འཇམ་དབྱངས་དགྱེས་བློ།
ཆུང་དུས་སྦྱང་རྒྱུའི་འདུན་པ་མེད་པར།།
བྱིས་པའི་སེམས་ཀྱི་དགོད་སྒྲའི་འོག་ནས།།
བཀྲག་མདངས་འབར་བའི་ཤེས་རབ་སྣ་ཚོགས།།
དོན་མེད་ཟད་ལ་སྐྱོ་བ་ལོས་སྐྱེས།།
ད་ལྟ་སྦྱང་འདོད་སེམས་ལ་ཡོད་ཀྱང་།།
བར་ཆད་སྣ་ཚོགས་སྤྲིན་པ་འཁྲིགས་འཁྲིགས།།
ཅུང་ཟད་ལྷག་པའི་ཤེས་རབ་པདྨོ།།
གྲོལ་བའི་སྐལ་བ་ཡོད་ས་མ་རེད།།
ད་ནས་བརྩིས་པས་ལོ་འགའི་རྗེས་ལ།།
སུན་པ་སྣ་ཚོགས་ཡོད་ཚོད་མིན་ཡང་།།
ཤེས་རབ་རྒན་པོའི་ལང་ཚོ་ཟད་པས།།
མཛེས་མས་འཛུམ་ཞིག་བསྟན་རྒྱུ་མ་རེད།།
ཁྱེད་ཀྱི་དགོད་སྒྲ་ང་ལ་མི་དགོས།།
ཁྱེད་ཀྱི་འཛུམ་མདངས་ང་ལ་མི་མཁོ།།
ཁྱེད་ཀྱི་བསམ་ཤེས་འདུ་ཤེས་གཅིག་པུ།།
ཁྱེད་ཀྱིས་བྱིན་པའི་ལག་རྟགས་ཡག་ཤོས།།
ཁྱེད་རང་གཡང་ལ་ལྷུང་བ་ཚོར་ན།།
འཕྲང་ལས་ཐར་བའི་ཐབས་ཇུས་འཚོལ་དགོས།།
ད་དུང་ཚོར་རྟོག་གང་ཡང་མེད་ན།།
ཁྱེད་སེམས་རྡོ་ཡི་ཆ་རོགས་ཡིན་ནོ།།
མཐུན་རྐྱེན་ཚང་ཞིང་འགལ་རྐྱེན་མེད་དུས།།
ཤེས་བྱ་སྦྱོང་ལ་འཐུས་ཤོར་ཕྱིན་ན།།
ནམ་ཞིག་འགྱོད་པའི་མིག་ཆུ་སྐྱུར་མོ།།
སྙིང་ལ་ལྷུང་དུས་ཕྱི་བ་མིན་ནམ།།
ལྷིང་འཇགས་སེམས་ཀྱི་མདུན་དང་རྒྱབ་ཏུ།།
དོན་མེད་གཏམ་གྱི་གཡས་དང་གཡོན་ནས།།
ཉོབ་སྣང་སུན་སྣང་སྐྱེ་རུ་བཅུག་པས།།
ཆོ་ངེ་ཆེ་ཆུང་འགོག་ཐབས་མི་འདུག།།
ད་ལྟ་སྦྱང་འདོད་སེམས་ལ་ཡོད་ན། །
མཐུན་རྐྱེན་དེ་ལྷག་མེད་པ་རེད་དོ། །
སང་ཉིན་སྦྱང་འདོད་དེ་རིང་སྐྱེས་པ། །
འགལ་རྐྱེན་དེ་ལྷག་གཞན་ཞིག་མེད་དོ། །
སྦྱང་འདོད་སེམས་ལ་ཡོད་པ་ཙམ་གྱིས།།
མཐུན་རྐྱེན་ཡོད་ཚད་ཚང་བ་མ་རེད།།
སྤྲང་པོའི་བུ་ཕྲུག་མང་པོ་ཞིག་ལ།།
སྦྱང་སེམས་མེད་པ་སུ་ཡིས་སྒྲུབ་ནུས།།
སང་ཉིན་བྱ་དགོས་དེ་རིང་གྱིས། །
དེ་རིང་བྱ་དགོས་ད་ལྟ་གྱིས། །
ཀྰལིདྰས་ཀྱིས།
སང་ཉིན་བྱ་དགོས་དེ་རིང་བགྱིས་ན།།
ནངས་པར་ཅི་ཞིག་བྱ་རྒྱུ་ཡིན་ནམ།།
དེ་རིང་བྱ་རྒྱུའི་བགྱི་བ་སྣ་ཚོགས།།
སང་གནངས་བྱེད་མཁན་སུ་ཡང་མེད་དོ།།
རང་གིས་ཉོས་བའི་ཆང་དེ། ཆང་སྐྱུར་མོ་ཡིན་རུང་འཐུང་དགོས་རེད།
རང་གིས་ཟད་པའི་མྱི་ཚེ། དོན་སྙིང་བོ་མེད་རུང་འཚོ་དགོས་རེད།
ཉོས་པའི་ཆང་དེ་མངར་དང་སྐྱུར་མོ།།
གང་ཞིག་ཡིན་རུང་འཐུང་དགོས་བདེན་ཡང་།།
ཆང་ལ་དུག་ཆེན་ཡོད་པ་གོ་ནས།།
ཧབ་འཐུང་བྱས་ན་གྱི་ན་མིན་ནམ།།
ཧ་ཧ་ཧ།
སྐྱིད་པོ་རེ་བཤད། སྡུག་པོ་རེ་བརྗེད། གང་ལྟར་མྱི་ཚེ་ཟད་དགོས་ནི་རེད།
གནམ་ལགས་ཀྱིས་གསུངས་པ་ལྟར་བདེན་པ་ཡིན་ནི་རེད་ཡ།