ཙཱ་རྐང་དྲུག
ཕུགས་བསམ་ལ་སྨོན་པའི་ལྗོན་ཤིང་གི་ཚེ་སྲོག་དེ།
དགུན་འཁྱག་ཙག་རླུང་རྒོད་པས་བཙན་གྱིས་གཏོར་སོང་།
སྐྱོ་སྣང་གི་ན་བུན་འཁྱམས་པོ་དེ།
བྲག་རོང་གི་ངོས་སུ་ཐེངས་འགའ་རྡེབ་བཞིན།
གླུ་གར་ལ་རོལ་ནས་གདའ།
འདབ་ཆགས་རྐང་དྲུག་ལ་དབང་བའི་གདུང་ཁང་དེའང།
དགུན་འཁྱག་ཙག་རླུང་རྒོད་པོས་བཙན་གྱིས་གཏོར་སོང་།
བད་ཀྱིས་བཅོམ་པའི་མེ་ཏོག་གི་འདབ་ལོ་དག
རླུང་བུ་དང་འགྲོག་ནས་མཁའ་དབྱིངས་ལ་འཁུར་བཞིན།
ཞབས་བྲོ་ལ་རོལ་ནས་གདའ།
དུང་སེམས་ཀྱིས་སྐྱོང་བའི་ཁྱོད་དང་ངའི་མཛའ་བརྩེ་དེ།
དགུན་འཁྱག་ཙག་རླུང་རྒོད་པས་བཙན་གྱིས་གཏོར་སོང་།
ཤུལ་ཏུ་ལྷག་པའི་བདག་གི་བརྩེ་བ་རྨས་མ་འདི།
དབུགས་རིང་དང་འགྲོག་ནས་སྙན་ངག་ལ་འཐིམ་བཞིན།
བརྩེ་འཕྲིན་ལ་རོལ་ནས་གདའ།
དེ་རིང་ངས་དངོས་སུ།
སེམས་གཏིང་ནས།
བརྩེ་དུང་ལ།
སྡོམ་ཚིག་ཞིག་འགོད་པར་འདོད།
“ཁྱོད་ཀྱི་ཆེད་དུ་ང་འཆི་ཐུབ།”
ཅེས་བརྗོད་པ་ནི།
གནས་སྐབས་ཀྱི་ཚོར་ཤུགས་ཙམ་མོ།།
“ཁྱོད་མེད་ན་ང་གསོན་མི་ཐུབ།”
ཅེས་བརྗོད་པ་ནི།
སྐབས་བབས་ཀྱི་བསླུ་བྲིད་ཅིག་གོ།
“ཁྱོད་ཡོད་ན་གཞན་ཅི་ཡང་མེད་ནའང་ཆོག”
ཅེས་བརྗོད་པ་ནི།
མངོན་སུམ་གྱི་སྐྱག་རྫུན་ཞིག་གོ།
རྒྱུ་མཚན།
མྱི་ཟེར་བ་འདི་ནི།
སེམས་པ་གཉིས་དང་ཁ་གཉིས།
ལག་པ་གཉིས་དང་རྐང་པ་གཉིས།
ཡོད་ཚད་ནས་ཐམས་ཅད་གཉིས་ཅན་གྱི།
གདོན་འདྲེ་འཇིགས་སུ་རུང་བ་ཞིག་གོ།