ཨ དོན་ཉི།
བག་ཆགས་དེའི་རྐྱེན་གྱིས། ངས་མགྲིན་པ་སྐྲང་བཞིན་དུ་གླུ་བླངས། རྐང་བ་འཐེང་བཞིན་དུ་བྲོ་ལྡིང་།
མུ་མཐུད་དུ་ཅི་ཞིག་བཤད་རྩིས་བྱས་ན་ཡང་། མར་རྩམ་ལྟ་བུའི་སྐད་ཆ་དེ་ད་དུང་ཤོད་མེད་པ་འདྲ།
ཆུང་འདྲིས་མིན་པའི་བག་ཆགས་དེའི་དབང་གིས། ང་ལ་སྨ་ར་སྐྱེས་ཤིང་། ངའི་ཕོ་ཚོད་བཏུལ།
གློ་བུར་བའི་རྨི་ལམ་གྱི་དབུས་སུ། ཁྱེད་ལ་ཕྲད་ཅིང་ཁྱེད་ལ་གྱེས་དུས། ཟླ་བ་སྒོར་སྒོར་དེས་བག་ཆགས་གྱི་རལ་བ་ནས་བཟང་སྟེ་སྤྲུགས་སྤྲུགས་ཐེངས་ཤིག་བྱས།
མུ་ཏིག་གི་མགུལ་རྒྱན་དེའང་སིལ་བུར་བཅག
སེམས་པ་གནས་འགྲོ་དེས་གཏམ་རྒྱུད་ཀྱི་ས་ཤུན་སེན་མོས་རྐོ་བཞིན། དམར་མདོག་གི་ཟ་འགྲམ་མཆི་མར་དཀུས།
མེ་ཏོག་གི་ཞི་འཇམ་མནབས་པའི་ཁྱེད་ཀྱིས། བོད་རྩག་དེའི་གོང་ཚར་ཕག་ནས་ངོ་ཕྱེད་སྟོན་བཞིན།
སོ་དཀར་ཁོ་ན་ཕྱུང་བ། གནའ་བོའི་ཆང་རྙིང་གི་བསླུ་བྲིད་རུས་ལ་ཐིམ་པ་འདྲ།
ཆུང་འདྲིས་མིན་བཞིན་དུ། ཆུང་འདྲིས་ལྟ་བུའི་བག་ཆགས་ཀྱི་དབྱར་ཁ་བཞེངས་དོན།
འཁྲེང་སེམས་ཁྱེད་ལ་སྐུར་བའི་དེ་རིང་གི་ཡི་གེ་འདིའི་འཕར་ལྡིང་མིན་ན་ཅི་རེད།
ཚོར་བར་གཤོག་པ་བཙུགས་པའི་རྨི་ལམ་གྱི་སྟོང་ཆ་དེའི་མཛེས་སྡུག་མིན་ན་གང་རེད།
བག་ཆགས་དེའི་རྐྱེན་གྱིས། ཁྱོད་ཀྱི་ཕྱོགས་སུ་བསམ་གཞིག་ཡང་ཡང་མནོས། སྐུད་ལམ་སྒེར་ནས་མཐུད།
ཆུང་འདྲིས་མིན་པའི་བག་ཆགས། རྒྱུ་འབྲས་སུ་འཁོར་བའི་མེ་ལོང་ཞིག་གི་ཆག་འཕྲོ་ཡིན་ནམ།
སེམས་གཅོང་མིན་པའི་བག་ཆགས། རྨི་ལམ་ལ་ཕོག་པའི་ལས་དབང་རྒྱལ་མོའི་བཀའ་ཆད་ཡིན་ནམ།
ལྡོག་བཞུར་གྱི་གཙང་བོར་ཅེར་བའི་མིག་ཟུང་ཁྲ་ཁྲ་དེ།
འཇམ་རླུང་གིས་དལ་བུར་སྒུལ་བའི་རྦབ་ཆུ་ནག་པོ་དེ།
རྩག་པའི་གོང་ཚར་ཕག་ནས་འཕངས་པའི་མིག་འོད་ཀྱི་དྭངས་ཤ
ངས་མངོན་སུམ་དུ་མྱོང་བཞིན་པའི་བག་ཆགས་འདིའི་ཕྱེད་ཀ་ཡིན་ནམ།
བདེ་སྐྱིད་དུ་རློམ་བཞིན་པའི་སྡུག་བསྔལ་གྱི་ནམ་མཁའ་ཡིན་ནམ།
ཉི་མར་བཏབ་པའི་དུས་ཆད་མེད་བཞིན་དུ།
ལོ་ཟླ་མཛུབ་མོར་བཀུག མེ་ལོང་ལག་པས་སྐྱོར།
བག་ཆགས་དེའི་དབང་གིས། ཚོར་བའི་ཕྲ་ཕུང་ལ་མེ་ཁ་བསྒོས། སེམས་ཀྱི་ཁ་དོག་ལ་ཚོན་རྩི་བྱུགས།
བག་ཆགས་དེའི་རྐྱེན་གྱིས། གསེར་མདོག་གི་རྨི་ལམ་རི་ནས་སྒུམ་ཞིང་། གསོལ་འདེབས་ཀྱི་རྡེའུ་ལམ་ནས་སྒྲིག
ང་གང་ལ་སོང་སྟེ་ཇི་ལྟར་འགྲེང་ནའང་།
གུ་ཡངས་བའི་ཡུལ་ལྗོངས་ལ་རྣམ་ཤེས་གློན་ཏེ། བག་ཆགས་ཀྱི་ལྷ་མོ། ལྷ་མོའི་མྱོས་བུམ་གྱི་གདོང་ལ་ཏོག་ཙམ་ཁེན་དགོས།
སེམས་ཀྱི་སྐོམ་གདུང་ལ་སྦྱར་བའི་བྱུ་རུའི་མཆུ་སྒྲོས། ལས་ཀྱི་རྣམ་སྨིན་ལ་འཁྲིལ་བའི་ཚེར་མའི་མེ་ཏོག
རབ་ཡིན་ན། བག་ཆགས་ཀྱི་རྨི་ལམ་ནས་ང་སད་ན་མི་འདོད།
འཁྲེང་སེམས་ཀྱི་སྟོན་ཀ་ནས་ང་འགྲོ་ན་མི་འདོད།
ནམ་ཟླའི་ས་བཅུད་རྒས་ཤིང་། ན་ཟླའི་སྐྲ་དཀར་བརྗེ་དུས། ང་ཡང་འཚང་རྒྱ་ཁ་མའི་སྐད་ཅིག་གི་འོད་ལ་འཐིམ་དགོས་ཀྱང་། བག་ཆགས་ཀྱི་ལྷ་མོ་ཞེ་ལ་བཅང་ནས་འཆི་བར་ཞེན།
/༡༡/༤/༡༤/
ཡག་པོ་བྲིས་འདུག