐྱབས་ཐབས་བྱས། སྟབས་ཡག་པ་ཞིག་ཏུ་སྤོ་པོས་ཆུ་སྲིན་སྐེ་ནས་ཟིན་ཐུབ་པ་བྱུང་ཞིང་། ཤེད་ཤུགས་ཡོད་ཚད་ཀྱིས་མཚེའུ་ཁ་རུ་ཆུ་སྲིན་དང་ཁྱི་ཕྲུག་གཉིས་ཀ་འཐེན་ཐུབ་པ་བྱུང་། ཆུ་སྲིན་གྱི་ཁ་ནས་ཁྱི་ཕྲུག་གློད་ཐུབ་རྗེས་སྤོ་པོས་ལམ་སང་ཆུ་སྲིན་ཕྱིར་གློད་དེ་ཁྱི་ཕྲུག་སྨན་ཁང་དུ་འཁྱེར་ནས་ཕྱིན། སྨན་པ་རྣམས་ལ་ལོ་རྒྱུས་དེ་དག་བཤད་དུས་སྨན་པ་སུ་ཞིག་གིས་སྤོ་པོས་བཤད་པའི་གཏམ་ལ་ཡིད་ཆེས་མ་གནང་བ་རེད། སྐབས་དེ་དུས་སྤོ་པོ་ལ་དཔང་རྟགས་གང་ཡང་སྟོན་རྒྱུ་མེད།
འོན་ཀྱང་སྟབས་ལེགས་པ་ཞིག་ལ་ཉིན་ཤས་སོང་རྗེས་གནས་དེར་ཚན་རིག་པ་གཉིས་ཀྱིས་དུད་འགྲོའི་རིགས་ཕར་འགྲོ་ཚུར་འོང་གང་ཞིག་བྱེད་ཀྱི་འདུག་མིན་གྱི་ཞིབ་འཇུག་གི་ཆེད་དུ་རང་འགུལ་གྱི་པར་ཆས་བཙུགས་ཡོད་པ་སོང་། སྤོ་པོ་དང་ཆུ་སྲིན་འཐབ་ནས་ཆུ་སྲིན་གྱི་ཁ་ནས་ཁྱི་ཕྲུག་བསྐྱབས་པ་དེ་དག་པར་ཆས་ནང་ནས་མཐོང་སྟེ་ཁོ་གཉིས་ཀྱིས་སྤོ་པོ་སྙིང་སྟོབས་ལ་ཧོན་ཐོར་ནས་སྤྱི་ཚོགས་ཀྱི་དྲ་ལམ་ཁག་ཏུ་བཀྲམས།
སྤོ་པོས་སྨན་ཁང་ནང་དུ་བཤད་པས་སྐད་ཆ་དེ་དག་བདེན་དཔང་བྱུང་ཞིང་། མ་ཟད་ནུབ་ཕྱོགས་རྒྱལ་ཁབ་ཏུ་སྤོ་པོ་དང་ཁྱི་ཕྲུག་གཉིས་ཀྱི་གཏམ་རྒྱུད་དེ་དག་གསར་འགྱུར་ཆེན་པོ་ཞིག་ཏུ་གྱུར་པ་རེད་དོ།
སྨྲས་པ། དམར་བཟས་གང་ཉུང་བྱེད་ཅིང་། །དཀར་བཟས་བསྟེན་ན་ལོས་བཟང་།།
སྲོག་ཆགས་དུད་འགྲོའི་ཚེ་སྲོག །གཅེས་འཛིན་གནང་ན་ལོས་མཛེས།།
རྒན་པོ་ངར་པ་འདིས་ཀྱང་།། སྲོག་ཆགས་དུད་འགྲོ་ཚེ་སྲོག །
སྐྱབས་ཐབས་རང་སྲོག་འབེན་བཙུགས།། འབད་པ་འདིས་ཀྱང་ལོས་བཟང་།།
མཆན། གྲོགས་མཆོག་གཅིག་གིས་ངོ་དེབ་ཐོག་ཏུ་གསལ་འགྱུར་དེ་བཀོད་འདུག་ཅིང་། དེ་དག་བཅོས་སྒྲུང་ཐུང་ངུ་ཞིག་ཏུ་བྲིས་པ་ཡིན་ན་ཡག་པོ་འདུག་བསམ་ནས་བཅོས་སྒྲུང་ཚུལ་དུ་འཛམ་གླིང་རྒྱལ་སྤྱིའི་དཀར་ཟས་ཉིན་མོར་བྲིས་པ་ཡིན་ཞིང་། འགྲོ་ཀུན་བདེ་སྐྱིད་འོང་བ་སྨོན།
ཁོར་ཡུག་སྲུང་སྐྱོབ་འཐབ་གྲོགས་བཟང་བོ།
བཀྲ་ཤིས་བདེ་ལེགས་ཞུ།