རྫ་ཚེ་རིང་བཀྲ་ཤིས།
ཡུན་རིང་ཞིག་ལ་སྤྱི་ཚོགས་དཔྱད་བརྗོད་ཀྱི་རྩོམ་ཡིག་མ་བྲིས་མོད། དེ་རིང་འཕྲལ་འཕྲལ་ལ་སྐད་ཆ་ཞིག་བཤད་འདོད་སྐྱེས་བྱུང་། འདི་ནི་མི་སྒེར་པ་ཞིག་གི་བསམ་ཚུལ་ཡིན་པ་ལས་ཞིབ་འཇུག་གི་རིན་ཐང་གང་ཡོད་མེད་མི་ཤེས། འོན་ཀྱང་ཆེད་དུ་ཕྱོགས་ལྷུང་བྱས་པ་དང་། བསམ་བཞིན་སྐྱེས་བུ་སྒེར་ལ་དམིགས་པ་ནི་གཏན་ནས་མེད། དེ་ཡང་། དེ་རིང་ཞོགས་པ་སྤྱི་འཐུས་གྲོས་ཚོགས་ཀྱིས་ཇོ་ནང་ལ་ཆོས་བརྒྱུད་སྤྱི་མཚུངས་ཀྱི་སྤྱི་འཐུས་ཀྱི་ས་མིག་སྤྲོད་མིན་གྱི་གྲོས་གཞིར་མང་མོས་རྒྱབ་སྐྱོར་མ་ཐོབ་པའི་གནས་འཕྲིན་མཐོང་བྱུང་། དང་ཐོག་ཚོར་བ་དེ་ཙམ་མ་བྱུང་།
རྒྱུ་མཚན་ནི། ང་ལ་མཚོན་ན་ཇོ་ནང་ས་སྐྱའི་ཁོངས་གཏོགས་ཡིན་མིན་ཐད། ཆོས་བརྒྱུད་རང་སྐྱ་ཐུབ་པ་ཞིག་གི་ངོ་བོར་གནས་རྒྱུར་དཔལ་ས་སྐྱའི་༸གོང་མ་བདག་ཁྲི་རིན་པོ་ཆེ་སྐུ་དངོས་ཀྱིས་རྒྱབ་གཉེར་གནང་ཟིན་པ་ཞིག་ཡིན་པས་དེ་ལས་གཞན་ཆོས་ཕྱོགས་ཀྱི་ཆ་ནས་ཐག་མ་ཆོད་པ་ཆེན་པོ་ཞིག་མཐོང་གིན་མེད། དངོས་ཡོད་ཀྱི་ཆ་ནས་ཇོ་ནང་གི་བཤད་སྒྲུབ་ལས་གསུམ་གྱི་བསྟན་པ་ཡར་རྒྱས་སུ་འགྲོ་བར་དེས་ཕལ་ཆེར་ཕན་གནོད་གང་ཡང་བྱེད་ཀྱི་མ་རེད།
ཆབ་སྲིད་ཀྱི་ཆ་ནས། ཇོ་ནང་པ་ཚོས་བཙན་བྱོལ་གྱི་ནང་དུ་༸གོང་ས་མཆོག་གིས་དམིགས་བསལ་གཟིགས་སྐྱོང་བླ་མེད་འོག་རྐང་བ་འཛུགས་ཐུབ་པ་བྱུང་བའི་ལོ་རྒྱུས་ཀྱི་བྱུང་རིམ་ཧྲིལ་པོ་ལ་བསམས་ཏེ་གང་ཅིའི་ངོས་ནས་མཐུན་ལམ་རྡོག་རྩ་གཅིག་སྒྲིལ་གཙོར་འདོན་བྱ་རྒྱུ་ལས། སྤྱི་འཐུས་ཀྱི་རྐུབ་སྟེགས་ཤིག་རྩོད་རྒྱུ་དེ་ཇོ་ནང་བསྟན་པའི་ལ་རྒྱ་གལ་ཆེན་རང་ཞིག་ཨེ་ཡིན་ན་སྙམ་པ་དང་། ཡང་འགའ་ཞིག་གིས་སྤྱི་འཐུས་ཀྱི་ཞབས་སྟེགས་མེད་ན་ཇོ་ནང་བའི་བསྟན་པ་བོད་བརྒྱུད་ནང་བསྟན་གྱི་གྲལ་ནས་གནས་མི་ཐུབ་པ་ལྟ་བུའི་ཚད་བརྒལ་གྱི་འགྲེལ་བརྗོད་ཁྱེར་དེ་བོད་ནང་གི་གཞིས་ལུས་བོད་པ་ཚོར་སྐུལ་སློང་བྱས་ན་དེ་ནི་གཏན་ནས་མ་འགྲིག་པ་ཞིག་རེད། དེ་དག་གི་ནང་དུ་ཡང་གོ་སྐབས་རིང་ལུགས་པ་ཡོད་སྲིད་པར་མ་ཟད། སྤྱི་འཐུས་ཀྱི་ཞབས་སྟེགས་དེ་སྦྱོར་བ་ཡིན་ལག་དྲུག་ལས་གང་གལ་ཆེ་བ་ལྟར་བརྩིས་བསྡད་ན་རྒྱུ་མཚན་དེ་ཙམ་མེད།
འོན་ཀྱང་ཇོ་ནང་ལ་སྤྱི་མཐུས་མི་འོས་པ་ཞིག་རེད་ཅེས་གཏན་ནས་བསམ་གྱི་མེད། ལར་ཡིན་ན། སྤྱི་འཐུས་ཀྱི་རྒྱབ་གཉེར་མ་ཐོབ་པས་གཏན་མ་ཁེལ་བ་སྲིད་སྐྱོང་དང་བཀའ་ཤག་གི་ལས་གཞིའི་ཁོད་དུ་ལ་ཡང་མང་པོ་ཡོད་པར་མ་ཟད། ཐ་ན་༸གོང་ས་མཆོག་གིས་བཏོན་པའི་གྲོས་གཞིར་ཡང་མང་མོས་རྒྱབ་གཉེར་མ་ཐོབ་པས་ཐག་མ་ཆོད་པའི་གནས་སྟངས་ཡོད་པ་རེད། དཔེ་མཚོན་ཞིག་ཞུས་ན། ཐེངས་གཅིག་༸གོང་ས་མཆོག་གིས་བཀའ་བློན་ཁྲི་པར་སྲིད་སྐྱོང་ཞེས་འབོད་རྒྱུའི་དགོངས་ཚུལ་གནང་བ་གྲོས་ཚོགས་ཚོགས་ཐེངས་གཅིག་གི་སྐབས་དེར་མང་མོས་ཀྱི་བརྒྱ་ཆ་མ་ལོངས་པས་སྐབས་རྗེས་མ་ཡང་བསྐྱར་གྲོས་བསྡུར་བྱ་དགོས་བྱུང་བ་དང་། ཆོས་བརྒྱུད་ཁག་གི་ཚོགས་ཆེན་སྐབས་དགེ་སློང་མའི་སྡོམ་རྒྱུན་ནང་འདྲེན་བྱེད་མིན་༸གོང་ས་མཆོག་སྐུ་སྒེར་གྱི་དགོངས་ཚུལ་ལ་ད་བར་ཆོས་བརྒྱུད་ཁག་གི་དགེ་འདུན་པའི་རྒྱབ་གཉེར་མ་ཐོབ་པས་ཐག་མ་ཆོད་པར་ལུས་ཡོད་པ་ལྟ་བུ་ཡིན། དེ་ཙམ་རྒྱུ་མཚན་དུ་བྱས་ནས་ཧ་ཅང་ཐལ་ཆེ་བའི་སྐད་ཆ་བཤད་པ་དང་བསམ་ཚུལ་འཛིན་པ་ཡང་ཅུང་མ་འགྲིག་པ་རེད་སྙམ།
སྐབས་མང་པོ་ཞིག་ལ་སྒྲིག་འཛུགས་ནི་རྙོགས་འཛིངས་ཆེ་བའི་གོ་རིམ་གྱི་འགུལ་སྐྱོད་ཅིག་ཡིན་པས་ཚོར་བས་འགྲེལ་བརྗོད་བྱེད་ས་མེད་ལ། ངང་ཐུང་གི་བསམ་བློ་ནི་དེ་བས་ཀྱང་ཉེན་ཁ་ཅན་ཞིག་ཡིན། ངས་དེའི་ཕྱོགས་ལ་ཡང་བསམ་ཤེས་གང་ལེགས་དགོས་པའི་བསམ་ཚུལ་འཛིན་གྱི་ཡོད། འོན་ཀྱང་ད་ཐེངས་ང་རང་ཧ་ཅང་ཧང་སང་བའི་རྒྱུ་མཚན་ནི། ཇོ་ནང་ཆོས་བརྒྱུད་ལ་མང་མོས་ཀྱིས་རྒྱབ་སྐྱོར་མ་ཐོབ་པ་དང་། ཁོང་ཚོར་ཞབས་སྟེགས་མ་ཐོབ་པ་ཙམ་མ་ཡིན་པར། རྒྱབ་སྐྱོར་བྱེད་མཁན་དང་མི་བྱེད་མཁན་དེ་དག་གི་ཡོང་ཁུངས་ཀྱི་ཐོག་ལ་ཡིན། དེ་ཡང་། ང་ཚོའི་གྲོས་ཚོགས་ར་བའི་ནང་གི་རྒྱབ་སྐྱོར་བྱེད་མཁན་དག་གིས་ཀྱང་ཇོ་ནང་གཞིས་བྱེས་ཀྱི་བསམ་ཚུལ་དང་ལོ་རྒྱུས་ཀྱི་བདེན་པར་བསམས་ནས་རྒྱབ་སྐྱོར་བྱས་པ་ཡིན་མིན་དང་། དགག་བྱ་བྱེད་མཁན་དག་གིས་ཀྱང་དངོས་ཡོད་ལོ་རྒྱུས་ལ་གཞི་བཅོལ། རང་ཉིད་སྒེར་གྱི་བསམ་ཚུལ་གྱིས་ཐག་བཅད་དེ་དྲང་པོ་དྲང་བཞག་གིས་ཕྱག་ལས་གནང་ཡོད་མེད་ལ་དོགས་པ་ཧ་ཅང་ཆེན་པོ་བྱུང་།
རྒྱུ་མཚན་ནི། ཇོ་ནང་ཆོས་བརྒྱུད་ཀྱི་ཞབས་སྟེགས་ལ་རྒྱབ་སྐྱོར་བྱེད་མཁན་བཅུ་བདུན་བྱུང་བའི་ཁྲོད་ཀྱི་བཅུ་ཐམ་པ་མདོ་སྨད་སྤྱི་མཐུས་ཀྱི་ཁོངས་ནས་བྱུང་ཡོད་པ་དང་། མདོ་སྟོད་སྤྱི་མཐུས་བཅུའི་ཁྲོད་ནས་རྒྱབ་སྐྱོར་བྱེད་མཁན་གཅིག་ཀྱང་བྱུང་མེད་པ་འདིས་ད་ཐེངས་ཇོ་ནང་ཆོས་བརྒྱུད་ལ་ཞབས་སྟེགས་སྤྲོད་མིན་དེ་ཁམས་དང་ཨ་མདོའི་སྤྱི་མཐུས་བར་གྱི་གནད་དོན་ཞིག་ཏུ་བལྟས་ནས་རྒྱབ་སྐྱོར་དང་དགག་པ་བྱས་པ་ཧ་ཅང་གསལ། དེ་ལས་ཀྱང་བློ་ཕམ་པ་ཞིག་ནི་ཆོས་བརྒྱུད་སྤྱི་མཐུས་བཅུའི་ཁྲོད་ནས་ས་སྐྱའི་སྤྱི་མཐུས་ནི་ཐེངས་འདིའི་གནད་དོན་དང་དངོས་སུ་འབྲེལ་ཡོད་ཀྱི་མི་པས་དེས་རྒྱབ་སྐྱོར་མེད་པ་ནི་དམིགས་བསལ་ཧང་སང་བ་ཞིག་མིན་ན་ཡང་། བོན་པོ་དང་རྙིང་མ་བཀའ་བརྒྱུད་གསུམ་ཀའི་སྤྱི་མཐུས་རྣམ་པ་དྲུག་གིས་རྒྱབ་སྐྱོར་བྱས་མེད་པ་དང་། དེ་ནི་བཀའ་རྙིང་བོན་གསུམ་གྱི་བསྟན་འཛིན་དག་གི་བཞེད་ཕྱོགས་ཀྱི་ལ་རྒྱ་བཟུང་ནས་རྒྱབ་སྐྱོར་བྱེད་མི་རིགས་པར་མཐོང་བ་མིན་པར། ཆོས་བརྒྱུད་དེ་དག་གི་སྤྱི་མཐུས་ཀྱི་ཡོངས་ཁོང་མདོ་སྟོད་ཡིན་པ་དང་འབྲེལ་བ་ཡོད་པའི་ངོས་འཛིན་བྱེད་ཀྱིན་ཡོད། གྲོས་ཚོགས་ར་བའི་ནང་དུ་ཆོས་བརྒྱུད་ཀྱི་ངོ་བོས་ཐོན་པའི་མདོ་སྟོད་སྤྱི་འཐུས་དང་ཆོལ་ཁའི་མིང་ཐོག་ནས་སླེབས་པའི་མདོ་སྟོད་འཐུས་མི་གང་ཡིན་ཡང་ངང་བ་མགོ་གཉིས་ལྟ་བུ་ཡིན་ལ། མདོ་སྨད་ཀྱང་དེ་དང་གཅིག་པ་གཅིག་རྐྱང་ཡིན།
འོ་ན་གོང་གི་གནད་དོན་དེ་དག་དང་ཇོ་ནང་གི་ཞབས་སྟེགས་འབྲེལ་བ་གང་ཡོད་སྙམ་ན། ཡོད་པའི་ཡོད་ལུགས་འདི་ལྟར་ཡིན་ཏེ། གལ་ཏེ་ཇོ་ནང་ལ་ཞབས་སྟེབས་ཐོབ་ན་དེའི་ཡོང་ཁོང་ནི་མདོ་སྨད་པ་ལས་འོས་མེད་པ་ཇོ་ནང་ཆོས་བརྒྱུད་ཁྱབ་ཡུལ་གྱིས་ཐག་གིས་བཅད་ཟིན་པ་ཡིན་ཞིང་། སྤྱི་མཐུས་ར་བའི་ནང་དུ་མདོ་སྨད་ཆོས་ཁའི་སྤྱི་མཐུས་བཅུ་ལ་ད་དུང་ཆོས་ལུགས་སྤྱི་མཐུས་གཉིས་ཀྱིས་མང་རུ་ཕྱིན་ན་ངང་བ་མགོ་གཉིས་གཞན་ཞིག་འགྲུབ་ཐུབ། དེས་རང་ཕྱོགས་ཀྱི་ཞེ་འདོད་ལ་རྒྱབ་སྐྱོར་འཐོབ་པ་དང་། གཞན་ཕྱོགས་ཀྱི་གྲོས་གཞི་ལ་དགག་བྱ་བྱེད་པར་དཔུང་རོགས་ཀྱི་ནུས་པ་ཆེན་པོ་ཐོན་གྱི་ཡོད། མིག་སྔར་མདོ་སྟོད་ཆོལ་ཁའི་སྐུ་ཚབ་ལས་གཞན་ཆོས་བརྒྱུད་མང་ཆེ་བའི་སྐུ་ཚབ་མདོ་སྟོད་ནས་བྱུང་བ་དེས་ཀྱང་མདོ་སྨད་ལ་དེ་ལས་གཏིང་ཟབ་པའི་ཉམས་མྱོང་ཐེབས་སུ་བཅུག་ཡོད་པ་སྨོས་མེད་ཡིན། མདོ་སྟོད་སྤྱི་མཐུས་ཚོར་མཚོན་ན་གལ་ཏེ་ཇོ་ནང་གི་ཆོས་བརྒྱུད་ཞབས་སྟེགས་ཡོད་པའི་ཆོལ་ཁ་གཞན་གྱི་མི་གཉིས་ཀྱི་མང་རུ་འགྲོ་བ་ནི་མཐོང་བར་མི་འདོད་པ་ཞིག་ཡིན་པ་རེད། ཆོས་བརྒྱུད་སྤྱི་མཐུས་བཅུའི་ཁོངས་ནས་དགེ་ལུགས་པའི་སྤྱི་མཐུས་གཅིག་རང་གིས་རྒྱབ་སྐྱོར་གནང་ཡོད་ཅིང་། དེ་ཡང་མདོ་སྨད་པ་ཞིག་ཡིན་པ་རེད། ཁོང་གི་ཕྱག་རོགས་དགེ་ལུགས་སྤྱི་མཐུས་མདོ་སྟོད་པ་དེས་རྒྱབ་སྐྱོར་བྱས་མེད། གཞན་ཡོ་རོབ་དང་ཨ་རིའི་མཐུས་མི་གཉིས་ཀྱིས་རྒྱབ་སྐྱོར་གནང་དེའི་རྒྱབ་ལྗོངས་གསལ་པོ་མ་ཤེས་ཀྱང་གོང་གསལ་འབྲེལ་བརྗོད་དག་གིས་མ་མཐུས་པ་མེད།
དབུས་གཙང་སྤྱི་མཐུས་བཅུའི་ཕྱེད་ཀྱིས་རྒྱབ་སྐྱོར་བྱས་པ་དེས་ཕལ་ཆེར་མདོ་སྟོད་སྨད་ཀྱི་ནུས་པ་དོ་ཉམས་ཡོང་བ་དང་། དེ་ལྟར་བྱུང་ན་རང་བཞིན་གྱིས་མདོ་སྟོད་ལ་ཁ་གཏད་གཅོག་པར་ཤུགས་རྐྱེན་གང་འཚམས་སླེབས་སྲིད་པར་བསམ་ཡོད་སྲིད་། བསམ་ཚུལ་འདི་ལ་ཡང་རྒྱུ་མཚན་ངེས་ཅན་ཡོད་དེ། ནམ་རྒྱུན་དབུས་གཙང་སྤྱི་མཐུས་དང་ཁ་གཏད་དུ་ཡོད་པ་དེ་མདོ་སྟོད་སྤྱི་མཐུས་ཡིན་པ་དང་། ལྟོས་བཅས་ཀྱི་ཆ་ནས་མདོ་སྨད་སྤྱི་མཐུས་ནི་དབུས་གཙང་སྤྱི་མཐུས་ལ་མཚོན་ན་དེ་ཙམ་དོ་སྣང་མ་བྱས་ནའང་འགྲིག་པ་ཞིག་ཡིན་པས་རང་བཞིན་གྱིས་ཉེ་ཙམ་ཡོད་པ་རེད་སྙམ།
གོང་གི་གནད་དོན་དེ་དག་གིས་བལྟས་ན་སྤྱི་མཐུས་རྣམ་པས་༸གོང་ས་མཆོག་གི་དགོངས་གཞི་ལམ་སྟོན་ལྟར་རྟོན་བཞིའི་མཇུག་ལྡོག་གོ་མ་འཛོལ་བའི་ཐོག་ནས་ལས་ཀ་བྱེད་ཀྱི་ཡོད་མེད་དང་། གྲོས་གཞི་འདི་དག་ཐག་གཅོད་པའི་སྐབས་སུ་སྤྱི་འཐུས་དམ་འབུལ་སྐབས་ཀྱི་བརྗོད་ཚིག་མནའ་གན་ཐུ་མོ་ཆེ་དེ་དག་ཡིད་ལ་བཞག་ཡོད་དམ་མེད་སྙམ་དུ་བསམ་བློ་གཏོང་དགོས་པ་ཞིག་ཆགས་ཡོད། ཕྱོགས་གཞན་ཞིག་ནས་གྲོས་ཚོགས་ནི་ཆེས་འཁྲུག་ཆ་ཆེ་བའི་ཆབ་སྲིད་ར་བ་ཡིན་ཞིང་། རང་དབང་དམངས་གཙོ་ལྡན་པའི་རྒྱལ་ཁབ་ཅིག་གི་གྲོས་ར་ན་གཏམ་གྱི་མཐོ་དམན་དང་ཚིག་གི་མང་ཉུང་སོགས་ཡོང་བ་ཆོས་ཉིད་ཡིན་པར་མ་ཟད། ཕྱོགས་ལྷུང་དང་རེས་གཅོད་ཀྱི་རྣམ་པའང་གཡོལ་ཐབས་མེད་པ་ཞིག་ཡིན་ན་ཡང་།
ང་ཚོའི་གྲོས་ཚོགས་འདི་ནི། གཅིག་ན་༸གོང་ས་མཆོག་གི་དབུ་འོག་དཔུང་བས་འདེགས་མཁན་གྱི་གཞིས་བྱེས་མི་མང་གི་ངོ་ཚབ་ཡིན་པ་དང་། གཉིས་ན། བོད་མི་མང་སྤྱི་མཐུས་ཀྱིས་གང་ཞིག་མཚོན་གྱི་ཡོད་པ་ནི་བྱམས་སྙིང་རྗེ་ལྡན་ཞིང་ལས་འབྲས་ལ་རྩི་བའི་མི་རིགས་ཤིག་ཡིན་དགོས་པ་དང་། གསུམ་ན། དམིགས་བསལ་བསམ་བློ་གཏོང་དགོས་པ་ཞིག་ནི། ང་ཚོར་ག་རེ་བྱས་ནས་ཆོས་བརྒྱུད་ཁག་ལྔའི་སྤྱི་མཐུས་འདི་ཙམ་མང་པོ་ཞིག་ར་བ་འདིའི་ནང་དུ་ཡོད་པ་དེ་ཡིན་ཞིང་། འདིས་བོད་ཀྱི་སྤྱི་ཚོགས་ཀྱི་ཆོས་ལུགས་ཀྱི་གོ་བབ་མཚོན་པ་ཡིན། ཆོས་ལུགས་ཀྱིས་མཚོན་འོས་པ་ནི་ནང་བསམ་བློའི་ཆེས་མཐོའི་ཕུགས་བསམ་དང་བཟང་སྤྱོད་ཀྱི་གོ་བབ་ཡིན་ལ། ཆོས་བརྒྱུད་སྤྱི་མཐུས་ཀྱིས་གྲོས་ཚོགས་ར་བའི་ནང་དུ་བཟང་སྤྱོད་དང་བསམ་བློའི་སྣེ་ཁྲིད་པ་ལྟ་བུ་ཞིག་ཡོང་དགོས་པ་ཡིན། མ་མཐར་ཡང་། ང་ཚོའི་གྲོས་ཚོགས་འདི་རྒྱལ་ཁབ་གཞན་གྱི་ཆབ་སྲིད་ཀྱི་དཀྱིལ་འཁོར་དང་རྦད་དེ་འདྲ་བ་ཞིག་ཆགས་པ་ནི་ཧ་ཅང་མ་འགྲིགས་པ་ཞིག་ཡིན།
གལ་ཏེ་བསམ་ཚུལ་ཉི་ཚེ་བ་འདི་དག་གི་དབང་གིས་ཇོ་ནང་ཆོས་བརྒྱུད་ཀྱི་གཞིས་བྱེས་མི་མང་གི་སེམས་ཀ་མ་གང་བའི་གནས་སྟངས་དང་མཇུག་འབྲས་གང་བྱུང་བའི་འགན་དེ་ཡང་སྤྱི་མཐུས་ལྷན་ཚོགས་ཀྱི་གྲོས་མི་རྣམ་པར་མེད་པ་གཏན་ནས་མིན། གནད་དོན་འདི་ནི་ཉེ་སྔོན་སྤྱི་མཐུས་ཞིག་དང་སྤྱི་མཐུའི་ཚོགས་གཙོའི་བར་ལ་བྱུང་བའི་རྙོག་གླེང་དེ་ལས་ཀྱང་ཚབས་ཆེ་བའི་དཀའ་ངལ་དང་སྐྱོན་ཆ་ཆེན་པོ་ཞིག་རེད་སྙམ།
ད་དུང་ཁ་སྣོན་ཞུ་དགོས་པ་ཞིག་ནི། རང་རེའི་གནས་བབ་འདི་ལ་གང་ཅིའི་ཐད་ནས་རང་ཉིད་ཀྱི་ཁོར་ཡུག་དང་སྒྲོམ་གཞི་ཡོད་པའི་མང་གཙོའི་ཆབ་སྲིད་པ་གཞན་ལྟར་ཆབ་སྲིད་ཀྱི་རྩེད་མོ་བརྩེ་བའི་ལོངས་ཁོམས་གཏན་ནས་མེད་ལ། གལ་ཏེ་དེ་ལྟར་བྱས་ན་དེས་དངོས་ཡོད་ཀྱི་འགན་འཁྲི་མང་པོ་ཞིག་ལ་དོན་དངོས་ཀྱི་ཐོག་ནས་བརྩིས་མེད་བཏང་བ་རང་ཡིན། ཇོ་ནང་གཞིས་བྱེས་མི་གང་གི་ངོས་ནས་ཀྱང་ང་ཚོའི་དཔྲལ་བའི་མིག་དང་ཁོག་པའི་སྙིང་༸གོང་ས་ཡིད་བཞིན་ནོར་བུའི་ཐུགས་ཀྱི་གཟིགས་པ་ལ་བསམ་ནས་བོད་མི་རིགས་ནང་ཁུལ་དང་གཞུང་དམངས་ཀྱི་བར་ཐག་རིང་དུ་འགྲོ་བའི་ཐལ་ཆེའི་གཏམ་སྤྱོད་མི་གནང་བའི་ཡིད་ཆེས་ཡོད། འདི་ནི་དོན་ལ་ཕན་པ་མེད་པ་དང་བློ་ཕམ་སྐྱེ་གཞི་གཞན་ཞིག་ཡིན། རྫོགས་སོ།།
(2015/3/27)
རྫ་ཚེ་ཁྱེད་རང་རྫོང་གསར་ལ་སློབ་སྦྱོང་བྱས་པས་གཏམ་གྱི་ཟུར་ནས་ཀྱང་ཧ་གོ་ཡོང་གི་འདུག གང་ལྟར་མང་མང་མ་དཀྲུགས་ན་ལེགས། ཆོས་རྒྱུད་ཆོལ་ཁའི་སྤྱི་འཐུས་འདི་དང་འདི་ཡིས་རྒྱབ་སྐྱོར་བྱས་མ་བྱས་དང་དགག་པ་བྱས་མ་བྱས་ཤོད་པར་དང་ཐོག་དེ་ཚོ་དངོས་བདེན་ཡིན་མིན་ཁུངས་བསྐྱེལ་བྱེད་དགོས་པ་ལས་དེ་མིན་ཆོས་རྒྱུད་ཆོས་ལུགས་དབར་ལ་དཀྲུགས་པའི་དཀྲུགས་རྡོར་མི་འགྱུར་བའི་ངེས་པ་མེད། མནོ་བསམ་ལེགས་པོ་གཏོང་དགོས་པ་ལས་འདི་དག་ནི་ཆེས་གལ་ཆེ་བའི་གནད་དོན་ཞིག་རེད། མ་གཞི་ནས་ཇོ་ནང་པ་རང་ཉིད་ནས་བསམ་བློ་གཏོང་བའི་དུས་ལ་བབས་ཡོད་བསམ། ཇོ་ནང་པས་བོད་དོན་ལ་མ་བྱས་པ་མེད་བསམ།
ཇོ་ནང་ཆོས་རྒྱུན་ཡིན་མིན་ལ་རྩོད་པ་མེད། ཆོས་རྒྱུན་ཐོབ་ཐང་སྤྱི་འཐུས་སྐོར་ལ་རྩོད་པ་བྱུང་བ་རེད། ༧གོང་ས་མཆོག་དང་༧ས་སྐྱ་༧གོང་མ་ཁྲི་ཆེན་སོགས་ཆོས་རྒྱུན་ཆེན་པོ་བཞི་གཡུང་དྲུང་བོན་དང་བཅས་པས་ཆོས་རྒྱུན་ཡིན་པར་ཐག་བཅད་ཡོད། ད་ཇོ་ནང་གི་ལས་གཞི་གང་གང་སྒྲུབ་དགོས་བསམ་བློ་གཏོང་བའི་དུས་ལ་སླེབས་པ་རེད། ལམ་ཁ་གསུམ་ལས་འགྲོ་ས་གཞན་མེད། ༡༽རྩོད་པ་འདི་ཆོས་རྒྱུན་གྱི་རྩོད་པ་མིན་པར་ཆོལ་ཁའི་རྩོད་པ་ཡིན་པར་ཐག་ཆོད་འདུག བོད་གཞུང་དགོས་སམ་རྒྱ་གཞུང་དགོས་བསམ་བློ་གཏོང་དགོས། རྒྱ་ནག་གཞུང་ནས་པཎ་ཆེན་བཅུ་བས་ཆོས་རྒྱུན་ཉམས་གསོ་གནང་བ་ལྟར་ཇོ་ནང་ཆོས་བརྒྱུན་ཡིན་པར་རྩོད་པ་མེད། བོད་གཞུང་གིས་ལམ་ཁ་མ་སྤྲད་དུས་གཞུང་གཉིས་གང་འདམ་དགོས་བསམ་བློ་གཏོང་བའི་དུས་ལ་སླེབས་པ་རེད། ༢༽བོད་གཞུང་དགོས་སམ་ཆོས་རྒྱུན་དགོས། བོད་གཞུང་གི་གྲལ་དུ་མ་ཚུད་དུས་ཡང་ན་ཆོས་རྒྱུན་བློས་བཏང་ནས་བོད་གཞུང་གི་བཀའ་ལ་བརྩི་དགོས། ཡང་ན་བོད་གཞུང་བློས་བཏང་ནས་ཆོས་རྒྱུན་ཚོགས་པ་སྒེར་གྱི་ངོ་བོར་གནས་ཐབས་བྱེད་དགོས། ༣༽ ཡང་ན་རེ་བ་མ་ལྷོད་པར་རྩོད་པ་མུ་མཐུད་བྱེད་དགོས། དེ་ཡང་ཕྱི་རྒྱལ་ནས་བོད་ཀྱི་ཆོས་ལུགས་ཡིན་པར་ངོས་འཛིན་དཀའ་ཡང་། རེ་ཞིག་རྒྱ་ནག་གཞུང་གི་ཆོས་རྒྱུན་སྒེར་བའི་ཐོབ་ཐང་སྤྲད་ཡོད་པ་གཞིར་བཞག་གི་སྒོ་ནས་གནས་དགོས། ས་སྐྱའི་དང་པོ་རྩོད་པ་བྱས་མེད་ན་རྩོད་པ་འདི་ཆོལ་ཁའི་སྟེང་དུ་འགྲོ་བ་ཞིག་ཡིན་མོད། ད་ནི་ས་ཁོངས་སུ་འགྲོ་བའི་ལམ་ཁ་བཀག་ཟིན། བཀའ་བརྒྱུད་ཀརྨ་པས་ཕྱི་ནང་མི་མཚུངས་པའི་རྒྱབ་སྐྱོར་དེའི་རྐུབ་ཡང་ཀརྨ་ཆོས་འཕེལ་གྱིས་ཕུད་ཟིན། ས་སྐྱ་དང་བཀའ་བརྒྱུད་གཉིས་ཀས་རེ་བ་ཟད་སོང་བ་རེད། ཡུན་རིང་འཚོ་བའི་ལམ་སྟེགས་གསར་བ་ཞིག་བཙལ་བ་ལས་འོས་མེད་དོ། །
འགན་ཁུར་ཅན་དང་འདས་མ་ད་གསུམ་གྱི་རྩ་དོན་གལ་གནད་ཅན་གྱི་ཆེད་རྩོམ་ཞེས་པ་འདི་ལྟ་བུ་ལ་བརྗོད་པ་རེད་སྙམ། དངོས་བདེན་ཡིན་མིན་གྱི་ཁུངས་སྐྱེལ་དེ་རྩོམ་པ་པོས་གཟིགས་མཐོང་། སྐད་ཐོས། གནས་སྟངས་ལ་རྒྱུས་ལོན་མཛད་འདུག
དྲང་བདེན་ཐོག་སྐད་ཆ་ཤོད་མཁན་ཁང་གསར་རྡོ་རྗེ་དང་རྫ་ཚེ་ལྟ་བུ་འདི་འདྲ་བོད་ཀྱི་སྤྱི་ཚོགས་ནང་མང་ཙམ་དགོས་ཀྱི་འདུག ད་དུང་བོད་མི་འདི་ཚོ་ཆོལ་ཁའི་ཞེན་དུག་འོག་བཟི་ནས་འདུག འདི་ཕར་དེད་ན་ཆིག་སྒྲིལ་གྱི་ནུས་པ་གཏོར་བྱེད་དེ་ཡིན། ཆིག་སྒྲིལ་གྱི་ནུས་པ་གཏོར་ཚེ་བོད་མིའི་ནུས་པ་ཉམས་འགྲོ། བོད་མི་ནུས་པ་ཉམས་ཚེ་རང་ཉིད་ཉམས་འགྲོ། ཁྱེད་ཚོས་བློ་གཟུ་བོར་གནས་པའི་ཐོག་འདི་འདྲའི་རྩོམ་ཡིག་མང་ཙམ་སྤེལ་རོགས།
ཆོས་སྲིད་དཔྱད་བརྗོད་པ་རྫ་ཚེ་ལགས་ཀྱི་གསུང་སྟངས་འདིར་ཕྱོགས་གཅིག་ལས་ཕྱོགས་གཞན་གཅིག་མ་མཐོང་པའི་སྐྱོན་འདུག ཕྱོགས་གཞན་དེ་གང་རེད་ལབ་ན། དེང་སྐབས་ཇོ་ནང་བར་རྒྱ་ནག་གཞུང་གིས་རྒྱབ་བསྐྱོར་ཤུགས་ཆེན་གནང་བཞིན་པར་མ་ཟད། དབུས་གཙང་དུའང་ཇོ་ནང་དགོན་པ་སླར་གསོ་བྱེད་པའི་འགོག་རྐྱེན་དུ་གྱུར་པའི་དབུས་གཙང་གི་དཔོན་རིགས་རེ་གཉིས་ཀྱིས་ཕམ་ཁ་ཉོས་ཡོད་པ་དང་། ད་དུང་ཆེད་དུ་བོད་ཁུལ་གྱི་བརྙན་འཕྲིན་ཁག་ཏུའང་ཇོ་ནང་གླེང་མོལ་བྱེད་དུ་འཇོག་གིན་པ་ལྟ་བུ་རེད། གནས་ཚུལ་འདི་ནི་ཇོ་ནང་སྤྱི་འཐུས་རྒྱབ་བསྐྱོར་མེད་དོན་གཅིག་ཡིན་སྲིད།
ད་དུང་རྒྱུ་རྐྱེན་གཞན་ཞིག་ཀྱང་ཡོད་སྲིད། དེ་ནི་ཇོ་ནང་ཆོས་རྒྱུད་ནི་སོག་པོའི་རྒྱལ་ཁབ་ཀྱི་ཆོས་ལུགས་ཤིག་ཏུ་གྱུར་ཡོད། གལ་སྲིད་བོད་པ་སྐྱབས་བཅོལ་བ་ཞིག་གིས་དེའི་ཐད་ལག་པ་བསྲིངས་ན། རྒྱལ་ཁབ་ཡོད་མཁན་ཞིག་ལ་མོས་པ་ཡོད་མེད་དེའང་བསམ་བློ་གཏོང་ས་གཞན་ཞིག་རེད།
དེ་མིན་མདོ་སྨད་ལ་སྤྱི་འཐུས་གཉིས་ཀྱིས་ཇེ་མང་དུ་སོང་པའམ། ཇེ་ཉུང་དུ་སོང་པར་ཁྱད་པར་ཡོད་པ་མ་རེད་བསམ། སྤྱི་འཐུས་སྔ་མ་འཕེལ་རྒྱས་སྒྲོལ་མ་དང་སྤྱི་འཐུས་ལས་ཐོགས་ཡེ་ཤེས་སྒྲོལ་མ་གཉིས་ཁམས་པའི་མནའ་མ་རེད་ལ། བོད་ཀྱི་ལུགས་སྲོལ་གཞིར་བཞག་ན་ཁམས་པ་རེད། སྤྱི་འཐུས་ནང་དུའང་གནད་འགག་གི་སྐབས་སུ་ཁམས་པའི་ཕྱོགས་སུ་ཡོད་ཡོད་པ་རེད།
ད་གོང་གི་ཀརྨ་བློ་ཞེས་པ་འདི་ལ་ཡང་ཆོལ་ཁའི་བཟི་དུག་ཕོགས་འདུག དེང་སེང་སྐབས་འཚོལ་བ་ཟེར་བ་ཡང་འདི་འདྲའི་རིགས་ལ་ཟེར་གྱི་ཡོད། རྒྱ་མིས་ཆོལ་ཁ་དང་ཆོས་རྒྱུད་ནང་དམག་འཁྲུག་རྒྱག་པར་ཡང་། འདི་འདྲའི་རིགས་བེད་སྤྱོད་བྱེད་ཀྱི་ཡོད། ཚང་མས་ཉན་ཞོག་མི་འདྲའི་རིགས་ལ།
་བྱམས་པ་ལགས། གུས་པས་གནས་ལུགས་དྲངས་ནས་བརྗོད་ཡོད། ཁྱེད་རང་གིས་ཀྱང་གནས་ལུགས་དྲངས་ནས་ཆོལ་ཁའི་བཟི་སྟངས་དེ་གསལ་སྟོན་གནང་རོགས། དགའ་བསུ་ཡོད།
ཀརྨ་བློ་གསལ་ལགས། ཁྱེད་ལ་ཆོལ་ཁའི་བཟི་དུག་ཕོགས་མེད་ན་འགྲིག ང་ཚོ་མི་རིགས་འདི་ཆེ་ས་ནས་ཆོལ་ཁའི་བཟི་དུག་ཕོགས་ནས་དུམ་བུ་གཅིག་ཕྱེས། ཆུང་ས་ནས་ལུང་ཚན་གྱི་བཟི་དུག་ཕོགས་ནས་ཁྱད་པར་གཅིག་ཕྱེ། དེ་ལས་ཀྱང་ཆུང་ས་ནས་ཁྱེད་དང་ང་ཞེས་མདོར་ན་རང་ཉིད་ལ་ཐུག་གི་བར་དེ་ལྟར་བྱེད། དེ་ལྟར་བསྡད་ན་བོད་མི་རིགས་ཆིག་སྒྲིལ་གྱི་སྤྱི་ཚོགས་ཤིག་ག་དུས་འགྲུབ་ཐུབ། ཁྱེད་ནས་ཇོ་ནང་དེ་སོག་པོའི་ཆོས་ཤིག་ཆགས་པ་རེད་ཅེས་པ་དེའང་གཅིག་བྱས་ན་མ་ཤེས་པ་འདྲ། སོག་པོར་མཚོན་ན་ཆོས་རྒྱུད་བོན་དང་། རྙིང་མ། ཡེ་ཤུ་སོགས་སྣ་ཚོགས་ཡོད། ལོ་རྒྱུས་སྟེང་སོག་པོར་བོད་རྒྱུད་ནང་བསྟན་གྱི་ཆོས་རྒྱུད་ཤུགས་ཆེ་བ་དེ་རི་བོ་དགའ་ལྡན་པ་དར་པ་རེད། སྔ་མོ་སོག་པོ་ཁལ་ཁ་རྗེ་བཙུན་དམ་པའི་དགོན་གྱི་གྲྭ་འབོར་ལ་བོད་ཀྱི་སེ་འབྲས་དགའ་གསུམ་གྱི་གྲྭ་བ་ཚང་མ་ཕྱག་བདེ་ལ་བཀྲམས་ཀྱང་ཉུང་དྲགས་པའི་ཤོད་སྲོལ་གྱི་དགོན་པ་དེ་ཡང་རི་བོ་དགའ་ལྡན་པ་རེད། དངོས་ནས་བྱས་ན་ལོ་རྒྱུས་དེ་ལྟར་རེད།
ལོ་ལགས་སོ། ད་རེས་ཁྱེད་ཀྱིས་གནས་ལུགས་རོབ་ཅིག་གསུང་ཤག རྗེས་སུ་ཡི་རངས་ཡོད། ཡིན་ནའང་། ཇོ་ནང་ཏཱ་ར་ནཱ་ཐ་དངཁལ་ཁ་རྗེ་བཙུན་དམ་པའི་འབྲེལ་བ་ཅི་རེད་དམ། ཇོ་ནང་ཏཱ་ར་ནཱ་ཐ་མཆོག་ནི་ཇོ་ནང་བའི་གྲུབ་མཐའི་བདག་པོ་མ་རེད་དམ།
བྱམས་པ་ལགས། སྐུ་ཉིད་ཀྱང་དགེ་ལུགས་བར་དུ་མ་གཏོགས་ཕེབས་ཐུབ་མ་སོང་། ཁལ་ཁ་རྗེ་བཙུན་དམ་པའམ་ཇོ་ནང་རྗེ་བཙུན་ཡང་སྤྲུལ་ཁོང་གི་སྐུ་ཚེའི་མཛད་རིམ་རྒྱུན་བསྐྱང་མ་ཐུབ་པར། དེ་ལྟར་དབང་བསྒྱུར་ལམ་ལུགས་འོག་ཏུ་ཕྱིན་པའི་ལོ་རྒྱུས་སྐོར་ལ་མཁྱེན་རྟོགས་ཡོད་བཞག་རེད། གང་ལྟར་འཚམ་འདྲི་ཞུ།
གཅིག་ཤོས་གཅིག་གི་སྐྱེས་སྲིད་དུ་ཡོང་ཆོག་པ་ཞིག་རེད། ༸གོང་ས་མཆོག་གི་འཁྲུངས་རབས་རྣམ་ཐར་ནང་ལྟོས་དང་། གཉའ་ཁྲི་ནས་རིམ་བཞིན་རྙིང་མའི་བླ་ཆེན་ཁག་དང་། བཀའ་གདམས་པའི་འབྲོམ་དང་ས་སྐྱའི་འགྲོ་མགོན་འཕགས་པ་སོགས་ཀྱི་སྐྱེས་སྲིད་རིམ་པར་བཞེས་པ་ལྟར་རེད། ཇོ་ནང་འདི་བཞིན་ཆོས་རྒྱུད་ལ་སྟོད་དིང་རི་ནས་དབུ་བརྙེས་ནས། གདུལ་བྱ་བོད་གཙང་གིས་གཙོས་མདོ་ཁམས་སྟོད་དང་སྨད་གཉིས་ཀ་ལ་སྔ་མོ་དར། ད་ལྟ་ཤུལ་དུ་ལྷག་པའི་ཁྲོད་མདོ་ཁམས་སྨད་ཀྱི་ཆ་ན་ད་དུང་སྒྲུབ་སྡེ་མང་ཙམ་ཡོད་པ་རེད།
ད་ལྟོས་དང་། ཇོ་ནང་བ་ནི་རྒྱལ་ཁབ་ཡོད་པའི་གྲུབ་མཐའ་ཞིག་རེད། གཞན་དག་ལ་རྒྱལ་ཁབ་ལྟ་ཅི། ཆག་འཇིག་ལའང་ངེས་པ་ཡོག་མ་རེད། ད་དུང་སྲིད་བཤད་ཀྱི་ཡིན་ལབ་ཀྱི་ཡོག་རེད། སྙིང་རྗེ་ཡ་རང་རེད།
དད་པ་རྒྱལ་པོ་དང་ཀརྨ་བློ་གསལ་གཉིས་ལགས།
ཁལ་ཁ་རྗེ་བཙུན་དམ་པ་དང་ཇོ་ནང་ཏཱ་རཱ་ན་ཐའི་སྐོར་གྱི་གནས་ཚུལ་འདི་ནས་གཟིགས་ཐུབ།
http://bod.asia/wp-content/uploads/2012/03/Bodmi-7th-march-2012-monlam.pdf
དེ་ནི་ངོས་རང་གཉིས་ཀྱིས་ལྟ་ཡ་ཞིག་མ་རེད། ཁྱེད་དང་ཁྱེད་ལྟ་བུའི་རྒྱུས་མེད་སེམས་ཤུགས་ཅན་ཚོས་གཟིགས་བྱ་རང་རེད།
འོ་ཡ། ད་ཀརྨ་བློ་གསལ་སྐུ་རླུང་བཞེངས་འདུག གནས་ལུགས་འགྲོ་ཡི་མི་འདུག ངས་སྔོན་ནས་ཟེར་ཡ་དེ་ག་རང་ཡིན། ང་ཚོ་ལ་འདི་འདྲ་མང་ཙང་། གནས་སྟངས་འདི་འདྲའི་སྒང་ལ་བསྡད་ཡོད་རེད་ཟེར་གྱི་ཡོད། རེ་བ་ནི་ཁྱེད་རང་གཟུར་གནས་ཤེས་རྒྱ་ཅན་ཞིག་ཆགས་པའི་སྨོན་ལམ་ཡོད། གནས་སྐབས་སུ་བཀྲ་ཤིས་བདེ་ལེགས་ཞུ།
བྱམས་པ་ལགས། མཐོང་སོང་།
ང་རང་ལ་དགོས་ཡ་དེ། ཁྱེད་ཀྱིས་ཧལ་ཧ་རྗེ་བཙུན་དམ་པ་མཆོག་ཇོ་ནང་གི་བདག་པོ་ཡིན་པ་ཤེས་རྒྱུ་དེ་ཡིན་པར་མ་ཟད། ཧལ་ཧ་རྗེ་བཙུན་དམ་པ་མཆོག་ནི་སྔར་སོག་པོའི་ཆོས་སྲིད་གཉིས་ཀྱི་བདག་པོ་དང་། དེང་སྐབས་ཆོས་ལུགས་ཀྱི་དབུ་ཁྲིད་ཡིན་པ་དེ་རེད། དེ་ནས་ཇོ་ནང་ཐད་ཤེས་བྱ་གསར་པ་ཞིག་སླེབས་ཀྱི་རེད། ད་བཀྲ་ཤིས་བདེ་ལེགས་ཡོད།
དྲི་མེད་ལགས་ཀྱིས་དགོངས་འཆར་ལ་མོས་མཐུན་ཡོད།
ཁ་ཅིག་གིས་ཇོ་ནང་གི་གནད་དོན་དེ་ཆོལ་ཁའི་གནད་དོན་ཞིག་ཏུ་ཁ་དྲངས་ཐབས་བྱེད་པ་དང་། ཡང་གཞན་གྱིས་ཆོས་རྒྱུད་ཡིན་མིན་གྱིས་གནད་དོན་དུ་ཁྲིད་ནས་བཤད་ཡོད་གིན་འདུག
གང་ལྟར་ཡང་ཕྱོགས་གཉིས་ཀྱི་བསམ་ཚུལ་ཙམ་ཡིན་སྲིད་པ་རེད། དེ་ལ་འགལ་ཆ་ཆན་པོ་ཞིག་ཏུ་མཐོང་གི་མི་འདུག
བདེན་པ་ཡིན་མིན་གང་ལྟར་ཡང་བཤད་པ་ཡག་པོ་གནང་བ་ཡག་པོ་རེད་བསམ་སོང་། ཡང་དག་ཡིན་མིན་ལ་མ་ལྟོས་པར་རྣམ་རྟོག་མིང་བོ་ཤར་བ་དེ་ཚོ་རྣམ་དཔྱོད་ཀྱི་སྒོ་ཞིག་ཡིན་པས་རྣམ་དཔྱོད་ཀྱི་སྒོ་དེ་གཏན་ནས་འགོག་མི་རུང་། མུ་མཐུད་ནས་དཔྱད་པ་གནང་རྒྱུ་གལ་ཆེན་པོ་རེད། བརྟག་དཔྱད་མེད་པར་གཏམ་བཤད་སྤེལ་བ་ནི་ནམ་ཡང་ཁོངས་འཁྱོལ་གྱི་མ་རེད་སྙམ།
ཁྱེད་ཚོས་དགོངས་ཚུལ་གསུངས་པ་དེར་ངེད་ནས་བརྒྱབ་སྐྱོར་ཡོད་ཞུ་བ་ཡིན།
དཔྱད་པ་་་་་
མང་པོ་་་་་་་
བཅོས
ཇོ་ནང་ལ་སྤྱི་འཐུས་ཀྱི་འོས་མ་ཐོབ་པར་བློ་ཕམ་ཡོད། འོན་ཀྱང་དམངས་གཙོའི་སྤྱི་ཚོགས་ནང་ལ་གྲོས་ཚོགས་ཀྱིས་ཐག་གཅོད་ག་རེ་གནང་ཡང་དེ་ལ་རྩི་བཀུར་ཞུ་དགོས་པ་ནི་འོས་འགན་རེད་འདོད། དེས་ན་འདི་ལ་འགྲེལ་བཤད་འདྲ་མིན་རྒྱག་ནས་ཆོས་རྒྱུད་དང་ཆོལ་ཁའི་བར་ལ་འབར་རྫས་མི་བཞག་རྒྱུའི་རེ་བ་ཡོད། ལྷག་ཏུ་འདི་འདྲའི་སྐབས་སུ་སྐབས་འཚོལ་བ་ཚོས་སེམས་ཚོར་ཆེ་མདོག་གིས་སྤྱི་ཚོགས་དཀྲུག་སྲིད་པས་ཚང་མས་བསམ་བློ་རྒྱ་ཆེ་ས་ནས་གཏོང་དགོས་རྒྱུ་གལ་ཆེན་པོ་མིན་ནམ་སྙམ།
༼བོན་པོ་དང་རྙིང་མ་བཀའ་བརྒྱུད་གསུམ་ཀའི་སྤྱི་མཐུས་རྣམ་པ་དྲུག་གིས་རྒྱབ་སྐྱོར་བྱས་མེད་པ་དང་།༽ འདི་ཁྱེད་ཀྱིས་ག་འདྲ་བྱས་ནས་གསལ་གསལ་དག་དག་འདྲ་པོ་མཁྱེན་སོང་ངམ། རང་གི་བསམ་པར་རྒྱབ་སྐྱོར་བྱེད་མཁན་གྱི་གྲལ་དུ་ཆོས་ལུགས་སྤྱི་འཐུས་ཁ་ཤས་ཏན་ཏན་ཡོད་ཀྱི་དྲན། ཇོ་ནང་ནི་སྟོད་སྨད་བར་གསུམ་གང་སར་ཁྱབ་བསྡད་པ་ཞིག་ཡིན་ས་རེད། ཇོ་ནང་གི་སྤྱི་འཐུས་འགྲོ་མི་ཡིན་ན་ཨ་མདོ་བ་རྐྱང་རྐྱང་ཡོང་རྒྱུ་ཡིན་པའི་ངེས་པ་གང་ཡོད་དམ། །
ཀརྨ་བློ་གསལ་ལགས། ཁལ་ཁ་རྗེ་བཙུན་དམ་པ་སོག་པོའི་ཆོས་ལུགས་ཀྱི་དབུ་ཁྲིད་ཆགས་ཚུལ་དེ། སོག་པོར་ཇོ་ནང་གི་བསྟན་པ་དར་ཞིང་དེའི་བདག་པོ་ཁལ་ཁ་རྗེ་བཙུན་དམ་པ་ཡིན་པའི་ཆ་ནས་མ་རེད། དེ་ནི་སོག་པོར་རི་བོ་དགའ་ལྡན་པ་དར་ཞིང་དེའི་ཆོས་བདག་ཁལ་ཁ་རྗེ་བཙུན་དམ་པ་ཡིན་པའི་ཆ་ནས་རེད། ད་དུང་སོག་པོར་སྔོན་གྱི་རི་བོ་དགའ་ལྡན་པའི་དགོན་ཤུལ་ཆེ་ཁག་གསུམ་ལྷག་ཡོད་པའི་ཁྲོད་ཀྱི་གཅིག་ནི། སོག་པོ་དགའ་ལྡན་དགོན་པ་དང་། ཅིག་ཤོས་དེ་ཁལ་ཁའི་དགོན་པ་འདི་ཡིན། དགོན་པ་འདི་ཉིད་ཨུ་རུ་སི་དམར་པོ་ཤོག་ཁག་གིས་རྩ་གཏོར་བཏང་ནས་ཤུལ་ཙམ་ལས་མེད། ཅིག་ཤོས་དེ་བརྩེ་འཕེལ་གླིང་ཞེས་པའི་དགོན་པ་དེ་ཡིན། སྐབས་དེ་ཙམ་ན་སོག་པོའི་ཡུལ་དུ་དགོན་པ་ཆེ་ཤོས་དང་བླ་མ་ཆེ་ཤོས་དེ་ཁལ་ཁའི་དགེ་ལུགས་དགོན་དེ་ཉིད་དང་བླ་མ་ཁལ་ཁ་རྗེ་བཙུན་དམ་པ་དེ་ཉིད་ཆགས་ཙང་། ཁལ་ཁ་རྗེ་བཙུན་དམ་པར་སོག་པོའི་ནང་ཐོབ་དབང་དེ་ལྟར་ཆགས་པ་རེད། ད་མང་མི་ཤོད། ཕྲན་ཁྱེད་ཀྱི་འཁྲི་ནས་ཡོད་ཚེ། ངའི་མགོ་ལ་དབྱུག་པ་ཞིག་གིས་ཚ་ཐག་ཆོད་ཅིག་ཕོག་མེད་འགྲོ། ཀུ་རེ་ཡིན། བཀྲ་ཤིས་བདེ་ལེགས།
རྒྱལ་བ་ལྔ་པས་ཇོ་ནང་ཆོས་རྒྱུད་མེད་བླག་ཏུ་བཟོས་ཡོད། རྒྱལ་བཅུ་བཞི་པས་དེར་རྒྱབ་སྐྱོར་བཟོ་བཞིན་ཡོད། འདི་གཉིས་བར་གྱི་བྱེད་བབ་དེར་བསམ་ཞིབ་ཞིག་དགོས་འདུག། དགའ་ལྡན་ཕོ་བྲང་གི་སྐུ་དུས་རྒྱལ་བ་ལྔ་པས་རྟག་གཏན་ཕུན་ཚོགས་གླིང་དེ་དགའ་ལྡན་པར་སྒྱུར་བ་རེད། དགའ་ལྡན་ཕོ་བྲང་འདས་རྗེས་རྒྱལ་བ་བཅུ་བཞི་པས་དགའ་ལྡན་ཕུན་ཚོགས་གླིང་དེ་ཇོ་ནང་པར་སྒྱུར་རྒ྄ུ་ཡིན་ནམ། ཇོ་ནང་ཚང་ལ་ཆོས་རྒྱུད་གཞན་གྱི་ཐབ་དང་གོ་ས་ཡོད་ཚོད་དགོས་ཀྱི་ཡོད་ན། བོ་དོང་དང་གཞི་བྱེད་སོགས་ནང་པ་དང་། ཁ་ཆེ་དང་ཡེ་ཤེས། དམར་ཕྱོགས་བཅས་ལ་ཡང་དེ་དག་དགོས་རྒྱུ་ཡིན་པ་ནི་གཞི་གྲུབ་པ་རེད།
ཇོ་ནང་ལ་སྤྱི་འཐུས་དགོས་ངེས་ཡིན། ཡེ་ཤུ་དང་ཁ་ཆེ་བོད་པའི་ནང་གྲངས་འབོར་ཤིན་ཏུ་ཉུང་ཉུང་ཡིན། ད་ལྟའི་འཆར་ཁོང་ཚོར་སྤྱི་འཐུས་དགོས་འཁོ་མེད། ཁོང་ཚོར་སྤྱི་འཐུས་ནང་སླེབས་ན་བན་བོན་ཆོས་བརྒྱུད་སྤྱི་འཐུས་གྲྭ་རྒན་དེ་ཚོས། ཁོང་ཚོར་ཏག་ཏག་བཟོ་བགྱི་རེད། ཧ་ཧ་
ཚེ་བཀྲ་ལགས་ཀྱིས། གསུངས་སྟངས་ལ་བལྟས་ན་དྲང་མོ་ཞིག་མིན་པ་མངོན་གསལ་རེད། གང་ལྟར་ངས་འདི་ནས་ཤོད་འདོད་པ་ནི། ཇོ་ནང་ཚང་གིས་ཆོས་བརྒྱུད་སྤྱི་མཚུངས་ཀྱི་ཐོབ་ཐང་རྩོད་ཀྱིན་ཡོད་པ་ལས། སྤྱི་འཐུས་ཀྱི་སྐུབ་སྟེགས་ནམ་ཡང་རྩོད་ཀྱིན་མེད། འདི་དྲ་གྲོགས་ཚང་མས་ཤེས་ན་ལེགས། ང་ཚོས་མི་ལོ་ ༡༨ རིང་རང་གཞུང་ལ་ཕུལ་བའི་སྙན་ཞུ་དེ་དག་གི་ནང་དུ་ཡང་ཆོས་བརྒྱུད་སྤྱི་མཚུངས་ཀྱི་ཐོབ་ཐང་ཟེར་བ་ལས་སྤྱི་འཐུས་ཀྱི་སྐུབ་སྟེགས་ཟེར་བའི་ཚིག་ཟུར་ཙམ་ཡང་། དོན་ལ་ཡང་དེ་ལྟར་ཡིན། དཔེར་ན་བོད་གཞུང་ཆོས་རིག་ལས་ཁུངས་ནས་བཟུང་གཞུང་འབྲེལ་ཡིག་ཆ་ཁག་ཏུ་བོད་ཀྱི་ཆོས་བརྒྱུད་ཆེན་པོ་ལྔ་གཡུང་དྲུང་བོན་དང་དྲུག་ཅེས་བཀོད་ཅིང་། དེ་བཞིན་གཞུང་འབྲེལ་སློབ་དེབ་ཁག་སོགས་མདོར་ན་གཞུང་འབྲེལ་ཡིག་ཐོག་ཏུ་གོང་ལྟར་བཀོད་ན། ཇོ་ནང་བས་སྤྱི་འཐུས་ཀྱི་སྐུབ་སྟེགས་མི་རྩོད་པའི་འགན་ཁུར་ཆ་ཚང་ངས་ལེན་ཐུབ། ཡིན་ན་ཡང་གྲོས་ཚོགས་ནང་ནས་ཇོ་ནང་བར་སྤྱི་འཐུས་ཀྱི་ས་མིན་དགོས་མིན་གླེང་གིན་ཡོད་པ་དེ་སྤྱི་འཐུས་ཀྱི་ཁྲིམས་འཆར་ཞིག་རེད།
ཡང་གཅིག་བཤད་ན། དེ་སྔོན་ཟླ་གཉིས་པའི་ནང་ཆོས་ལས་ཀྱིས་བཀོད་སྒྲིག་འོག་རིས་མེད་ཆོས་བརྒྱུད་བགྲོ་གླེང་ཟེར་བ་ཞིག་འཚོགས་སྐབས། བོད་ཀྱི་ཆོས་བརྒྱུད་ཆེན་པོ་བཞི་དང་གཡུང་དྲུང་བོན་དང་བཅས་པའི་བགྲོ་གླེང་ཞེས་ཡོངས་ཁྱབ་གསལ་བསྒྲགས་སྤེལ་བ་ལྟ་བུ་རེད། ང་ཚོས་འདི་རྩོད་ཀྱིན་ཡོད་རེད། གནད་དོན་འདི་དྲ་གྲོགས་རྣམས་ཀྱིས་རང་སྟེང་དུ་བླངས་ནས་དྲང་མོར་གསུང་ན་རེད། དཔེར་ན། རང་ཉིད་ཀྱིས་དད་མོས་ཞུ་སའི་ཆོས་བརྒྱུད་དེའི་མཚན། གཞུང་འབྲེལ་ཡིག་ཐོག་ཏུ་མ་བཀོད་ན་དགོངས་ཚུལ་ཇི་འདྲ་ཡོད་དམ། དཔེར་ན་བོད་ཀྱི་ཆོས་བརྒྱུད་ཆེན་པོ་བཀའ་བརྒྱུད་ས་སྐྱ་དགེ་ལུགས་ཇོ་ནང་བོན་དང་བཅས་པ་ཞེས་ཡོངས་ཁྱབ་ཏུ་སྤེལ་ན་ཐུགས་ཚོར་ཇི་འདྲ་ཡོད་ས་རེད། གཞན་གྱི་སེམས་ཚོར་ཅི་མི་སྙམ་པར་འཇོག་པ་ནི་ཆེས་ཐ་ཤལ་གྱི་སྤྱོད་པ་རེད།
མདོར་ན་ཇོ་ནང་བའི་རེ་འདོད་ནི་ཧ་ཅང་གི་ཆུང་ཆུང་ཞིག་ཡིན། གསལ་བོར་བཤད་ན། གཞུང་འབྲེལ་ཡིག་ཐོག་ཏུ་མིང་བྱང་གཅིག་མཚུངས་སུ་འགོད་རྒྱུ་དེ་རེད། ཡིན་ན་ཡང་ཆུང་ངུ་དེ་ཆེན་པོར་བཟོ་མཁན་གྲོས་ཚོགས་ར་བ་དང་། སྐབས་འཚོལ་བའི་དྲ་འབུ་སྐོར་ཞིག་རེད། འདི་ཚང་མས་ཤེས་དགོས། དེ་མིན་ཇོ་ནང་ས་སྐྱའི་ཁོངས་ཡིན་མིན་གྱི་སྐད་ཆ་དེ་དེ་རིང་ལ་མཚོན་ན་ལོ་རྒྱུས་ཀྱི་ཟིན་ཐོ་ལྟ་བུར་ཆགས་བསྡད་ཡོད། འདི་གླེང་འདོད་མེད་ལ། གླེང་དགོས་ཀྱང་མེད།
ཡག་པོ་བྲིས་འདུག་གནས་ཚུལ་གསལ་བོ་ཤེས་བྱུང་ཐུགས་རྗེ་ཆེ།
རྫ་ཚེ་རིང་བཀྲ་ཤིས་ལགས་ནས་དྲང་པོ་ཡིན་ཟོལ་གྱིས་བྲིས་འདུག་མོད།དོན་གྱིས་འཁྱོག་བརྗོད་གནང་ཡོད།གལ་ཏེ་ཇོ་ནང་པར་སྤྱི་འཐུས་སྤྲད་ན་ཁ་ཆེ་དང་ཡེ་ཤུས་བོ་དོང་སོགས་ལའང་ཐོབ་ཐང་སྤྲོད་དགོས་རེད་ཅེས་གྲོས་ཚོགས་ནས་གསུང་བཞིན་པ་ཁ་གཡར་ས་ཙམ་མ་གཏོགས།དོན་དུ་མདོ་སྨད་ཀྱི་མི་གྲོས་ཚོགས་སུ་སླེབས་པར་མཐའ་གཅིག་ཏུ་དགག་བྱ་གནང་གི་ཡོད་པ་རེད།དེ་གྲོས་ཚོགས་འཐུས་མི་ཚོས་ཇ་ཁ་ཆང་ཁ་ནས་ཤོར་ཡོང་གི་ཡོད་རེད།
མདོ་སྟོད་དང་དབུས་གཙང་གི་མི་ཆོས་བརྒྱུད་སྤྱི་འཐུས་སུ་ཡོང་ཆོག་པ་ལ་མདོ་སྨད་ཀྱི་མི་ཡོང་མི་ཆོག་པ་དྲང་པོ་དང་འདྲ་མཉམ་གཏན་ནས་མ་རེད།འོན་ཀྱང་རྫ་ཚེས་གཉའ་གནོན་གཏོང་མཁན་དང་གཉའ་གནོན་མྱངས་མཁན་གཉིས་ཀ་སྡུག་ཅག་དང་གདན་གྲལ་གཅིག་ཏུ་བཞག་འདུག་པས་འཁྱོག་བརྗོད་རེད་ད།
ད་རེས་སྤྱི་འཐུས་ཚོས་གནང་སྟངས་དེ་དངོས་གནས་རྒྱ་མི་གུང་བྲན་ལས་ཀྱང་སྡུག་ཅག་ཆགས་སོང་།ང་རང་སྤྱིར་བཏང་ཆོལ་ཞེན་མེད་པ་དང་ཆོལ་ཁ་ཟེར་བ་དེར་མཐའ་གཅིག་ཏུ་ངོ་རྒོལ་བྱེད་མཁན་ཅིག་ཡིན་མོད།ད་ཆ་དྲང་པོ་དྲང་བཞག་བྱས་ན་བོད་མི་སྤྱིའི་བདེ་སྡུག་ཆེད་བློས་གཏོང་གིས་བཙོན་ལ་ཚུད་པ།རང་ལུས་མེར་བསྲེགས།བོད་ཀྱི་སྐད་ཡིག་རྒྱུན་འཛིན་སོགས་ཀྱི་ལས་འགུལ་མང་ཤོས་དེ་ཨ་མདོ་བ་ཚོས་སྤེལ་བཞིན་པ་རེད་དེ།འདིར་བོད་མི་ཚོས་དེ་ལ་བཀའ་དྲིན་བསམ་ཤེས་ཅུང་ཟད་ཙམ་ཡང་ཕར་བཞག་སྟེ་ཨ་མདོ་བ་ཅིག་སྤྱི་འཐུས་ཚུན་ལ་སླེབས་པར་གདོན་འདྲེ་མཐོང་བ་ནང་བཞིན་བཀག་འགོག་བྱས་ན།དེ་ལས་རྒྱུ་འབྲས་ལ་འགྲོ་གི་མ་རེད་ད།དེ་འདྲ་ལས་འབྲས་ཁྱད་བསོད་པ་ཚོར་དགེ་སློང་ཅིག་གིས་བརྒྱུད་དེ་རྒྱབ་སྐྱོར་གནང་ན།དགེ་སློང་གི་སྡོམ་དམ་ཚིག་ལའང་གནས་ཀྱིན་ཨེ་ཡོད་དམ།
ཇོ་ནང་པ་ཆོས་རྒྱུད་ཐོབ་ཐང་ལ་སྤྱི་འཐུས་རྣམས་པས་རྒྱབ་སྐྱོར་མ་ལངས་པར་བློ་ཕམ་བྱུང་། ཆོས་རྒྱུད་ཀྱི་ཐོབ་ཐང་སྤྲོད་དགོས་ངེས་རེད། ཇོ་ནང་ལ སྤྱི་འཐུས་གཉིས། ཁ་ཆེ་ལ་སྤྱི་འཐུས་གཅིག ཡེ་ཤུ་ལ་སྤྱི་འཐུས་གཅིག འདི་དག་ལ་སྤྱི་འཐུས་ཀྱི་རྐུབ་སྟེགས་སྤྲོད་པ་ཡིན་ན་སྤྱི་པའི་ཆེད་དུ་ཁེ་ཕན་འདུག་བསམས་ཀྱི་ཡོད།
༡་་་ཆོས་ལུགས་རིས་མེད་དང་ཆོལ་ཁ་དབྱེ་མེད་ཅེས་བཤད་བསྡད་པའི་རྩ་དོན་དེ་ཡང་ལག་ལེན་དང་མཐུན་དགོས། རྒྱལ་ཁབ་གཞན་དག་ཚོས་བལྟས་ནའང་བོད་བཙན་བྱོལ་བའི་སྒྲིག་འཛུགས་འདི་ལ་ཁ་ཆེ་དང་ཡེ་ཤུའི་སྤྱི་འཐུས་ཡང་འདུག་པས་ཆོས་ལུགས་རིས་མེད་དངོས་གནས་རེད་འདུག་བསམས་བསམས་ཤིག་ཡོང་གི་རེད་ལ་རིན་ཐང་ཆེ་རུ་འགྲོ་གི་རེད།
༢་་་གཉིས་ནས་ཁ་ཆེ་དང་ནང་པའི་བར་དུ་རྩོད་རྙོག་དང་འཁྲུག་རྩོད་མི་ཉུང་བ་ཡོང་བཞིན་འདུག་མོད། བོད་བཙན་བྱོལ་བ་ལ་ཁ་ཆེའི་ཕྱོགས་ནས་ཉེན་ཁ་འདུག ཉེན་ཁ་མི་ཡོང་བའི་ཆེད་དུ་ཁ་ཆེའི་སྤྱི་འཐུས་རེ་ཡོད་ན་ཕན་ཐོགས་ཡོང་སྲིད་པ་རེད་འདོད།
བོད་མི་རིགས་ཀྱི་འཐབ་རྩོད་ལ་ཁ་ཆེའི་རྒྱལ་ཁབ་ཁག་གིས་རྒྱབ་སྐྱོར་བྱས་མྱངས་མི་འདུག ཁ་ཆེའི་སྤྱི་འཐུས་རེ་སྐོས་ན་ཁ་ཆེ་ཚོས་ཀྱང་བོད་དོན་ལ་རྒྱབ་སྐྱོར་བྱེད་སྲིད་པ་རེད། གལ་སྲིད་རྒྱབ་སྐྱོར་མ་བྱུང་ནའང་དགྲ་ཁ་གཏད་ཆགས་མ་སོང་ན་ཕན་ཐོགས་རེད་བ།
༣་་་ཡེ་ཤུ་རྒྱལ་ཁབ་ཁག་ནི་བོད་དོན་རྒྱབ་སྐྱོར་བ་ཡོད་ན་མེད་ན་ཡེ་ཤུ་བ་ཚོ་རེད། བོད་པ་ཡེ་ཤུ་ཆོས་ལུགས་པ་ཚོ་ལ་ཡང་སྤྱི་འཐུས་ཀྱི་རྐུབ་སྟེགས་ཤིག་སྤྲོད་ན་ཁེ་ཕན་ཆེ་ཡི་རེད་འདོད། ཡེ་ཤུ་རྒྱལ་ཁབ་ཁག་གི་རྒྱབ་སྐྱོར་མེད་ན་བོད་བཙན་བྱོལ་བ་མུ་ཤི་བརྒྱབ་ཚར་ས་ཡོད་པ།
༤་་་་དུས་རྒྱུན་དུ་ང་ཅོ་རི་ཆོས་མེད་སྨྲ་བ་རེད་ཅེས་ཁ་བརྡའི་ཐོག་ཏུ་མི་མང་པོས་བཤད་བསྡད་ཀྱི་རེད། ང་ཅོ་རི་ཆོས་པ་ཞིག་མིན་ཀྱང་ཆོས་རྒྱུད་ཀྱི་སྤྱི་འཐུས་རྣམས་ལ་ཡིད་ཆེས་ཆེ་བ་བྱེད་མཁན་ཞིག་ཡིན། མི་སྐྱའི་སྤྱི་འཐུས་དེ་དག་ལས་ཆོས་རྒྱུད་ཀྱི་སྤྱི་འཐུས་རྣམས་པ་ལ་ཡིད་ཆེས་ཆེ་བ་ཡོད།
ང་ནང་པ་མིན་ཀྱང་དགེ་འདུན་སྡེ་ལ་ཡིད་ཆེས་ཆེ་བ་བྱེད་བཞིན་ཡོད། དགེ་འདུན་ལ་སྐྱབས་སུ་འགྲོ་བཞིན་མེད་ཀྱང་ཡིད་ཆེས་ཆེ་བ་བྱེད་བཞིན་ཡོད། ནམ་རྒྱུན་ཆོས་དད་ཆེ་མདོག་བྱེད་མཁན་་་ཕག་ཕྲུག་ལུང་རྟོགས་གཙོ་བོ་གྱུར་པའི་ཨབ་ཕྲུག་དེ་དག་གིས་མདོག་རྒྱབ་བཤམས་སོང་བ། ཆོས་རྒྱུད་ཀྱི་སྤྱི་འཐུས་རྣམས་པ་ལ་གླང་རྒན་ཟེར་ནས་བོས་སོང་།
xxxx ཆོས་རྒྱུད་ཀྱི་སྤྱི་འཐུས་རྣམས་པས་སྤྱི་རྒྱུར་ལྐོག་ཟ་བྱེད་ཀྱི་མ་རེད་བསམ་པའི་ཡིད་ཆེས་ཆེན་པོ་བྱེད་ཆོག་པ་འདུག ཁོང་རྣམས་པ་ཆོས་འདུལ་བའི་བཅའ་ཁྲིམས་ཁུར་མཁན་གྱི་དགེ་བཤེས་ཤ་སྟག་རེད་འདུག ང་ཅོ་རིས་སྙིང་ནས་ཡིད་ཆེས་བྱེད་བཞིན་ཡོད། ལྷ་རམས་བཀའ་རམས་སྔགས་རམས་གསུམ་ལ་ཅོ་རིས་རྟག་ཏུ་གུས་བཀུར་བྱེད་བཞིན་ཡོད།
མདོ་སྨད་ཚང་གིས་ཆོས་རྒྱུད་ཀྱི་སྤྱི་འཐུས་ལ་འདོད་རྔམ་ཡོད་ན། ཆོས་རྒྱུད་ཆེ་མོ་བཞི་དང་གཡུང་འབྲུང་བོན་དང་བཅས་པའི་ཆོས་ལུགས་སུ་མདོ་སྨད་པ་ཡོད་པས་ཨ་མའི་བུ་ལ་ཡོན་ཏན་ཡོད་ན་དགའ་ལྡན་ཁྲི་ལ་བདག་པོ་མེད་གསུངས་པ་ལྟར་ཆོས་རྒྱུད་ཚང་མའི་ནང་ལ་ཨ་མདོ་བ་ལ་གོ་སྐབས་ཡོད། འོན་ཀྱང་དེང་སྐབས་ཨ་མདོ་བ་ཚོས་བྱེད་བབ་དེས་མ་འོངས་པར་དགེ་ལུགས་སོགས་ཆོས་རྒྱུད་ཀྱི་སྤྱི་འཐུས་ལ་ཨ་མདོ་བར་ལམ་ཁ་མེད་པ་བཟོ་བཞིན་འདུག་གོ།
ཧང་ནག་པོ་དགུ་སང་སོང་། རྫ་ཚེ་ཟེར་བ་འདི་ཅི་འདྲའི་ཐེའུ་རང་རྒོད་པོ་ཞིག སྤྱི་འཐུས་རྣམས་ཀྱིས་གསང་བའི་སྒོ་ནས་འོས་ཤོག་སུས་བླུག་ཡོད་མེད་འོས་བསྡུའི་འགན་ཁུར་བས་རྫ་ཚེར་དངོས་ཤུགས་རྒྱུད་གསུམ་གང་རུང་ནས་བཤད་པ་ཁྲིམས་མཐུན་ཞིག་ཡིན་ནམ། ཡིན་རྒྱུ་མ་རེད་བསམ་གི། ལྟོས་དང་། རྫ་ཚེས་བཤད་ན། “ཇོ་ནང་ཆོས་བརྒྱུད་ཀྱི་ཞབས་སྟེགས་ལ་རྒྱབ་སྐྱོར་བྱེད་མཁན་བཅུ་བདུན་བྱུང་བའི་ཁྲོད་ཀྱི་བཅུ་ཐམ་པ་མདོ་སྨད་སྤྱི་མཐུས་ཀྱི་ཁོངས་ནས་བྱུང་ཡོད་པ་དང་། མདོ་སྟོད་སྤྱི་མཐུས་བཅུའི་ཁྲོད་ནས་རྒྱབ་སྐྱོར་བྱེད་མཁན་གཅིག་ཀྱང་བྱུང་མེད་པ་འདིས་” ཅེས་པས་ཇོ་ནང་ལ་སྤྱི་འཐུས་ཐོབ་མིན་གྱི་གནད་དོན་ཡོངས་རྫོགས་ཆོལ་ཁའི་འཐེན་འཁྱེར་བར་གྱི་གཡོ་སྒྱུ་ཞིག་ཏུ་བཟོས་འདུག ད་དུང་། “བོན་པོ་དང་རྙིང་མ་བཀའ་བརྒྱུད་གསུམ་ཀའི་སྤྱི་མཐུས་རྣམ་པ་དྲུག་གིས་རྒྱབ་སྐྱོར་བྱས་མེད་པ་དང་།” ཅེས་པས་བོན་པོ་དང་རྙིང་མ་བཀའ་རྒྱུད་གསུམ་གྱི་སྤྱི་འཐུས་ཀྱིས་ཇོ་ནང་ལ་རྒྱབ་སྐྱོར་བྱས་མེད་པ་ཨེ་བདེན་ནམ། ངའི་བསམ་བློར་འདི་འདྲ་ཞིག་དྲན་སོང་། ལོ་བཅུ་གྲངས་གོང་དུ་བོན་དང་རྙིང་མ་བཀའ་རྒྱུད་གསུམ་གྱི་བླ་ཆེན་རྣམས་པས་ཇོ་ནང་ལ་གལ་སྲིད་ས་སྐྱའི་ཁོངས་གཏོགས་མིན་པའམ་དེ་ལས་ལྷག་པའི་རང་རྐང་ཚུགས་པའི་བླ་རྒྱུད་དང་ལྟ་གྲུབ་ཡོད་ཚེ་ཇོ་ནང་བར་ཆོས་རྒྱུད་སྤྱི་མཚུངས་ཀྱི་ཐོབ་ཐང་སྤྲོད་པར་རྒྱབ་སྐྱོར་ཡོད་ཅེས་ཕྱག་ཡིག་མང་པོ་གནང་ཡོད་པ་རེད། དེས་ན། བོན་རྙིང་བཀའ་གསུམ་གྱི་སྤྱི་འཐུས་དག་གིས་ཀྱང་སོ་སོའི་བླ་ཆེན་རྣམས་པའི་གསུང་ལ་བརྩི་འཇོག་ཞུ་དགོས་ལ་ཞུས་ཡོད་རྒྱུ་རེད་སྙམ། མདོར་ན། ཇོ་ནང་ལ་སྤྱི་འཐུས་ཀྱི་ཞབས་སྟེགས་མ་རེག་པའི་དཀའ་ངལ་ཆོལ་ཁ་དང་ཆོས་ལུགས་འཐེན་འཁྱེར་གྱི་ངོ་བོར་མི་བསྒྱུར་རོགས་ཞུ། དེ་འདྲ་ཞིག་མིན་པའི་སྨོན་ལམ་ཡང་འདེབས་སོ། །
འོས་ཤོག་གི་གོ་སྐབས་ལན་གཅིག་རྫོགས་སོང་བ་རེད། ༧ས་སྐྱ་གོང་མའི་བཀའ་ཤོག་ཡོད་བཞིན་དུ་ས་སྐྱའི་སྤྱི་འཐུས་ནས་ངོ་རྒོལ་བྱུང་བ་ནི་རང་གི་བླ་མར་རྒོལ་བ་ལས་གཞན་ཅི། དེ་བཞིན་ཆོས་རྒྱུན་ཁག་གི་སྐུ་ཚབས་ལ་ཆོལ་ཁའི་ཕྱོགས་རིས་ཀྱི་ནད་ཐེབས་ཚར་བ་རྫ་ཚེས་གསུངས་པ་བཞིན་རེད། གལ་གནད་ཆེ་ཤོས་མ་འོངས་པའི་ཇོ་ནང་གི་ལམ་ཕྱོགས་རེད། ཇོ་ནང་ལ་ཆོས་དང་དམ་ཚིག་གི་འབྲེལ་བ་ཟབ་ཤོས་དང་། སྙིང་ཉེ་ཤོས་ས་སྐྱ་དང་བཀའ་བརྒྱུད་རེད། དེ་གཉིས་ཀ་ངོ་རྒོལ་བྱེད་མཁན་དུ་གྱུར་བས་མཉམ་གནས་ཐུབ་ཐབས་དཀའ། གཙོ་བོ་ས་སྐྱས་མ་འཇོན་པ་རེད། གལ་ཏེ་ས་སྐྱས་རྒྱབ་སྐྱོར་བྱས་ཡོད་པ་ཡིན་ན་རྩོད་པ་འདི་ཆོལ་ཁའི་སྒང་དུ་སླེབས་རྒྱུ་རེད། ཡང་ན་བཀའ་བརྒྱུད་པས་ཇོ་ནང་ཤངས་པ་བཀའ་བརྒྱུད་དུ་གྲགས་པའི་ཟེར་སྒྲོས་ལ་བརྟེན་རྩོད་པ་བྱེད་རྒྱུ་རེད། མཐའ་མ་ཇོ་ནང་ས་སྐྱ་ལ་སྐྱབས་བཅོལ་དུ་འགྲོ་རྒྱུ་ལས་འོས་མེད། འོན་ཀྱང་ད་ནི་ཕལ་ཆེར་ལོ་རྒྱུས་ཀྱི་ལེའུ་རྫོགས་ཟིན་པ་རེད། གུ་རུའི་ལུང་བསྟན་དུ། ས་འབྲི་བརྩད་ནས་བསྟན་པའི་བཞི་ཆ་ཉམ། །ཞེས་པར་ལྟར་དུས་རབས་རེ་ལ་བསྟན་པའི་ཆོམ་པོ་རེ་ཡོང་བ་ཆོས་ཉིད་རེད། དུས་རབས་འདིའི་རྩོད་པ་ས་ཇོ་གཉིས་ལས་བྱུང་བ་སྟབས་མ་ལེགས་ཀྱང་བྱུང་ཟིན། དུས་རབས་ཉི་ཤུ་པའི་ཆོས་ལུགས་ཀྱི་ལྟ་ཚུལ་ནི་རང་དབང་དང་གཉིས་ཕན། ཕྱི་གསལ་ནང་གསལ། སྤྱི་སྨན་གྱི་སྒོ་ནས་རིན་ཐང་འཇོག་པ་ལས་གནའ་བོའི་སྲོལ་ངན་དང་། བཙན་དབང་། སྒེར་གཅོད། ཕྱོགས་རིས་ཀྱི་ཁ་རྡུང་སོགས་དེ་ཙམ་འགྲོ་ས་མེད། བོད་མི་མང་སྤྱི་འཐུས་ཀྱི་སྤྱི་དང་སྒེར། ཆོས་ལུགས། རྒྱ་བོད་ཀྱི་གནད་དོན་སོགས་དཀྲུགས་ཤིང་ཁོ་ན་ལས་བོད་གོང་བུ་གཅིག་ཏུ་སྒྲིལ་ཐུབ་པའི་མོས་པ་དང་འཇོན་ཐང་གང་ཡང་མེད་པར་མངོན་གསལ་རེད། འདི་སྔ་མོའི་དུས་ནས་ཤེས་ཡོད། ད་ནི་བོད་དོན་ལ་བསམ་བློ་བཏང་ན་གཞོན་སྐྱེས་རྣམ་དཔྱོད་ཅན་ཆོས་ལུགས་དང་ཆོལ་ཁའི་ནད་ཀྱིས་མ་གོས་པ་ཚོའི་དུས་ལ་བབས། ཇོ་ནང་པ་ཚོའི་ལོ་བཅུའི་རིང་གི་བྱས་པ་འབྲས་མེད་དུ་གྱུར། ད་ལྟའི་བོད་ཀྱི་སྒྲིགས་འཛུག་འདི་མ་འཐོར་བར་ཇོ་ནང་ལ་གོ་སྐབས་མེད་པ་ཁོ་བོའི་སྔ་མོ་ནས་ལན་མང་པོར་བཤད་ཡོད། བོད་ཀྱི་སྤྱི་ཚོགས་ནས་ཕུད་ཟིན་པས་འཚོ་བའི་སྟེགས་བུ་འཚོལ་བའི་དུས་ལ་བབས། དཔེར་ནས་ཁ་སང་ཉིན་དང་པོའི་ཚོགས་ཆེན་གྱི་བགྲོ་གླེང་བྱས་པ་དང་ངས་ཇོ་ནང་པ་ཚོར་རེ་བ་མ་བྱེད། བསམ་བློ་གཞན་དུ་ཐོངས་བྱས་པ་ཡིན། འོན་ཀྱང་ཇོ་ནང་པ་ཚོས་༧གོང་ས་མཆོག་གི་བཀའ་གསུངས། ༧ས་སྐྱ་གོང་མས་བཀའ་སློབ།ཀརྨ་པས་ཞལ་བཞེས། བོད་ཀྱི་བླ་ཆེན་ཁག་གི་རྒྱབ་སྐྱོར། བོད་གཞུང་གི་ཡིད་ཆེས་ཀྱིས་རེ་བ་ཆེན་པོ་བྱས་འདུག ད་དུང་བཤད་རྒྱུ། བོདགཞིས་ལུས་རྒྱ་ཆེའི་་མི་མང་ལ་རེ་བ་ཡོད་དགོས། ཆོས་བརྒྱུད་སྤྱི་ལ་ཡིད་ཆེས་ཡོད་དགོས། ༧གོང་ས་མཆོག་ལ་དད་པ་ཀྱིས། བོད་ཀྱི་སྒྲིགས་འཛུག་ལ་རེ་བ་མ་བྱེད། སྒྲིགས་འཛུག་ནི་སྐབས་འཚོལ་བ་འགའ་ཞིག་གི་རང་དོན་ཁོག་བཅུག་གི་སྤྱི་དོན་གྱི་ཟློས་གར་འཁྲབས་སའི་གར་སྟེགས་རེད། གནམ་བཀའ་ཐངཟེར་བར། བོད་གཞུང་བོད་གཞུང་ཟེར་ཡང་། །དོན་ལ་ཁྱིམ་ཚང་གསུམ་རེད། །ཟེར་བའི་ཁྱིམ་བརྒྱུད་ཆེན་པོ་ཁ་ཤས་ཞིག་གི་བཟུང་ནས་ཡོད་པའི་ཚོགས་པ་ཞིག་རེད། སྔོན་གྱི་ཁྱིམ་ཚང་དང་ད་ལྟའི་ཁྱིམ་ཚང་ཅུང་ཟད་མ་འདྲ་བ་ཙམ་མོ། །རྒན་པོ་མགོ་མཁྲེགས་ཚོར་འཕོ་འགྱུར་མ་བྱུང་བར་བཙན་བྱོལ་ནང་ལ་ཇོ་ནང་བར་འདྲ་མཉམ་གྱི་ཐོབ་ཐང་རྩོད་པའི་ལམ་ཁ་མེད་པ་ཤེས་པར་གྱིས།
དྲི་མེད་ཀྱིས་བཤད་པ་ལྟར་རེད། ཇོ་ནང་ཚང་ཡང་ཉམ་ཆུང་ཉམ་ཆུང་གི་སར་མི་འདུག་པར་སྦོམ་ཤོད་ཆེན་པོ་བྱས་མྱོང་། ལོ་མང་པོའི་སྔོན་དུ་རེད། ཇོ་ནང་གི་སྨྱུག་ཐོག་པ་འགས་བཙན་བྱོལ་བོད་གཞུང་གིས་ཇོ་ནང་ལ་ཆོས་ལུགས་སྤྱི་མཚུངས་ཀྱི་གོ་སྐབས་མ་སྤྲོད་ན་ད་ནས་བཟུང་རྒྱ་ནག་དམར་པོའི་སྲིད་གཞུང་ལ་སྐྱབས་འཚོལ་གྱི་ཡིན་ཞེས་བཙན་བྱོལ་གཞུང་ལ་འཇིགས་བསྐུལ་གྱི་ང་རོ་ཚགས་ཤོག་ཁག་ཏུ་བསྒྲགས་མྱོང་། དེ་ལྟའི་ཆར་ཡང་ཇོ་ནང་བ་འགས་ངོ་དེབ་དང་དྲ་རྒྱ་ཁག་ཏུ་བཙན་བྱོལ་བོད་གཞུང་དང་མཁས་པ་ཟམ་གདོང་སོགས་བོད་ཀྱི་གནད་ཡོད་བླ་དཔོན་མང་པོ་དགྲ་ལྟར་བལྟས་ཏེ་ཚིག་གིས་མདའ་བསྣུན་མདུང་བསྣུན་མང་པོ་བྱེད་བཞིན་ཡོད། དེ་ནི་ཆོས་ལུགས་ཉམ་ཆུང་ཞིག་ལ་མཚོན་ན་རང་དབང་འཐབ་རྩོད་ཀྱི་སྒེར་ལངས་དམངས་གཙོའི་སྒོ་ཁར་འགྲིམས་པའི་འགོག་རྡོ་ཆེན་པོ་རེ་ཡིན་རྒྱུ་རེད་བསམ། གང་ལྟར་ཉམ་ཆུང་ཉམ་ཆུང་གི་སར་བཞུགས་ཏེ་ཆོས་རྒྱུད་སྤྱི་མཚུངས་ཀྱི་ཐོབ་ཐང་རིམ་པས་རྩོད་ཚེ་ནམ་ཞིག་ཁྱོད་ཚོར་རང་དབང་དང་འོད་སྣང་ཞིག་ཡོད་པ་བཤད་མ་དགོས་སོ། །
ཕྲན་གྱིས་རང་གི་རྨོང་འཆར་ཙམ་ཞིག་བྲིས། །དྲ་གྲོགས་རྣམ་པས་དེ་ལ་བསམ་ཚུལ་གསུང་། །
གཏམ་འདི་ཀུན་ལ་རན་པ་མི་སྲིད་པས། །ལོག་པར་དགོངས་ང་ལ་ཐབས་ཤེས་མེད། །
ལེགས་པར་དགོངས་ན་བསྟན་སྲིད་ཆེད་དུ་བསྔོ། །ཐུགས་སུན་བཟོས་པ་ཡོད་ན་དགོངས་དག་ཞུ། །
དམིགས་བསལ་གཏིང་ནོན་ལན་དང་ཡང་ལན་སོགས། །ཆེད་དུ་ཞབས་མཆན་འབྲི་བའི་བསམ་ཚུལ་མེད། །
གསལ་བཤད་ལམ་སྟོན་གནང་ན་གུས་འདུད་ཡོད། །མ་ཤེས་འཁྲུལ་པ་ཡོད་ན་གཟབ་གཟབ་བྱེད། །
དྲ་གྲོགས་རྣམ་པའི་ཐུགས་ལ་དེ་ལྟར་ཞོགས། །གླུ་ལ་ཡང་ལེན་མེད་པ་སྔར་ལུགས་ཡིན། །
ཅོ་རི་ཉ་མས་མ་ཤེས་པ་ཡིན་ནམ། ཡང་ན་སྐད་ཆ་སྐྱོག་ནས་བཤད་པ་ཡིན། གང་ལྟར་གོང་ས་མཆོག་དང་ས་སྐྱ་གོང་མ་གཉིས་ལ་ཟུར་ཟ་བྱེས་འདུག་སྙམ།
མ་འགྲིག་པའི་རྩ་བ་ནི་ཇོ་ནང་གི་སྤྱི་འཐུས་ཀྱི་ཐོབ་ཐང་ཡོད་མེད་ཀྱི་གནད་དོན་ཞིག་མིན་པར་ཆོས་བརྒྱུད་ཁག་གི་སྤྱི་འཐུས་དགོས་མིན་དེར་ཐུག་ཡོད། རྩ་ཁྲིམས་ལ་འགྱུར་བཅོས་གཏོང་དགོས་པ་ཡིན་ན་ཆོས་བརྒྱུད་ཁག་གི་སྤྱི་འཐུས་དགོས་མིན་ཐག་གཅོད་ཡག་པོ་བྱེད་དགོས་པ་རེད།
དེས་ཕྱིར་ན་མི་དམངས་ནང་འདིའི་སྐོར་ལ་བགྲོ་གླེང་ཤུགས་ཆེན་པོ་བྱེད་དགོས་ཀྱི་འདུག ཆོས་བརྒྱུད་ཁག་གི་སྤྱི་འཐུས་གྲོས་ཚོགས་ནང་མེད་པ་ཡིན་ན་ཇོ་ནང་གི་སྐོར་རང་བཞིན་གྱིས་འཇམ་འགྲོ་གི་རེད།
དེ་མིན་ན་ཇོ་ནང་དང་ཁ་ཆེ། ཡེ་ཤེས་བཅས་ལ་ཡང་ཐོབ་ཐང་དེ་སྤྲད་པ་ཡིན་ན་ཕན་ལས་གནོད་ཡོད་མ་རེད་སྙམ། རྒྱུ་མཚན་ནི་ཆོས་བརྒྱུད་གང་ཡིན་ཡང་བོད་ཀྱི་རྩ་དོན་ལ་ཕན་གནོད་གཅིག་མཚུངས་རེད།
ཁ་ཆེ་དང་ཡེ་ཤེས་ལ་ཐོབ་ཐང་དགོས་ཟེར་ན་སྤྱད་བཞག་ན་འགྲིག་གི་རེད་པ། དེ་ལ་སྐྱོན་ག་རེ་ཡོད་རེད་དམ།
རྒྱུ་མཚན་ནི། ཇོ་ནང་ཆོས་བརྒྱུད་ཀྱི་ཞབས་སྟེགས་ལ་རྒྱབ་སྐྱོར་བྱེད་མཁན་བཅུ་བདུན་བྱུང་བའི་ཁྲོད་ཀྱི་བཅུ་ཐམ་པ་མདོ་སྨད་སྤྱི་མཐུས་ཀྱི་ཁོངས་ནས་བྱུང་ཡོད་པ་དང་། མདོ་སྟོད་སྤྱི་མཐུས་བཅུའི་ཁྲོད་ནས་རྒྱབ་སྐྱོར་བྱེད་མཁན་གཅིག་ཀྱང་བྱུང་མེད་པ་འདིས་ད་ཐེངས་ཇོ་ནང་ཆོས་བརྒྱུད་ལ་ཞབས་སྟེགས་སྤྲོད་མིན་དེ་ཁམས་དང་ཨ་མདོའི་སྤྱི་མཐུས་བར་གྱི་གནད་དོན་ཞིག་ཏུ་བལྟས་ནས་རྒྱབ་སྐྱོར་དང་དགག་པ་བྱས་པ་ཧ་ཅང་གསལ།
གཙོ་ཆེ་བ་ཞིག་ནི།
སྐད་ཆ་འདི་ཁྲིམས་ཁང་ལ་འཁྱེར་ནས་ཁྲིམས་གཏུག་བྱེད་དགོས་པ་དང་རྫ་བ་ཚེ་རིང་བཀྲ་ཤེས་ཀྱི་སྐད་ཆ་འདིའི་ཡོང་ཁུངས་ལ་རྩད་གཅོད་བྱེད་དགོས་པ་ཞིག་ཆགས་འདུག་་ཧཧཧཧཧ
ཆོས་བརྒྱུད་ཁག་གི་བླ་ཆེན་ཚོས་ཤོག་བུ་དཀར་པོའི་སྟེང་ཡི་གེ་ནག་ནག་བྲིས་ཏེ་ཇོ་ནང་ལ་རྒྱབ་སྐྱོར་ཡོད་པ་གྲོས་ཆོད་བཞག་བཞིན་དུ། ཆོས་བརྒྱུད་སྤྱི་འཐུས་ཚང་མས་ཁམས་ཞེན་གྱིས་ཇོ་ནང་པར་རྒྱབ་སྐྱོར་མ་བྱས་པ་ནི། རང་རང་གི་ཆོས་བརྒྱུད་བླ་ཆེན་ཚོ་དང་ཁོང་ཚོའི་བར་དམ་ཚིག་གི་སེལ་བྱུང་བ་གསལ་བོ་རེད། གནས་ཚུལ་འདིའི་སྟེང་ནས་ཁོང་ཚོ་ཆོས་བརྒྱུད་དེ་དང་དེའི་སྤྱི་མི་གཏན་ནས་མིན་པར་ཆོལ་ཁའི་འཐུས་ཚབ་ཙམ་དང་། དེ་ལས་ཀྱང་བློ་གཟུ་བོར་མ་གནས་པ་ཕྱོགས་ཞེན་ཅན་ཞེ་གཅིག་ཡིན་པ་མཚོན་ཐུབ་པས། ཆོས་རྒྱུད་སྤྱི་འཐུས་དེ་དངོས་གནས་དགོས་དོན་གཏན་ནས་མེད་པ་རེད།
ཆོས་བརྒྱུད་སྤྱི་འཐུས་མུ་མཐུད་བཙན་བྱོལ་ནང་གནས་ན་ར་སྤུའི་འུར་ཆས་ར་རང་གི་ཀླད་པ་གཏོར་བྱེད་འོངས་ངེས་གཏན་རེད། ཁ་གསལ་ཏེ་བཤད་ན་ཆོས་རྒྱུད་སྤྱི་འཐུས་ཚོས་རིམ་པས་བཙན་བྱོལ་གཞུང་འདི་ཏན་ཏན་གཏོར་གི་རེད། མི་བདེན་ན་རིམ་པས་མཐོང་ཡོང་གི་རེད།
ཀླད་རྙིང་མཁྲེགས་བཟུང་ཅན་ཚོ། བོད་པར་བདག་པའི་བོད་ས་སྦར་མཐིལ་ཙམ་ཡང་མེད་པ་མ་ཟད། བོད་ཀྱི་ལུང་པར་བོད་ཀྱི་སྐད་ཡིག་བེད་སྤྱོད་བྱེད་པའི་ཐོབ་ཐང་ཡང་མེད་པའི་གནས་སྟངས་འདི་འདྲའི་སྐབས་ཆོལ་ཁ་ཆོས་ལུགས་ཀྱི་སྐོར་ཁ་རྩོད་དགོས་དོན་འདུག་གམ། བསམ་བློ་ཡག་པོ་གཏོང་རོགས། བོད་དོན་ཐོག་ཚེ་སྲོག་བཏང་མཁན་ཚོའི་ཁ་ཆེམས་དྲན་གསོ་བྱེད་རོགས། ལབ་རྒྱུ་དེ་རང་ཡིན།
་་་་་་་་་་་་་་ # 29 ཅོ་རི་ཉི་མ།་ལགས་ཀྱིས་མཆན་བཏབ་པ།:
March 27th, 2015 at 3:02 PM
ཇོ་ནང་པ་ཆོས་རྒྱུད་ཐོབ་ཐང་ལ་སྤྱི་འཐུས་རྣམས་པས་རྒྱབ་སྐྱོར་མ་ལངས་པར་བློ་ཕམ་བྱུང་། ཆོས་རྒྱུད་ཀྱི་ཐོབ་ཐང་སྤྲོད་དགོས་ངེས་རེད། ཇོ་ནང་ལ སྤྱི་འཐུས་གཉིས། ཁ་ཆེ་ལ་སྤྱི་འཐུས་གཅིག ཡེ་ཤུ་ལ་སྤྱི་འཐུས་གཅིག འདི་དག་ལ་སྤྱི་འཐུས་ཀྱི་རྐུབ་སྟེགས་སྤྲོད་པ་ཡིན་ན་སྤྱི་པའི་ཆེད་དུ་ཁེ་ཕན་འདུག་བསམས་ཀྱི་ཡོད། ་་་་་་་་་་་་་་་་ ཟེར།
ཀ་རྡོ་སོགས་ཀརྨ་པ་སངས་རྒྱས་སུ་འཛིན་མཁན་ཚོས། ཀརྨ་པ་ཨོ་རྒྱན་ཕྲིན་ལས་རྡོ་རྗེའི་ཇོ་ནང་ཆོས་རྒྱུན་གྱི་རྒྱབ་གཉེར་ཡི་གེ་གཟིགས་སམ། ཡོད་ན་འདིར་འགོད་རོགས། །
ཇོ་ནང་པ་ཚོས་སྤྱི་འཐུས་སྒོ་ཁར་ཞི་རྒོལ་གནང་།
འདོན་སྤེལ། ༢༠༡༥/༠༣/༢༨
དེ་རིང་སྔ་དྲོའི་ཆུ་ཚོད་དགུ་དང་ཕྱེད་ནས་བཟུང་ཇོ་ནང་ཆོས་བརྒྱུད་རྗེས་འབྲང་བ་མང་པོ་ཞིག་གིས་གངས་སྐྱིད་སྤྱི་འཐུས་ཚོགས་ཁང་སྒོ་ཁར་ཞི་རྒོལ་མགོ་འཛུགས་གནང་སོང་།
དེ་རིང་སྔ་དྲོའི་ཆུ་ཚོད་ ༩།༣༠ སྟེང་། སྐབས་བཅོ་ལྔ་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་དགུ་བའི་ལས་ཉིན་བཅུ་གཉིས་པ་དབུ་འཛུགས་དང་བསྟུན་ཏེ། ཇོ་ནང་འགྲོ་ཕན་ལྷན་ཚོགས་ཀྱི་ཚོགས་གཙོ་ཚངས་དབྱངས་རྒྱ་མཚོས་སྣེ་འཁྲིད་འོག དྷ་རམ་ས་ལ་ཁུལ་གཙོ་བྱས་པའི་བལ་ཡུལ་དང་ཕྱི་རྒྱལ། སིམ་ལ་ཇོ་ནང་དགོན་བཅས་ཀྱི་སྐྱ་སེར་ ༨༠ ལྷག་གིས་དྷ་རམ་ས་ལའི་གངས་སྐྱིད་སྤྱི་འཐུས་ཚོགས་ཁང་སྒོ་མཁར། དགོས་འདུན་དོན་ཚན་ ༤ ཡི་འོག་ནས་ཞུ་འབོད་ལས་འགུལ་ཞིག་སྤེལ་སོང་།
༡༽དགོས་འདུན་ཁག་ནི། གཞིས་བྱེས་བོད་མི་ཁྲི་ཕྲག་མང་པོའི་ལོ་ངོ་བཅོ་བརྒྱད་ལྷག་གི་རིང་སྙན་ཞུ་བརྒྱ་ཕྲག་ལྷག་ཕུལ་བ་རྩིས་མེད་བཏང་དགོས་དོན་ཅི་ཡིན་གསལ་བཤད་བྱ་དགོས་པ། ༢༽ས་སྐྱའི་སྤྱི་འཐུས་ག་ཟི་དགེ་བཤེས་ཚེ་རིང་པོ་གཙོས་ཆོས་བརྒྱུད་སྤྱི་འཐུས་རྣམས་ཀྱིས་༧གོང་ས་མཅོག་གི་བཀའ་སློབ་དང་། བོད་ཀྱི་ཆོས་བརྒྱུད་ཁག་གི་བླ་ཆེན་རྣམས་ཀྱིས་ཇོ་ནང་པར་རྒྱབ་གཉེར་སྤྲད་པའི་ཡིག་ཆ། དེ་བཞིན་ཆོས་ཚོགས་ཐེངས་བཅུ་གཅིག་པའི་གྲོས་ཆོད་བཅས་རྩིས་མེད་བཏང་དོན་ཅི་ཡིན་གསལ་བཤད་བྱ་དགོས། ༣༽ ཐེངས་འདིའི་གྲོས་ཚོགས་སྟེང་དྲང་བདེན་མིན་པའི་ཐག་གཅོད་ལ་ངོས་ལེན་མེད་པར་མ་ཟད། འགྲོ་གླེང་ཙམ་ཡང་མ་བྱས་པར་དགོངས་དོན་ཅི་ཡིན་གསལ་བཤད་བྱ་དགོས་པ། ༤༽ སྐབས་བཅུ་དྲུག་པའི་འོས་བསྡུའི་ལས་རིམ་མགོ་འཛིགས་མ་གནང་བའི་སྔོན་དུ། ཇོ་ནང་པར་ཆོས་བརྒྱུད་སྤྱི་མཚུངས་ཀྱི་ཐོབ་ཐང་གནང་ཕྱོགས་ཐག་གཅོད་གནང་དགོས།
གོང་འཁོད་དོན་ཚན་བཞི་པོར་ཡ་ལན་གསལ་ཁ མ་བྱུང་བར་དུ། ཇོ་ནང་འགྲོ་ཕན་ལྷན་ཚོགས་ཀྱི་རྒྱུན་ལས་རྣམས་དང་། སིམ་ལ་ཇོ་ནང་མ་དགོན་གྱི་མཁན་རིན་པོ་ཆེའི་དབུས་ལས་སྣེ་རྣམ་པ། བལ་ཡུལ་ཇོ་ནང་དགོན་པའི་ལས་སྣེ། ལྷོ་ཕྱོགས་གནད་ས་ཁག་ཏུ་སློབ་གཉཻར་གནང་བཞིན་པའི་ཇོ་ནང་གྲྭ་བ་ཁ་ཤས་དང་། དྷ་ས་ལྡ་ལྡི་ལིར་གནས་བཞུགས་ཇོ་ནང་ཆོས་བརྒྱུད་འཛིན་པ་ཁག་ཅིག་བཅས་ལས་གྲུབ་པའི་ཞི་རྒོལ་འདི་ཉིད་འཚམས་འཇོག་མི་བྱེད་པའི་དམ་བཅའ་ཡིན། ཞེས་འཕགས་ཡུལ་ཇོ་ནང་འགྲོ་ཕན་ལྷན་ཚོགས་ཀྱི་གཙོས་ཐེངས་འདིའི་འདིའི་ལས་འགུལ་བ་ཐུན་མོང་ནས། ཞེས་སོགས་འཁོད་འདུག
་་་་་་་་་་་་་ ༢༽ས་སྐྱའི་སྤྱི་འཐུས་ག་ཟི་དགེ་བཤེས་ཚེ་རིང་པོ་གཙོས་ཆོས་བརྒྱུད་སྤྱི་འཐུས་རྣམས་ཀྱིས་༧གོང་ས་མཅོག་གི་བཀའ་སློབ་དང་། བོད་ཀྱི་ཆོས་བརྒྱུད་ཁག་གི་བླ་ཆེན་རྣམས་ཀྱིས་ཇོ་ནང་པར་རྒྱབ་གཉེར་སྤྲད་པའི་ཡིག་ཆ། དེ་བཞིན་ཆོས་ཚོགས་ཐེངས་བཅུ་གཅིག་པའི་གྲོས་ཆོད་བཅས་རྩིས་མེད་བཏང་དོན་ཅི་ཡིན་གསལ་བཤད་བྱ་དགོས། ་་་་་་་་་་་་་་་་
ངོ་རྒོལ་བྱེད་བཞིན་ཡོད་པར་ཡག་པོ་བྱུང་འདུག འདི་ལ་དམངས་གཙོ་ལག་ལེན་སྟར་ཟེར་གི་རེད། མི་དམངས་ཀྱིས་ངོས་ནས་ཐོབ་ཐང་རྩོད་ལེན་བྱེད་མ་ཐུབ་པར་དྭང་བླང་བྲན་གཡོག་བྱས་བསྡད་སྡོད་པ་ཡིན་ན་དམངས་གཙོ་གནམ་ནས་མ་བབ་ཡོང་གི་མ་རེད། བོད་བཙན་བྱོལ་བའི་དམངས་གཙོ་ཡར་རྒྱས་འགྲོ་བཞིན་ཡོད་པར་དགའ་པོ་བྱུང་། ཉམ་ཆུང་ཚང་མས་ཐོབ་ཐང་རེག་པར་ཤོག
ཇོ་ནང་ལ་ཆོས་རྒྱུད་ཀྱི་ཐོབ་ཐང་སྤྲོད་དགོས་ངེས་རེད་ལ་་་དོལ་རྒྱལ་བ་ལ་ཆོས་དད་རང་དབང་སྤྲོད་དགོས་ངེས་རེད། ཉུང་ཤོས་ཤིག་རེད་ཟེར་ནས་ཉམ་ཆུང་ཚོའི་ཐོབ་ཐང་ལ་རྡོག་རོལ་གཏོང་ན་ལུགས་མཐུན་མ་རེད་དོ།
ང་ནི་ཆོས་རྒྱུད་གང་ཡང་མེད་པའི་སྤྱི་འཐུས་ལ་འདུག་འདོད་ཡོད། ང་ཚོ་ལ་ཡང་ས་མིག་གཅིག་མ་སྤྲད་ན། ཁ་བཙུམ་ནས་མི་འདུག་ཁོ་ཐག་ཡིན། ཧ་ཧ་ཧ།
རྫ་ཚེ་ནས་གསལ་བཤད་དགོས་པ་འདུག་བཀའ་རྒྱུད་རྙིང་མ་བོན་པོའི་སྤྱི་འཐུས་ཚོས་ཇོ་ནང་ལ་རྒྱབ་སྐྱོར་གནང་མེད་ཚུལ་གྱི་གསལ་བཤད་དགོས། དེ་མིན་དཀྲུགས་རྡོར་འགྱུར་བའི་ཉེན་ཁ་ཆེ། ཕྱོགས་ཅིག་ནས་རྫ་ཚེས་རང་གི་རྨོངས་འཆར་ཡིན་ཟེར་་་ཕྱོགས་ཅིག་ནས་ཅིག་ཅིག་ཉིག་ཉིག་ཟེར་ནས་གྲོས་ཚོགས་ར་བའི་ནང་གི་ཕྱི་ནང་གསང་གསུམ་ཐམས་ཅད་ཧ་གོ་བའི་སྐད་ཆ་བཤད་སོང་སྐད་ཆ་འདི་ལ་ཁུངས་བསྐྱེལ་གང་ཡོད་དམ་ཡོད་ན་ཡོད་ཚུལ་དང་རྨོངས་འཆར་ཡིན་ན་དེ་ལྟར་ཐག་ཆོད་པའི་སྐད་ཆ་མ་བཤད་ན་ལེགས།
ངོས་རྫ་མཁན་ཆེན་གྱི་རྣམ་དཔྱོད་ལ་བཙན་བྱོལ་ནང་དུ་འགྲན་བཟོད་བྲལ་བའི་མཁས་དབང་ཞིག་ཡིན་ཡང་ད་ཐེངས་བཙན་རྐུབ་ལ་ཞེན་ནས་མགྲིན་པ་ཅུང་ཞིག་འཁྱོགས་འདུག དེས་ནས་ངོས་ནས་ཇོ་ནང་ཚང་ལ་རྒྱ་ཆ་བརྒྱ་ཐམ་པ་རྒྱབ་སྐྱོར་ཡོད། ༧གོང་ས་མ་ཆོག་དང་ས་གོང་གིས་གསལ་གསལ་ཐང་ཐང་བཟོས་ཟིན་ན་གྲོས་ཚོགས་དེས་ཞབས་འདྲེན་ལ་ངོས་ལན་གཏན་ནས་མེད། ལྟ་སྒོམ་སྤྱོད་འབྲས་མདོ་སྔགས་རིག་གཞུང་ཐམས་ཅད་ས་སྐྱ་དང་དང་དགེ་ལུགས་བཀའ་བརྒྱུད་ལས་རང་རྐྱ་ཐུབ་པ་རྒྱལ་བ་ཇོ་ནང་གི་ལོ་རྒྱུས་ལ་རྡོག་མི་གནང་བར་འགྲིགས་འཛུགས་ལ་འབོད་སྐུལ་ཞུ་དགོས་ངེས་རེད། རྒྱལ་བ་ཇོ་ནང་པ་རྒྱལ། བདེན་པ་རྒྱལ་ལོ།། དཔལ་ལྡན་ཇོ་ནང་བའི་བསྟན་པ་རྒྱས་གྱུར་ཅིག།
ད་བྱས་དུས་རྫ་ཚེ་སྐད་ཆ་དེར་བདེན་དཔང་མེད་པ་ཞིག་ཨེ་རེད། ངས་ཁོང་གིས་ཐད་ཀར་གྲོས་ཚོགས་ཀྱི་ལས་རིམ་ལ་གཟིགས་ནས་ཤོད་ཀྱི་ཡོད་རེད་བསམས་ཡོད། དེས་ན་ཇོ་ནང་སྤྱི་འཐུས་ལ་རྒྱབ་སྐྱོར་བྱེད་མཁན་དང་མི་བྱེད་མཁན་དེ་རྫ་ཚེས་བཤད་པ་ལྟར་མིན་པ་འདྲ། གྲོས་ཚོགས་ཀྱི་ལས་རིམ་རྣམ་གཞག་དེ་སྐོར་གྱི་དྲ་འབྲེལ་འདིར་བཞག་ན་ཤེས་ན་ཐུབ། ངས་འཚལ་ཡང་མ་རྙེད། ད་འཚལ་བས་ལོང་ཡང་མི་འདུག
སྤྱིེར་གནད་དོན་འདིའི་རིགས་རྩོམ་ཞིག་རེད། དེང་སྐབས་རྩོམ་འབྲི་བར་ཁོམ་པ་མེད། དེ་བས། ཐད་ཀར་སྐད་ཆ་རྡོག་རྡོག་དེ་བཤད་དགོས་པ་འདྲ། རྒྱལ་བ་རིན་པོ་ཆེ་མཆོག་གིས་ཇོ་ནང་གི་སྤྱི་འཐུས་ཀྱང་༼དབུ་མའི་ལམ་ཕྱི་མ༽ཐག་གཅོད་སྟངས་ལྟར་གནང་བ་ཡིན་ན་དཀའ་ངལ་ཡོང་སྲིད་ཀྱི་མ་རེད་བསམ། ག་རེ་བྱས་ནས་དེ་ལྟར་གནང་བཞིན་མེད་པ་རེད་དམ། དྲི་བ་འདི་ཕྱོགས་གཉིས་ནས་རྒྱུས་ལོན་བྱེད་དགོས་པ་འདྲ། གཅིག་དེ་ཇོ་ནང་ཕྱོགས་ནས་མ་འདང་སའམ་འཐུས་མ་ཚང་བ་ཅི་ཞིག་འདུག ཕྱོགས་གཞན་དེ་ངྷ་རམ་ས་ལ་ཞེད་ས་ངོ་མ་དེ་གང་རེད་དམ།
མང་པོ་བཤད་ནས་མི་ཕན། དོ་སྣང་ཅན་ཞིག་ཡིན་ན་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་དུས་འདིའི་དྲྭ་བརྙན་ལ་ལྟོས་དང་། ཆོལ་ཁའི་འཐེན་འཁྱེར་འོག་ནས་ཇོ་ནང་ལ་གྱོང་ཕོག་པ་ཟུར་བལྟས་ལེབ་མཐོང་རེད། གྲོས་ཚོགས་འདི་སྔོན་མ་ཆོས་ལུགས་འཐེན་འཁྱེར་གྱིས་བཟི་མྱོང་། དེང་སང་ཆོལ་ཁའི་འཐེན་འཁྱེར་གྱིས་བཟི་འདུག དེ་དག་ཡོད་ཚད་ཕྱི་མའི་ཡུལ་ན་ཡོད་པའི་མི་རྒན་འགའ་ཡིས་བཏབ་པའི་ས་བོན་གྱི་འབྲས་བུ་རེད།
རྩོམ་ཡིག་འབྲི་མཁན་དང་ཞབས་མཆན་པ་ཚོ་མང་གཙོའི་སློབ་གྲྭར་སོང་། མང་གཙོའི་གོ་རྟོགས་མཐོ་རུ་ཐོངས།