ཆོས་རྫོང་བསྟན་པ།
ཟླ་འདིའི་ཕྱི་ཚེས་ ༡༤ ཉིན་གྱི་ཞོགས་པའི་ཆུ་ཚོད་ ༧ དང་སྐར་མ་ ༤༩ སྟེང་བོད་ཀྱི་ཡུལ་ཤུལ་ས་གནས་སམ་རྫ་སྐྱེ་རྒུ་མདོར་ས་ཡོམ་རིམ་པ་ ༧.༡ ཅན་ཞིག་བརྒྱབ་སྟེ་གནོད་པ་ཚབས་ཆེན་ཐེབས་པའི་གནས་ཚུལ་གསར་ལམ་ཁག་ཏུ་སྤེལ་བ་ལྟར་ན། རང་བྱུང་གོད་ཆག་འདིའི་ཁྲོད་ས་གནས་འདིའི་ཁང་པའི་བརྒྱ་ཆ་བརྒྱད་ཅུ་གྱ་ལྔ་རྨེག་མེད་དུ་བཏང་ཡོད་པའི་ཁྲོད། ད་ལྟ་བར་མི་དྲུག་བརྒྱ་དང་བཅུ་བདུན་རྐྱེན་ལམ་དུ་སོང་འདུག་ལ། དེའི་ནང་སློབ་ཕྲུག་ལྔ་བཅུ་ང་དྲུག་ཡོད་པར་བཤད། རྨས་སྐྱོན་ཕོག་པའི་མི་དགུ་སྟོང་བརྒྱ་དང་བཅུ་ཡོད་འདུག གར་སོང་མི་ཤེས་པའི་མི་སུམ་བརྒྱ་བཅུ་གསུམ་ཡོད་ཅེས་གསལ་བསྒྲགས་བྱས་འདུག
དེ་བཞིན་ཕྱི་ཚེས་ ༡༤ ཉིན་ྋགོང་ས་མཆོག་དང་བཙན་བྱོལ་བོད་གཞུང་གིས་བོད་ནང་གི་རང་བྱུང་གནོད་འཚེ་ཁྲོད་རྐྱེན་འདས་སུ་སོང་བ་དང་དེ་དག་གི་ནང་མིར་ཐུགས་གསོའི་འཚམ་འདྲི་དང་བསྔོ་སྨོན་སྐྱབས་འཇུག་གནང་ཡོད། ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་བོད་རིགས་འདུས་སྡོད་བྱེད་པའི་ས་གནས་ཁག་ཏུའང་གདུང་སེམས་མཉམ་བསྐྱེད་ཆེད་སྨོན་ལམ་གསོལ་འདེབས་གནང་གི་ཡོད་པའི་གནས་ཚུལ་གསར་ལམ་ཁག་ཏུ་ཐོན་ཡོད། དེ་ལས་ལྷག་པ་ཞིག་བཙན་བྱོལ་བོད་མི་རྣམས་ཀྱིས་སྒྲུབ་མི་ཐུབ་པ་གང་ཡང་མེད་མོད། སྒེར་གཅོད་སྲིད་གཞུང་གིས་བོད་གཞུང་དང་ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་གནས་པའི་བོད་རིགས་རྣམས་ལ་ས་གནས་ས་ཐོག་ཏུ་རྒུད་སྐྱོབ་བྱེད་པའི་གོ་སྐབས་དང་དངུལ་དངོས་ཞལ་འདེབས་ཕུལ་བར་དང་ལེན་བྱེད་མི་སྲིད་པའི་མི་ལོ་ལྔ་བཅུའི་རྒྱུན་ཤེས་རགས་པ་འདིས་ཀྱང་རྟོགས་མི་ཐུབ་པ་ག་ལ་སྲིད།
ཡུལ་ཤུལ་གྱི་ས་ཡོམ་གནོད་འཚེ་འདི་ང་ཚོ་བོད་མི་རིགས་ཀྱི་གོད་ཆག་ཆེན་པོ་ཞིག་རེད་ལ། དོན་རྐྱེན་འདིའི་འོག་མི་མང་གི་སྡོད་ཁང་དང་སློབ་གྲྭའི་སྡོད་ཁང་སྤུས་ཚད་ཧ་ཅང་ཞན་པས་གནོད་འཚེ་ཚབས་ཆེན་ཕོག་ཡོད་འདུག་ལ། སྒེར་གཅོད་གཞུང་གི་ལས་ཁུངས་དང་ལས་ཤག་ཆེར་མ་རྡིབ་པར་གཞིགས་ན། ས་གནས་དཔོན་རིགས་དང་ཨར་ལས་འགོ་པ་ཚོས་ལྐོག་ཟ་རུལ་སུངས་དང༌། མི་མང་མང་ཚོགས་ཀྱི་ཚེ་སྲོག་ལ་རྩིས་ཐང་མ་བཞག་པའི་རྫོང་ཁུལ་གྱི་འཛུགས་སྐྲུན་བྱས་པའི་མཇུག་འབྲས་ཡིན་ཀྱང༌། བོད་མི་ཤི་ན་རྩད་གཅོད་མེད་པའི་སྒེར་གཅོད་གཞུང་གི་ཁ་བྲལ་གྱི་བྱ་སྤྱོད་རྫོབ་པོ་དང་བཙན་རྒྱལ་རིང་ལུགས་ཀྱིས་མི་སེར་སྤེལ་ཡུལ་ལ་སྤྱད་པའི་རྩ་མེད་བཟོ་བའི་བྱེད་ཐབས་ཀྱང་ཡིན་སྲིད་མོད། རང་ཅག་ཕྱི་སྡོད་བོད་མི་ཚོས་བྱེད་ཐབས་སྣ་ཚོགས་སྤྱད་དེ་ཤུལ་གནས་བོད་མི་རྣམས་ཀྱི་འཚོ་བ་སླར་གསོ་ཡོང་བ་དང་སྨན་བཅོས་འཕྲོད་བསྟེན་དང་སློབ་མའི་སློབ་སྦྱོང་སོགས་ལ་རོགས་རམ་གང་ཐུབ་གནང་དགོས་པ་ནི་བྱ་བ་གལ་ཆེན་ཞིག་རེད་སྙམ།
མི་ཁྲི་བརྒྱད་ལྷག་ཡོད་པའི་ས་ཁུལ་འདིའི་ཁང་པའི་བརྒྱ་ཆ་བརྒྱད་ཅུ་གྱ་ལྔ་རྡིབ་པར་གཞིགས་ན། འདས་གྲོངས་དང་རྨས་སྐྱོན་ཕོག་པའི་གྲངས་ཚད་དེ་རྒྱ་དམར་སྒེར་གཅོད་གཞུང་གིས་ཚད་བཀག་བཟོས་ཡོད་པར་མངོན་ལ། སྒེར་གཅོད་གཅིག་སྡུད་ལམ་ལུགས་འོག་ཆེས་མངོན་གསལ་དོད་པ་ནི་ཆོ་ག་གཅིག་ལ་ཕྱག་ལེན་མི་འདྲ་བ་གཉིས་ཞེས་པའི་དཔེ་ལྟར། ཉིས་སྟོང་བརྒྱད་ལོའི་ཟི་ཁྲོན་ཁྲི་ཚང་རྫོང་ལ་ས་ཡོམ་གྱི་གནོད་འཚེ་ཕོག་སྐབས་ཛ་དྲག་མྱུར་སྐྱོབ་ཀྱི་བྱ་འགུལ་འཐུས་ཚང་སྒྲུབ་ཡོད་ལ། རྒྱལ་སྤྱིའི་གསར་ལམ་དང་ཕྱིའི་རོགས་སྐྱོར་དང་ལེན་དང༌། རྒྱ་ནག་རྒྱལ་ཡོངས་ཀྱི་གསར་འགྱུར་ཚན་པ་ཁག་གཅིག་གྱུར་ཐོག་གནོད་འཚེ་ཕོག་པའི་ས་གནས་ཀྱི་གསར་འགྱུར་ཐད་གཏོང་བྱས་ཏེ་མི་མང་གི་བསམ་བློ་གནོད་འཚེ་ཕོག་པའི་ས་ཁུལ་དུ་བསྒྱུར་ཐབས་བྱས་ཡོད། དེ་བཞིན་མི་མང་གིས་གདུང་སེམས་མཉམ་བསྐྱེད་གནང་སྟེ་རོགས་སྐྱོར་ཆེན་པོའང་ཐོབ། དེ་ནི་སྐབས་འཕྲལ་གྱི་རྐྱེན་ངན་གོ་སྐབས་སུ་བཟུང་སྟེ། སྲིད་དབང་སྒེར་གཅོད་པ་ཚོས་དམངས་སེམས་གཅིག་སྡུད་བྱེད་པའི་ལག་ཆར་སྤྱད་དེ། ཉིས་སྟོང་བརྒྱད་ལོའི་རྒྱལ་སྤྱིའི་ཨོ་ལིམ་པིག་རྩེད་འགྲན་ཆེན་མོ་ལམ་ལྷོངས་ཡོང་བའི་རམ་འདེགས་ཤིག་ཏུ་གྱུར་ཡོད་ལ། སྟབས་ཉེས་པ་ཞིག་ལ་བོད་མིའི་ཞི་བའི་ངོ་རྒོལ་གྱི་ལས་འགུལ་སྤེལ་སྒང་ཡིན་སྟབས། རྒྱ་རིགས་ཆེན་པོའི་ཆིག་སྒྲིལ་བེད་སྤྱད་ནས་མི་རིགས་དབྱེ་འབྱེད་ཀྱི་ལས་འགུལ་ཆེན་པོ་ཞིག་ཀྱང་དེ་དང་སྟབས་མཚུངས་སྤེལ་ཡོད།
སྐྱེ་དགུ་མདོའི་ས་ཡོམ་གྱི་གོད་ཆག་ལ་སྒེར་གཅོད་གཞུང་གི་གསར་འགྱུར་ཚན་པ་ཁག་གིས་གཅིག་གྱུར་ཐོག་གནས་ཚུལ་ཐད་གཏོང་བྱེད་ཀྱི་མེད་ལ། རྒྱལ་ཡོངས་གཅིག་གྱུར་གྱིས་གདུང་སེམས་མཉམ་བསྐྱེད་ཀྱང་བྱེད་ཀྱི་མེད། དེ་བས་ཕྱི་རྒྱལ་གྱི་རོགས་སྐྱོར་དང་ལེན་བྱས་པའི་གནས་ཚུལ་ཡང་མེད། ལྷག་པར་དུ་བོད་ཀྱི་རྒྱལ་ས་ལྷ་ས་ནི་བོད་རིགས་ཡོངས་ཀྱི་ཆོས་སྲིད་ཀྱི་ལྟེ་གནས་གཙོ་བོ་སྟེ་བོད་རང་སྐྱོང་ལྗོངས་སུ ཆུ་ཚོད་ཉེར་བཞི་ལ་སྟོན་བཞིན་ཡོད་པའི་བོད་སྐད་བརྙན་འཕྲིན་ཁང་གིས་ཀྱང་ཐད་གཏོང་བྱེད་ཐུབ་ཀྱི་མེད་ལ། དེ་ནི་སྒེར་གཅོད་གཞུང་གིས་བོད་མི་ཚོས་ཕན་ཚུན་ཆིག་སྒྲིལ་བྱེད་དོགས་ཀྱིས་ད་ལྟ་བར་བཅད་བགོས་བྱས་པའི་ཞིང་ཆེན་ལྔའི་བོད་མི་རྣམས་མུ་མཐུད་ཁ་བྲལ་གཏོང་བའི་བྱེད་ཐབས་ཤིག་དང༌། བོད་རིགས་ཕན་ཚུན་གྱིས་བརྩེ་སེམས་དང་སྙིང་རྗེ་ཡི་ལག་རྡང་སྦྲེལ་བར་གཏུམ་གཅོད་ཀྱི་རལ་གྲིས་གཏུབ་བཞིན་པའི་གནས་ཚུལ་དམར་རྗེན་ཞིག་རེད།
རང་བྱུང་གོད་ཆག་གི་གནས་སྟངས་གཅིག་ཀྱང་ཛ་དྲག་མྱུར་སྐྱོབ་ཀྱི་བྱེད་ཐབས་མི་གཅིག་ལ། གསར་གནས་ཁྱབ་སྤེལ་གྱི་ལས་འགུལ་དེ་བས་ཀྱང་མི་གཅིག་པའི་ངོས་དེ་གཉིས་ལ་བསམ་བློ་རེ་བཏང་ན། གཅིག་ཀྱང་མི་སྲིད་པའི་ངེས་ཤེས་དེ་བས་གཏིང་ཇེ་ཟབ་ཏུ་འགྲོ་བ་དེ་རེད། ཟི་ཁྲོན་ས་ཡོམ་གྱི་གོད་ཆག་སྐབས་བོད་མི་ཟོག་རྫི་ཚུན་བྱེས་གྱར་བོད་མི་སྐྱབས་བཅོལ་བ་དང་ཕྱི་སྡོད་རྒྱ་རིགས་མང་གཙོ་དོན་གཉེར་བ་མཉམ་འབྲེལ་གྱིས་ཞལ་འདེབསགྱིས་གདུང་སེམས་མཉམ་བསྐྱེད་ཀྱིས་རྒུད་སྐྱོབ་ཞལ་འདེབས་ཕུལ་ཡོད་ཀྱང༌། བོད་རིགས་ཚོའི་སྙིང་རྗེ་དང་བྱམས་སེམས་རྒྱ་ནག་མི་མང་གིས་ཤེས་རྟོགས་ཐུབ་མེད། རྒྱ་རིགས་མི་མང་རྣམས་བྱིས་པའི་རྩེད་སྤྱད་བཞིན་བཀོལ་སྤྱོད་བྱེད་བཞིན་པའི་སྒང་ཡིན་ལ་གསལ་བསྒྲགས་ཀྱང་བྱེད་མི་སྲིད་པ་ནི་སྒེར་གཅོད་པ་ཚོའི་ཁྱད་རྣམ་གཙོ་བོ་མ་ཡིན་ནམ།
གནས་ཚུལ་གཞན་ཞིག་ནི་ད་ཐེངས་ས་ཡོམ་བྱུང་ནས་ཆུ་ཚོད་བདུན་འགོར་ཡང་མྱུར་སྐྱོབ་བྱེད་མཁན་ཐོན་མེད་པ་དང༌། འགྲིམ་འགྲུལ་གྱི་ལམ་ཁར་གནོད་སྐྱོན་ཚབས་ཆེན་ཐེབས་མེད་ཀྱང༌། དལ་དལ་ལྷོད་ལྷོད་ཀྱིས་ཡོང་བཞིན་པའི་རྒྱ་དམག་དང་སྨན་བཅོས་རུ་ཁག་དེ་ཚོ་ལ་མྱུར་སྐྱོབ་རུ་ཁག་ཅེས་བཤད་ན་འཚམས་པོ་མི་འདུག རྒྱ་ཆེ་མི་མང་རྣམས་ལ་ཆེས་དོ་སྣང་འབྱུང་བཞིན་པ་ནི་བོད་མི་དང་ལྷག་པར་དུ་བོད་ཀྱི་དགེ་འདུན་པ་ཚོས་གོད་ཆག་བྱུང་བའི་ས་གནས་སུ་མྱུར་སྐྱོབ་བྱེད་བཞིན་པ་དེ་རྒྱ་ནག་གི་གསར་འགྱུར་དུ་མི་མཐོང་ལ། དམག་མི་ཚོ་སྒྱིད་ལུག་བཙོག་སྣང་གིས་ཁེངས་པའི་བརྙན་རིས་དང༌། མཚོ་སྔོན་ཞིང་ཆེན་གྱི་འགོ་གཙོ་གཞོན་པ་ལོའོ་ཧོ་ཡིས་ང་ཚོའི་ལས་བྱེད་ཚོ་ཁང་པ་འདིའི་འོག་མནན་ཡོད་པས་མྱུར་སྐྱོབ་བྱ་བཞིན་ཡོད་ཅེས་པའི་སྐད་ཆ་དེས་སྒེར་གཅོད་པ་ཚོའི་ངོས་ནས་མང་ཚོགས་ཀྱི་ཚེ་སྲོག་ལ་རྩིས་ཐང་གང་ཡང་མེད་པའི་རྣམ་པ་དེས་ད་ཐེངས་ཀྱི་གོད་ཆག་འདིའི་ཁྲོད་བོད་མི་ཚོའི་ཚེ་སྲོག་ཅི་ཙམ་ཞིག་སྐྱོབ་ཐུབ་མིན་དེ་ལ་སེམས་ཁྲལ་དང་དོགས་གནས་ཆེན་པོ་ཞིག་ཏུ་གྱུར་བ་དེ་རེད།
སྤྱིར་རྩོམ་ཐུང་འདི་བོད་ཀྱི་དུས་བབ་རྩོམ་སྒྲིག་ཁང་དུ་བསྐུར་ཡང་དྲ་རྒྱའི་སྟེང་བཀོད་མི་འདུག་པས། འདིར་ཁ་བརྡའི་ནང་འཚང་ག་མི་རྒྱག་ག་མེད་བྱུང་སོང༌། མི་བུ་སུ་ཞིག་ཡིན་ཡང་འདི་ལ་འགན་འཁྲི་ཞིག་འཁུར་དགོས་པ་བོད་མི་ཡིན་པ་ཙམ་དུ་མ་ཟད་འགྲོ་བ་མི་ཞིག་ཡིན་པའི་ཆ་ནས་ཀྱང་རང་ཉིད་ལ་འགན་འཁྲི་ཞིག་ཡོད་པས་བྲིས་པ་ཡིན།
ཆོས་རྫོང་བསྟན་པ། སྐུ་ཚེ་བརྟན། ཐུགས་ཁུར་གནང་བ་དེ་འདྲ་རེད། བདེན་པ་བཤད་ན་གྱོད་ཉོ་བའི་དུས་དང་རྫུན་པ་བཤད་ན་འུར་སྒྲོགས་པའི་དུས་ཞིག་རེད་འདུག་པས་ཅི་བྱ་ན་དགའ་འམ། འདི་ཚེས་༡༦ ལ་ངས་དབྱིན་ཡིག་ཐོག་ཏུ་ཤི་གྲངས་བོད་མི་ཁྲི་ལྷག་རེད་འདུག་ཅེས་བདེན་པ་བཤད་ཀྱང་རྒྱ་རིགས་སློབ་མ་དང་ཕལ་ཆེ་བས་ཡིད་ཤེས་ཀི་མི་འདུག སྐྱག་རྫུན་བཤད་ཟེར་ཀི་འདུག བདེན་པའི་དབང་པོ་རྫུན་གྱི་གནོན་ཤུགས་སྤྲད། །རྫུན་པའི་བཤད་ཡམས་སྒེར་སྤྱོད་གྱི་ན་བ། །སྡུག་བསྔལ་སེམས་ཀྱི་སྣོན་མ་གཉིས་བརྩེགས་འདི། །བདེན་དཔུང་དཀོན་མཆོག་གསུམ་པོས་སྟོན་པར་མཛོད། ། སྙིང་ནད་པས་་་་
སྟབས་ཉེས་པ་ཞིག་ལ་བོད་ མིའི་ཞི་བའི་ངོ་རྒོལ་གྱི་ལས་འགུལ་སྤེལ་སྒང་ཡིན་སྟབས།
སྟབས་ཉེས་པ་ཞིག་ལ་བོད་ མིའི་ཞི་བའི་ངོ་རྒོལ་གྱི་ལས་འགུལ་སྤེལ་སྒང་ཡིན་སྟབས།
སྟབས་ཉེས་པ་ཞིག་ལ་བོད་ མིའི་ཞི་བའི་ངོ་རྒོལ་གྱི་ལས་འགུལ་སྤེལ་སྒང་ཡིན་སྟབས།
སྟབས་ཉེས་པ་ཞིག་ལ་བོད་ མིའི་ཞི་བའི་ངོ་རྒོལ་གྱི་ལས་འགུལ་སྤེལ་སྒང་ཡིན་སྟབས།
ཆོས་རྫོང་བསྟན་པ་ལགས་ཀྱི། ཚིག་གྲུབ་འདི་ཚར་བཞི་ཙམ་བཀླགས་ཀྱང་ཚར་བཞི་ཀར་ངའི་བློ་ལ་མི་བདེ་ཐེངས་བཞི་ཙམ་ཤར་བྱུང་།