འབྲིང་བ་འཇིགས་མེད།
དང་པོ།
༄༅།། བོད་སྐད་ཀྱི་ཆེན་པོ་དང་ཆེ་བ། ཆུང་ངུ་དང་ཆུང་བ། མཐོན་པོ་(མཐོ་པོ་)དང་མཐོ་བ། དམའ་པོ་དང་དམའ་བ། སྦོམ་པོ་དང་སྦོམ་པ། ཕྲ་མོ་(ཕྲ་བུ་)དང་ཕྲ་བ། རིང་པོ་དང་རིང་བ། ཐུང་ངུ་དང་ཐུང་བ། འཇམ་པོ་དང་འཇམ་པ། རྩུབ་པོ་དང་རྩུབ་པ། མཐུག་པོ་དང་མཐུག་པ། སྲབ་པོ་དང་སྲབ་པ། ལྕི་པོ་དང་ལྕི་བ། ཡང་པོ་དང་ཡང་བ། དཀར་པོ་དང་དཀར་བ། ནག་པོ་དང་ནག་པ། བཟང་པོ་དང་བཟང་བ། ངན་པ། དམ་པོ་དང་དམ་པ། ལྷོད་པོ་དང་ལྷོད་པ། མགྱོགས་པོ་དང་མགྱོགས་པ། དལ་པོ་(དལ་བུ།)དང་དལ་བ། གར་པོ་དང་གར་བ། སླ་པོ་དང་སླ་བ། དཀའ་མོ་དང་དཀའ་བ། ཁག་པོ་དང་ཁག་པ། མང་པོ་དང་མང་བ། ཉུང་ངུ་དང་ཉུང་བ། སྙན་པོ་དང་སྙན་པ། ཞིམ་པོ་དང་ཞིམ་པ། བདེ་པོ་དང་བདེ་བ། སྐྱིད་པོ་དང་སྐྱིད་པ། སྡུག་པོ་དང་སྡུག་པ། ཟབ་པོ་དང་ཟབ་པ། གསལ་པོ་དང་གསལ་བ། དྲང་པོ་དང་དྲང་བ། ཞེས་སོགས་ཀྱི་སྒྲ་འདི་རིགས་ནི་བྱ་དངོས་གང་ཞིག་ཆེ་ཆུང་མཐོ་དམའ་སོགས་ཀྱི་ཁྱད་ཆོས་དང་ལྡན་པར་སྟོན་པའི་སྒྲ་ཡིན་ལ། ཆེན་པོ་དང་ཆེ་བ། ཆུང་ངུ་དང་ཆུང་བ། མཐོན་པོ་དང་མཐོ་བ་སོགས་ཁྱད་ཚིག་སོ་སོའི་མིང་མཐའ་དབྱངས་ལྡན་ཡིན་མིན་གཉིས་ནི་དོན་ཕལ་ཆེར་འདྲ་ནའང་སྦྱོར་ཚུལ་ལ་ཁྱད་པར་ཕྲན་བུ་ཡོད་དེ། དཔེར་ན། རི་མཐོན་པོ་ཞིག་གཡས་ན་ཡོད། རི་དམའ་པོ་ཞིག་གཡོན་ན་ཡོད། རི་མཐོན་པོ་དེ་བྲག་རི་ཡིན། རི་དམའ་པོ་དེ་སྤང་རི་ཡིན། ཡང་ན། རི་མཐོ་བ་དེ་བྲག་རི་ཡིན། རི་དམའ་བ་དེ་སྤང་རི་ཡིན། ཞེས་དང་། མཐོ་བའི་རི། དམའ་བའི་མཚོ། ཞེས་པ་ལྟ་བུས་མཚོན་ནོ།།
སྤྱིར་ཆེན་པོ་དང་མཐོ་པོ། ཆེ་བ་དང་ཆུང་བ་སོགས་ཀྱི་པ་བའི་སྒྲ་འདི་དག་ནི་བདག་སྒྲའི་རིགས་སུ་གཏོགས་ཏེ། དཔེར་ན། བུ་སྤུན་གཉིས་ལས་ཆེ་བ་པོ་འདི་རེད། ཆུང་བ་པོ་དེ་རེད། རི་དེ་གཉིས་ལས་མཐོ་བ་པོ་གང་རེད། དམའ་བ་པོ་གང་རེད། ཀ་བ་འདི་དག་ལས་སྦོམ་པ་པོ་འདི་རེད། ཕྲ་བ་པོ་དེ་རེད། མཛུ་གུ་ལྔ་ལས་རིང་བ་པོ་གང་དང་ཐུང་བ་པོ་གང་རེད། ཅེས་པ་ལྟ་བུའི་ཆེ་བ་པོ་སོགས་ཀྱིས་ཆེ་ཆུང་སོགས་ཀྱི་ཁྱད་ཆོས་དང་ལྡན་མཁན་གྱི་གང་ཟག་གམ་དངོས་པོ་དེ་སྟོན་པས་བདག་སྒྲའི་རིགས་སུ་གཏོགས་མོད། འོན་ཀྱང་ངག་ནས་བརྗོད་པའི་ཚེ་ཅུང་ཟད་མགྱོགས་པོར་བརྗོད་པའི་དབང་གིས་སོ་སོའི་སྒྲའི་ཆ་ཤས་པོ་དང་བ་གཉིས་ཀའི་སྒྲ་ཟུར་ཕྱིན་པ་སོ་སོར་མི་འབྱུང་བར་གཉིས་ཀ་སྒྲ་གཅིག་ཏུ་འདྲེས་པ་ལྟ་བུས། སྐབས་རེར་བ་སྒྲའམ་པ་སྒྲ་མེད་ལ་པོ་སྒྲ་ཡོད་པ་དང་སྐབས་རེར་དེ་ལས་ལྡོག་པ་བཅས་སྒྲ་ཐོན་ཚུལ་གཉིས་ཆགས་ཏེ། ཆེ་པོ་དང་ཆེ་བ། ཆུང་པོ་དང་ཆུང་བ། མཐོ་པོ་དང་མཐོ་བ། དམའ་པོ་དང་དམའ་བ། སྦོམ་པོ་དང་སྦོམ་པ། རིང་པོ་དང་རིང་བ། ཐུང་པོ་དང་ཐུང་བ་ཞེས་སོགས་དོན་འདྲ་ལ་ཚིག་མི་འདྲ་བ་གཉིས་རེ་བྱུང་བ་དང་། ཆེ་པོ་དང་། ཆུང་པོ། ཐུང་པོ་སོགས་སུ་འབྲི་སྲོལ་མ་དར་ནའང་བརྗོད་སྲོལ་ཡོད་པ་འདྲ་སྟེ། ཨམ་སྐད་དུ་མཐཱོ་བོ། དམཱའ་བོ། ཆཱེ་བོ། ཆཱུང་བོ། རཱིང་བོ། ཐཱུང་བོ་(བོད་ཡིག་ལ་འདི་ལྟར་འབྲི་སྲོལ་མེད་ནའང་སྒྲ་ཅུང་མི་འདྲ་ཙམ་ཡིན་པ་མཚོན་ཆེད་འདི་ལྟར་བྲིས།)ཞེས་སོགས་སྒྲ་གདངས་རིང་ཆ་ཅན་ལྟ་བུར་ཁ་ཅུང་ཟད་གདངས་པའི་རྣམ་པ་ཅན་དུ་འབྱུང་བས་མཚོན་ལ། སྒྲ་གདངས་དེ་ལྟར་འབྱུང་བ་ནི་མཐོ་བ་པོ་སོགས་ཀྱི་བར་གྱི་བ་སྒྲ་དེ་མི་གསལ་བའི་ཚུལ་དུ་ཡོད་པའི་རྒྱུ་མཚན་གྱིས་ཡིན། མཐོ་པོ་ལ་མཐོན་པོ་དང་ཆེ་པོ་ལ་ཆེན་པོ་ཞེས་རྗེས་འཇུག་ན་སྦྱར་བ་ནི་སྔ་མ་གཉིས་ཡུལ་སྐད་ཀྱི་ཁྱད་པར་ཙམ་དང་ཕྱི་མ་གཉིས་དོན་གྱི་ཐོབ་ཚུལ་ཅུང་མི་འདྲ་ཞིང་། ཆེན་པོ་ལ་བརྡ་རྙིང་དུ་ཆེད་པོ་ཞེས་ཀྱང་འབྱུང་།
གཞན་ཡང་། བྱེད་པ་པོ་ལ་བྱེད་པོ་དང་། ཟ་བ་པོ་ལ་ཟ་པོ་ཞེས་འབྲི་བ་ལྟར། མཐོ་བ་པོ་ལ་མཐོ་པོ་དང་དམའ་བ་པོ་ལ་དམའ་པོ་སོགས་སུ་འབྲི་སྲོལ་དང་བརྗོད་སྲོལ་ཆགས་པའང་ཡིན་སྲིད་པས། རི་མཐོ་པོ་དང་དམའ་པོ་སོགས་ནི་བདག་ཕྲད་པོ་སྒྲ་དངོས་སུ་གསལ་བའི་རིགས་དང་། རི་མཐོ་བ་དང་དམའ་བ་སོགས་ནི་བདག་ཕྲད་པོ་སྒྲ་བསྡུས་པའི་རྗེས་ཙམ་ཡིན་ཞེས་སྨྲས་ཀྱང་རུང་ངམ་སྙམ་མོད། འོན་ཀྱང་མཐོ་བ་པོའམ་མཐོ་པོ་(མཐཱོ་བོ)སོགས་ཀྱི་སྒྲ་འདི་རིགས་ངག་ནས་བརྗོད་ཚེ་བདག་སྒྲའི་རྣམ་པར་འབྱུང་བ་མ་གཏོགས་གཞུང་ལུགས་ཀྱི་ཁྲོད་དུ་འདི་རིགས་ལ་བདག་སྒྲའི་དོན་བཤད་སྲོལ་ཕལ་ཆེར་མེད་ལ་བདག་སྒྲ་ཅན་དུ་འབྲི་སྲོལ་ཡང་ཕལ་ཆེར་མེད་པ་ལྟ་བུར་སྣང་སྟེ་དཔྱད་དགོས་སོ། །
ཁྱད་ཚིག་དེ་དག་ལས་ཁག་ཅིག་ལ་པོ་དང་མོ་གཉིས་ཀ་སྦྱར་བ་ཡོད་དེ། ཆེན་པོ་དང་ཆེན་མོ། དམའ་པོ་དང་དམའ་མོ། རིང་པོ་དང་རིང་མོ། རྩུབ་པོ་དང་རྩུབ་མོ། སྲབ་པོ་དང་སྲབ་མོ། ལྕི་པོ་དང་ལྕི་མོ། ཡང་པོ་དང་ཡང་མོ། དཀར་པོ་དང་དཀར་མོ། ནག་པོ་དང་ནག་མོ། བཟང་པོ་དང་བཟང་མོ། དལ་པོ་དང་དལ་མོ། སླ་པོ་དང་སླ་མོ། སྙན་པོ་དང་སྙན་མོ། བདེ་པོ་དང་བདེ་མོ། ཟབ་པོ་དང་ཟབ་མོ། དྲང་པོ་དང་དྲང་མོ་ཞེས་སོགས་འབྱུང་བ་དེ་དག་ལས། ཁང་པ་དམའ་པོའམ་དམའ་མོ། གོས་སྲབ་པོའམ་སྲབ་མོ། ཁུར་ལྕི་པོའམ་ལྕི་མོ། ཁུར་ཡང་པོའམ་ཡང་མོ། ཐུག་པ་སླ་པོའམ་སླ་མོ། ལས་སླ་པོའམ་སླ་མོ། ཚིག་རྩུབ་པོའམ་རྩུབ་མོ། དོན་ཟབ་པོའམ་ཟབ་མོ། དབྱངས་སྙན་པོའམ་སྙན་མོ། ལག་བདེ་པོའམ་བདེ་མོ། གཟུགས་དྲང་པོའམ་དྲང་མོ། འགྲོས་དལ་པོའམ་དལ་མོ་སོགས་ནི་བརྗོད་གང་བདེའི་ཁྱད་པར་ཙམ་ལས་དོན་ལ་ཁྱད་པར་མེད་པ་ལྟ་བུ་དང་། འཇམ་དབྱངས་དཀར་པོ་དང་དབྱངས་ཅན་མ་དཀར་མོ། ནོར་བུ་བཟང་པོ་དང་འགྲོ་བ་བཟང་མོ་ཞེས་པ་ལྟ་བུ་ནི་ཕོ་མོའི་ཁྱད་པར་སྟོན་པ་དང་། དར་དཀར་རིང་པོ་དང་དར་དཀར་རིང་མོ། གཡུ་མཚོ་སྔོན་པོ་དང་གཡུ་མཚོ་སྔོན་མོ(སྔོ་མོ)། གཡང་སྡེ་ཕྱུག་པོ་དང་གཡང་སྡེ་ཕྱུག་མོ། སློབ་དཔོན་ཆེན་པོ་དང་སློབ་དཔོན་ཆེན་མོ། སློབ་གྲྭ་ཆེན་པོ་དང་སློབ་གྲྭ་ཆེན་མོ་ཞེས་པ་སོགས་ནི་འགྲེལ་བཤད་དང་མིང་གི་ཁྱད་པར་ཏེ་སྔ་མ་རྣམས་འགྲེལ་བཤད་ཀྱི་ཚུལ་དང་ཕྱི་མ་རྣམས་མིང་གི་ཚུལ་དུ་གྲུབ་པར་མ་ཟད། ཕྱི་མ་རྣམས་ལ་ཚིག་རྒྱན་གྱི་ཉམས་ཀྱང་ཅུང་ཟད་ལྡན། དེའང་སློབ་དཔོན་ཆེན་པོ་ཞེས་པ་སོགས་ནི་དཔེར་ན། སློབ་དཔོན་ཆེན་པོ་ཕྱོགས་ཀྱི་གླང་པོ་དང་སློབ་དཔོན་ཆེན་མོ་དོར་ཞི་རིན་པོ་ཆེ་ཞེས་པ་ལྟ་བུའི་སྔ་མ་ནི་རྒྱ་གར་གྱི་སློབ་དཔོན་(སྐབས་འདིའི་སློབ་དཔོན་ཞེས་པ་ནི་རྒྱ་གར་སྐད་ཀྱི་ཨཱ་ཅརྱ་ཞེས་པའི་དོན་ནོ།)ནམ་མཁས་པ་ཆེན་པོ་ཞིག་ཡིན་པའི་འགྲེལ་བཤད་དང་། ཕྱི་མ་ནི་དགེ་རྒན་ཆེན་མོའི་མཚན་གནས་(སློབ་དཔོན་ཆེན་མོའམ་དགེ་རྒན་ཆེན་མོ་ཞེས་པ་ནི་དབྱིན་སྐད་ professor རྒྱ་སྐད་教授 ཞེས་པའི་དོན་ནོ།) དང་ལྡན་པར་སྟོན་པ་ལྟ་བུ་སྟེ། ཕྱི་མ་འདི་ལ་སློབ་དཔོན་ཆེ་མོ་པའམ་དགེ་རྒན་ཆེ་མོ་པ་ཞེས་འབྲི་བའང་ཡོད། དེ་བཞིན་དུ། དཔེར་ན། གཡུ་མཚོའི་ཤར་དུ་སློབ་གྲྭ་ཆེན་པོ་ཞིག་ཡོད། འོན་ཀྱང་དེ་འབྲིང་རིམ་སློབ་གྲྭ་ཞིག་ཡིན་པ་ལས་སློབ་གྲྭ་ཆེན་མོ་ཞིག་མིན་ཞེས་པའམ། དེ་གཡུ་མཚོ་སློབ་གྲྭ་ཆེན་མོ་ཞེས་པ་དེ་མིན། གཡུ་མཚོ་སློབ་གྲྭ་ཆེན་མོ་ནི་མཚོ་དེའི་ནུབ་ཕྱོགས་སུ་ཡོད། ཅེས་པ་ལྟ་བུའི་ཚེ་སློབ་གྲྭ་ཆེན་པོ་ཞེས་པ་ནི་སློབ་གྲྭ་དེ་གཞི་རྒྱ་ཆེན་པོ་ཡིན་པའི་འགྲེལ་བཤད་ཀྱི་ཚུལ་དང་། སློབ་གྲྭ་ཆེན་མོ་ཞེས་པ་ནི་སློབ་སྦྱོང་གི་གནས་རིམ་མཐོ་བའི་མིང་ངམ་ཡང་ན་སློབ་གྲྭ་དེའི་མིང་གི་ཚུལ་དུ་འགྲོ་བ་ལྟ་བུ་སོགས་སྒྲ་དོན་གཉིས་ཆ་ནས་མི་འདྲ་སྟེ་འོག་ཏུ་འཆད་དོ། ། གཞན་ཡང་། ཁ་བོ་ཆེ། སྣ་བོ་ཆེ། མགོ་བོ་ཆེ། རྔ་བོ་ཆེ། གྲུ་བོ་ཆེ། རི་བོ་ཆེ། གླང་པོ་ཆེ། ལམ་པོ་ཆེ། སྒོ་མོ་ཆེ། དར་མོ་ཆེ། ཟངས་མོ་ཆེ་ཞེས་པ་སོགས་ཀྱི་པོ་བོ་མོ་རྣམས་ནི་བདག་སྒྲའམ་ཕོ་མོའི་ཁྱད་པར་སྟོན་བྱེད་སོགས་མིན་པར་ཆེ་བའི་ཚུལ་ཚིག་ཉམས་དང་ལྡན་པའི་སྒོ་ནས་སྟོན་པའི་ཡན་ལག་ཙམ་མོ། །
གཉིས་པ།
བོད་སྐད་དུ་ཆེན་པོ་དང་ཆེན་མོ་སྦྱར་སྲོལ་རྒྱུན་འཇགས་སུ་གྱུར་ཟིན་པའི་ཐ་སྙད་ཁག་ཅིག་འདིར་དེ་གཉིས་ཇི་ལྟར་སྦྱོར་ཚུལ་གྱི་དཔེ་མཚོན་ལྟ་བུར་བཀོད་ན། ཆེན་པོ་སྦྱར་བ་ནི། ཕོ་བྲང་ཆེན་པོ། དཀྱིལ་འཁོར་ཆེན་པོ། གདན་ས་ཆེན་པོ། ཆོས་སྡེ་ཆེན་པོ། གྲོང་ཁྱེར་ཆེན་པོ། བོད་ཆེན་པོ། ཆུ་བོ་ཆེན་པོ། དུར་ཁྲོད་ཆེན་པོ་སོགས་ཡུལ་ལམ་གནས་ལ་སྦྱར་བ་དང་། རྒྱལ་པོ་ཆེན་པོ། མཁས་པ་ཆེན་པོ། ཤིང་རྟ་ཆེན་པོ། པཎྜི་ཏ་ཆེན་པོ། ལོ་ཙཱ་པ་ཆེན་པོ། སློབ་དཔོན་ཆེན་པོ། དགེ་བའི་བཤེས་གཉེན་ཆེན་པོ། སྐྱབས་མགོན་ཆེན་པོ། མགོན་པོ་ཆེན་པོ། འདྲེན་པ་ཆེན་པོ། སེམས་དཔའ་ཆེན་པོ། བདག་ཉིད་ཆེན་པོ། རྗེ་ཙོང་ཁ་པ་ཆེན་པོ་སོགས་གང་ཟག་ལ་སྦྱར་བ་དང་། ཐེག་པ་ཆེན་པོ། སྙིང་རྗེ་ཆེན་པོ། རྫོགས་པ་ཆེན་པོ། ཕྱག་རྒྱ་ཆེན་པོ། དབུ་མ་ཆེན་པོ། བདེ་བ་ཆེན་པོ། དགའ་བ་ཆེན་པོ། འཇིགས་པ་ཆེན་པོ་སོགས་ལམ་མམ་རྟོགས་པ་སོགས་ལ་སྦྱར་བ་ལྟ་བུའོ། །
ཆེན་མོ་སྦྱར་བ་ནི། གཞུང་ཆེན་མོ། སྤྱོད་འཇུག་ཆེན་མོ། ལམ་རིམ་ཆེན་མོ། སྔགས་རིམ་ཆེན་མོ། ལྷག་མཐོང་ཆེན་མོ། མཐའ་དཔྱོད་ཆེན་མོ། གྲུབ་མཐའ་ཆེན་མོ། བཅའ་ཡིག་ཆེན་མོ། བསྙེན་ཡིག་ཆེན་མོ། གསན་ཡིག་ཆེན་མོ། རྣམ་ཐར་ཆེན་མོ། ལོ་རྒྱུས་ཆེན་མོ། དཀར་ཆག་ཆེན་མོ། ཚིག་མཛོད་ཆེན་མོ་སོགས་གཞུང་ངམ་བསྟན་བཅོས་ལ་སྦྱར་བ་དང་། སློབ་དཔོན་ཆེན་མོ། དགེ་རྒན་ཆེན་མོ། དྲུང་ཡིག་ཆེན་མོ། དབུ་མཛད་ཆེན་མོ། མགྲོན་གཉེར་ཆེན་མོ། ན་བཟའ་ཆེན་མོ། མ་བྱན་ཆེན་མོ། དམག་སྤྱི་ཆེན་མོ་སོགས་གང་ཟག་གམ་ཡང་ན་ལས་གནས་ལ་སྦྱར་བ་དང་། ཆོ་འཕྲུལ་སྨོན་ལམ་ཆེན་མོ། ཚོགས་མཆོད་ཆེན་མོ། དགའ་ལྡན་ལྔ་མཆོད་ཆེན་མོ། སྒྲུབ་མཆོད་ཆེན་མོ། གདུང་མཆོད་ཆེན་མོ། ཞབས་བརྟན་ཆེན་མོ། རབ་གནས་ཆེན་མོ། དཔྱིད་ཆོས་ཆེན་མོ། དབྱར་ཆོས་ཆེན་མོ། སྟོན་ཆོས་ཆེན་མོ། དགུན་ཆོས་ཆེན་མོ། རྒྱུགས་སྤྲོད་ཆེན་མོ། དམ་བཅའ་ཆེན་མོ། བགྲོ་གླེང་ཆེན་མོ། ཚོགས་འདུ་ཆེན་མོ། དགྱེས་འཛོམས་ཆེན་མོ། གཡུལ་འགྱེད་ཆེན་མོ། རྩེད་འགྲན་ཆེན་མོ་སོགས་བྱ་བའམ་བྱེད་སྒོ་ལ་སྦྱར་བ་དང་། བྱམས་སྐུ་ཆེན་མོ། གོས་སྐུ་ཆེན་མོ། མཆོད་རྟེན་ཆེན་མོ། གསེར་སྡོང་ཆེན་མོ། བཞུགས་ཁྲི་ཆེན་མོ་སོགས་རྟེན་ནམ་དངོས་པོ་ལ་སྦྱར་བ་དང་། གཟིམ་གུར་ཆེན་མོ། བདེ་ཡངས་ཆེན་མོ། འདུ་ཁང་ཆེན་མོ། ཚོགས་ཁང་ཆེན་མོ། མགྲོན་ཁང་ཆེན་མོ། ཐོག་ཁང་ཆེན་མོ། སློབ་གྲྭ་ཆེན་མོ(སློབ་སྦྱོང་གི་གནས་རིམ་ལའང་གོ)། རྩྭ་ཐང་ཆེན་མོ་སོགས་གནས་སམ་ཡུལ་ལ་སྦྱར་བ་ལྟ་བུའོ། །
དཔེ་མཚོན་དེ་དག་གི་སྟེང་ནས་ཆེན་པོ་དང་ཆེན་མོ་ཞེས་པའི་ཚིག་འདི་གཉིས་གཞི་གང་དང་གང་ལ་ཇི་ལྟར་སྦྱོར་བའི་ཚུལ་རགས་ཙམ་ཤེས་ནུས་ཤིང་། དེ་དག་ལས་རེ་ཟུང་མ་གཏོགས་ཕལ་ཆེ་བར་ཆེན་པོ་དང་ཆེན་མོ་གང་སྦྱར་བ་དེ་ཀ་རང་དུ་ངེས་པ་ཅན་ཡིན་པས་དེ་གཉིས་གོ་བརྗེས་ནས་སྦྱར་མི་རུང་སྟེ། དེའི་རྒྱུ་མཚན་ནི། མཁས་དབང་ཚེ་ཏན་ཞབས་དྲུང་གིས། མདོར་ན་ཆེ་དང་། ཆེ་བ། ཆེ་བོ། ཆེན་པོ། ཆེན་མོ་ལྔ་ནི་བོད་རང་སྐད་ལྟར་ན་གང་ལ་སྦྱར་ས་དང་ཐོབ་ཚུལ་མི་འདྲ། མིང་གི་ཆ་ཤས་ལྟར་དུ་རྗོད་པ་དང་འགྲེལ་བཤད་བྱེད་པའི་ཚུལ་ལྟར་དུ་རྗོད་པ་གཉིས་མི་འདྲ། གང་བརྗོད་བདེ་དང་གང་བརྗོད་བདེ་མ་ཡིན་པའི་ཁྱད་པར་མི་འདྲ། གང་ངག་ཐོག་ཏུ་རྗོད་པ་དང་གང་ཡིག་ཐོག་ཏུ་འབྲི་བ་གཉིས་ཀྱི་ཁྱད་པར་མི་འདྲ། ཡི་གེ་ལ་མང་ཉུང་མེད་ཀྱང་ཚེག་གི་བར་ནས་སྐད་གདངས་ཀྱིས་ཡར་གཅོད་དང་མར་གཅོད་མི་འདྲ། རིག་རྟུལ་བླུན་པོ་རྗོད་པ་ལྡབ་ལྡིབ་ཅན་གྱི་ངག་དང་སྐྱེས་སྦྱངས་ཀྱི་ཡོན་ཏན་ལྡན་ཞིང་སྨྲ་རྗོད་རྣམ་དག་མཁས་པའི་ངག་གི་རྗོད་པ་གཉིས་མི་འདྲ་བ་རྣམས་ནི་ཐོག་མར་ཤེས་དགོས་པའི་གནད་དམ་པ་ཡིན་ནོ། །ཞེས་གསུངས་པ་ལྟར་ཡིན་པས། སྐབས་ཐོབ་ཀྱི་རྒྱུ་མཚན་ལ་དཔྱད་ནས་སྦྱོར་ཚུལ་མ་ནོར་བ་གལ་ཆེའོ།།
སྐབས་ཐོབ་ཀྱི་རྒྱུ་མཚན་མ་ཤེས་པར་གང་བྱུང་དུ་སྦྱར་ཚེ་རང་ཉིད་བོད་བརྡ་ལ་མ་བྱང་བའི་དེ་ཉིད་སྟོན་པ་ཙམ་དུ་མ་ཟད། བོད་སྐད་ཀྱི་ཁྱད་ཆོས་ལའང་དཔྱས་གདགས་པའི་རྐྱེན་དུ་འགྲོ་བའི་གནས་ཚུལ་སྔར་ཡང་བྱུང་མྱོང་ཡོད་དེ། ཨ་ལག་ཤ་བསྟན་དར་ལྷ་རམས་པས། སྙིང་ཁམ་ཆེན་པོ། ལམ་ཆེན་པོ་ཞེས་བརྗོད་བཞིན་དུ་ལམ་རིམ་ཆེན་མོ། སྨོན་ལམ་ཆེན་མོ་ཞེས་འབོད་པ་ནི་རྒྱུ་མཚན་གཞན་དག་དགོད་རྒྱུ་ཡོད་ན་ལེགས་ཤིང་མེད་ན་བོད་སྐད་རང་ལ་ཡིད་རྟོན་དཀའོ་སྙམ་དུ་བདག་དོགས་སོ།། ཞེས་གསུངས་མྱོང་ཞིང་། དེ་ལ་མཁས་དབང་ཚེ་ཏན་ཞབས་དྲུང་གིས། དེ་ལྟར་བཤད་པས་ནི་བསིལ་ལྡན་སཱ་ལའི་ལྗོངས་ཀྱི་སྐད་བརྡ་དང་ཐ་སྙད་མིང་འདོགས་ཀྱི་ཚུལ་ལ་རྟགས་མཚུངས་དང་བརྗོད་བདེའི་ཁྱད་པར་རྣམས་ཀུ་ཤུའི་རྩེ་ལྟར་མ་འདྲེས་པར་འབྱེད་ནུས་པའི་སྤོབས་པ་ཞན་པའི་དེ་ཉིད་སྟོན་པར་སྣང་སྟེ། ཞེས་དགག་པ་མཛད་ཡོད་པ་དང་། ཆེན་པོ་དང་ཆེན་མོའི་ཁྱད་པར་ལ་ཁོང་གིས། ཕྱིན་ཅི་ལོག་གི་ཕྱོགས་ལ་སྙིང་དཔའ་ཞིང་ལོག་རྟོག་ཁྱུར་མིད་བྱེད་པའི་ཟ་ཁམ་ཆེན་པོ་ཅན་ལ་སྙིང་ཁམ་ཆེན་པོ་ཞེས་འགྲེལ་བཤད་ཀྱི་སྒོ་ནས་མིང་བཏགས་པ་དང་། རྗེ་ཙོང་ཁ་པའི་གསུང་ན་ལམ་རིམ་རྒྱས་འབྲིང་བསྡུས་གསུམ་ཡོད་པ་ལས་རྒྱས་པ་ལ་བལྟོས་ས་བལྟོས་འཇོག་གི་སྒོ་ནས་ལམ་རིམ་ཆེ་བའམ་ལམ་རིམ་ཆེན་མོ་ཞེས་པ་ནི་བོངས་ཚོད་ཆེ་བ་ཙམ་གྱི་སྒོ་ནས་བཏགས་པ་མ་ཡིན་པར་བརྗོད་བྱ་ཟབ་ཅིང་རྒྱ་ཆེ་བའི་ཐད་ནས་བརྗོད་བདེ་དང་མིང་གི་བཟོ་ལྟ་གྲུབ་པའི་སྒོ་ནས་མཚན་བཏགས་པ་ཡིན་ནོ། །དེ་མ་ཡིན་པར་ལམ་རིམ་ཆེ་བོ་དང་། ལམ་རིམ་ཆེན་པོ་ཞེས་སྨྲས་ན་མིང་གི་བཟོ་ལྟ་དང་བྲལ་ནས་འགྲེལ་བཤད་ཀྱི་ཚུལ་དུ་ཡོད་པ་ནི་བོད་བརྡ་ལ་བྱང་བ་ཞིག་ཡིན་ན་མང་དུ་སྨྲ་ཅི་དགོས། ཞེས་གསུངས། གསེར་ཏོག་བློ་བཟང་ཚུལ་ཁྲིམས་ཀྱིས་ཀྱང་། ཆེན་པོ་ཞེས་པ་ཆེ་བ་སོགས་དོན་དུ་མར་འཇུག་ཀྱང་། ལམ་རིམ་ཆེན་མོ། སྨོན་ལམ་ཆེན་མོ་ཞེས་པ་སྒོས་ཀྱི་མིང་གཞན་འགྲུབ་ཆེད་མ་ནིང་གིས་མིང་མཐའི་ཆ་ཤས་སུ་འགྱུར་བའི་མོ་ཡིག་སྒྲ་མཚུངས་སུ་དྲངས་པ་ཡིན་ནོ། ཞེས་གསུངས།
སྤྱིར་མིང་དང་འགྲེལ་བཤད་གཉིས་ཀྱི་ཁྱད་པར་ནི་སི་ཏུའི་འགྲེལ་ཆེན་ལས། བདེ་བ་ཅན་ལྟ་བུ་ཕྲད་ཀྱི་མཐའ་ཡིན་ཡང་ཞིང་ཁམས་ཀྱི་མིང་དུ་བྱེད་པའི་ཚེ་དོན་གྱི་ངོ་བོ་སྟོན་པའི་ཆ་ནས་མིང་ཡིན་ཞིང་། བདེ་བ་དང་ལྡན་པ་ཙམ་བརྗོད་རྒྱུ་ཡིན་ན་དོན་གྱི་ཁྱད་པར་སྟོན་བྱེད་ཡིན་པས་ཚིག་ཏུ་འགྱུར་ཏེ་སྐབས་ཐོབ་ཀྱིས་ཤེས་པར་བྱའོ། ། ཞེས་གསལ་བར་གསུངས་པ་ལྟར་རོ། །
མཁས་པའི་གསུང་དེ་དག་གི་སྙིང་པོ་མདོར་དྲིལ་ན། ཆེན་པོ་ཞེས་སྦྱར་ཚེ་སྦྱར་ཡུལ་དེ་གཞི་ཁྱོན་ནམ་བོངས་ཚོད་དམ་ཡོན་ཏན་སོགས་ཀྱི་ཆ་ནས་ཆེན་པོ་ཞིག་ཡིན་པའི་འགྲེལ་བཤད་དུ་འགྲོ་བ་སྟེ་ཚིག་ཏུ་འགྱུར་བ་དང་། ཆེན་མོ་ཞེས་སྦྱར་ཚེ་སྦྱར་ཡུལ་དེའི་འགྲེལ་བཤད་མིན་པར་མིང་གི་ཚུལ་དུ་འགྲོ་བ་སྟེ། དེའང་སྦྱར་ཡུལ་དེ་གཞི་ཁྱོན་སོགས་ཀྱི་ཆ་ནས་ཆེན་པོ་ཞིག་ཡིན་པ་ཙམ་དུ་མ་ཟད། རང་གི་རིགས་སམ་སྡེ་ཚན་དེའི་ཁྲོད་ཀྱི་ཆེ་ཤོས་སུ་གྱུར་པས་ཆེ་བའི་ཁྱད་ཆོས་དེ་ཁྱད་གཞི་རང་དང་ངོ་བོ་གཅིག་ལྟ་བུར་སྦྱར་ཏེ་ཁྱད་གཞི་ཁྱད་ཆོས་གཉིས་ཀའི་སྒྲའང་གཅིག་ཏུ་འདུས་ནས་མིང་གཅིག་གི་ཚུལ་དུ་འགྱུར་བ་ཡིན་ནོ། །འདིའང་ཆེན་པོ་དང་ཆེན་མོ་གཉིས་ཀྱི་སྤྱི་ཡོངས་ཀྱི་ཁྱད་པར་ཙམ་ལས་རྣམ་པ་ཀུན་ཏུ་ཚུལ་འདི་ཁོ་ནར་ངེས་པའང་མིན་ཏེ། དཔེར་ན་སྙིང་རྗེ་ཆེན་པོ་ཞེས་བརྗོད་ཚེ་སྙིང་རྗེ་དེ་བརྩེ་སེམས་གཞན་ལས་རྒྱ་ཆེ་བ་ཞིག་ཡིན་པའི་འགྲེལ་བཤད་ཀྱི་ཚིག་ཏུ་འགྲོ་བ་དང་། ཡང་སྙིང་རྗེ་ཆེན་པོ་རང་གི་ངོ་བོ་ཙམ་སྟོན་པའི་མིང་དུ་འགྲོ་བའི་སྐབས་གཉིས་ཀ་ཡོད་པ་ལྟ་བུ་ཡིན་ལ། འོན་ཀྱང་སྙིང་རྗེ་ཆེན་མོ་ཞེས་འབྲི་སྲོལ་དང་བརྗོད་སྲོལ་ནི་མེད་དེ་གཞན་རྣམས་ལའང་རིགས་འགྲེ། དེས་ན་གོང་དུ་མཁས་དབང་ཚེ་ཏན་ཞབས་དྲུང་གིས་གསུངས་པ་ལྟར་བོད་བརྡ་ལ་བྱང་བ་ཞིག་ཡིན་ན་མང་དུ་སྨྲ་ཅི་དགོས་ཏེ་མི་དགོས་ཀྱང་། བོད་བརྡ་ལ་མ་བྱང་བའི་སྐྱེ་བོ་རྣམས་ལ་ནི་འདི་དང་འདི་ལྟ་བུ་དག་ཀྱང་ངོ་སྤྲོད་བྱེད་གལ་ཆེ་བར་མཐོང་ནས་རགས་ཙམ་བྲིས་པའོ། །
འབྲིང་བ་འཇིགས་མེད་ཀྱིས། ༢༠༢༡།༢།༧
རྩོམ་ཉི་མ་ཤར་བ་འདྲ་ཞིག་བྲིས་འདུག
དེ་དེ་བཞིན་ནོ།། ཞིབ་ཀྱིས་བཀླགས་ཟིན། གུས་བརྩི་ཞུ་ཡུལ་མཁས་པ་ཁྱེད་ཀྱི་ལེགས་བཤད་དག་ལས་བློ་སྐྱེད་མང་དུ་ལེན་བཞིན་ཡོད་ལགས། ཐུགས་རྗེ་ཆེ་ཞུ།
མཁས་དབང་བེ་རི་འཇིགས་མེད་ལགས་ཀྱིས་བརྩམས་པའི་ལེགས་བཤད་འདི་ལ་མངོན་པར་བསྟོད་དོ། དབྱིན་སྐད་ཀྱི་བརྡ་སྤྲོད་ལའང་མིང་གི་རྣམ་གྲངས་nounsདང་ཁྱད་ཚིག་adjectives་རྣམ་གྲངས་ཀྱི་རྣམ་གཞག་རྒྱས་པོ་ཡོད། ཡང་། ཐུགས་སྣང་གནང་ཡོད་ངེས་ལས། ས་སྐྱ་པའི་བླ་མ་པད་མ་དབང་གྲགས་ལགས་ཀྱིས་ལོ་མང་ནས་ངལ་བ་ཆེན་པོས་བོད་ཀྱི་སྐད་བརྡར་གསར་གཏོད་ཕྱོགས་བསྒྲིགས་གང་ལེགས་མཛད་འདུག་པ། རྒྱས་པར་གཟིགས་འདོད་ན་གཤམ་གྱི་ཐོག་འདི་ན་འདུག་པས་མཁས་པ་རྣམ་པའི་རྣམ་དཔྱོད་ཡངས་པོས་དཔྱད་པར་འཚལ། http://www.vikramasila.org Pema Tsa’l Tibetan Language
https://mailattachment.googleusercontent.com/attachment/u/0/s/?view=att&th=1769ad51a54a3e9d&attid=0.3&disp=attd&realattid=f_kj4ibjcb3&safe=1&zw&saddbat=ANGjdJ9BWbwhKJfkVrMDTUUJxzzLSQyfIjwRKrACslhXyupNb3scwGmPyQBKQ8OuIYsIJACZIu0xXs8htgbi_C2Lkkzz7fCp5pe_MZRMNBXDM_xE0SG0xS71Qbz_-dWPdkuso7tak4J5ll32K7y-39LhCkybD7MFHYDwoTBtKpdvP4hILektQd8nC342cXbKKHy6RpMkz9OREXiVUXAmfm5RrMl_ubo8TtjN-WwaZLU46LdXkHyaEIU8t_ZOHenqCzNv886HRWeVVqS-jJQqTuZIZIKS_VSDnXcD9GIyb8w6dXUl3XaiTXAwYZcQZKsEeIX10M4hUhKV2nRCWkcP5HXTRZi3Ru4QhG_H3VVSI4nUroWDwgZCG8QNS_4UqqHV1PZ26g-yESGDBCxSlH5nzTOHt9gwyJ-IqlCAbRl3BXy02zas3wptDq56RxxO_E9NA-AdghK3ZizO9w1_NeZe6aIVWEu4UIyI6S0IFgnA_wVYXH7L11BGsgdqvz7CiqP3rdjetaKP-PfYpVNDQlAX1eFY0PrNnCphrCZGBjmuAAZFLEwB4nMKPE-fvqpUyNrRuZ5Ga3JVUvqB-lDuPE4gIhmdlKeuokoceIS30wO3IWuYPQ89BmNGBrTD08JCL_6OmN3JMDVo6JiSkgIf0Td7ajMHepnsVU1hct-SwrakBkpwO6pB8Ooe7bTCwkFKl5c
གལ་ཏེ་གོང་གི་སྦྲེལ་ཐག་དེ་གཟིགས་མི་བདེ་བར་གྱུར་ན། བླ་མ་པད་མ་ལགས་སུ་ཐད་ཀར་ lwangdak93@gmail.com བརྒྱུད་འབྲེལ་བ་གནང་ན་ཆ་ཚང་གནང་གི་རེད།