ཆབ་མདོ་ངག་ཕུན།
སྔོན་བསགས་བཟང་པོའི་འབྲས་བུ། །༸རྒྱལ་བ་བསྟན་འཛིན་རྒྱ་མཚོ། །
དེ་རིང་ཞལ་མཇལ་གསུང་ཐོས། །ལུས་སེམས་བདེ་བར་འཁོད་སོང་། །
གསེར་ཁྲི་པདྨའི་སྟེང་དུ། །༸ཡིད་བཞིན་ནོར་བུ་བཞུགས་མཛད། །
ཞལ་རས་འཛུམ་མདངས་རྒྱས་འདྲ། །བྱམས་སེམས་ཆེ་བའི་སྐྱབས་མགོན། །
གངས་ཅན་པ་ཡི་༸མགོན་སྐྱབས། །སངས་རྒྱས་བསྟན་པའི་སྲོག་ཤིང་། །
བྱམས་དང་བརྩེ་བའི་བདག་ཉིད། །འཛམ་གླིང་ཞི་བདེའི་དེད་དཔོན། །
༸རྒྱལ་བའི་གཟིམས་ལམ་ནང་དུ། །དེ་བཞིན་གཤེགས་པ་མཇལ་ཞིང་། །
ཞལ་རས་འཛུམ་གྱིས་ཁེངས་སོགས། །བྱིན་ཅན་བཀའ་སློབ་གནང་བ། །
བཀའ་སློབ་དེ་དག་ཐོས་སུ། །ལུས་ཀྱི་བ་སྤུ་གཡོ་ཞིང་། །
མཆི་མ་འཁྲུག་བཞིན་དད་སེམས། །མོས་གུས་ཆེན་པོ་སྐྱེས་བྱུང་། །
རིན་བྲལ་གསུང་གི་བདུད་རྩི། །གངས་ཅན་པ་ལ་གནང་བྱུང་། །
བདག་སེམས་པད་མའི་ངོས་ལ། །ཉིན་བྱེད་ཤར་ལྟར་དགའ་སོང་། །
ལག་གཉིས་ཐལ་མོར་སྦྱར་ཏེ། །སེམས་ཁོང་རུས་པའི་གཏིང་ནས། །
སྐུ་ཚེ་ཡུན་རིང་བརྟན་པའི། །གསོལ་བ་སྨོན་ལམ་བཏབ་ཡོད། །
དེ་ཉིན་གསུང་ཆོས་ཞུ་མཁན། །མི་ཚོགས་ཧ་ཅང་མང་ཞིང་། །
༸རྒྱལ་མཆོག་མཇལ་བ་ཙམ་གྱིས། །ཚང་མ་བློ་ཁར་ཁེངས་འདུག །
དགུང་ལོ་དེ་ཙམ་ཕེབས་རུང་། །ད་དུང་ངལ་བ་མི་མཛད། །
མི་མང་ཆེད་དུ་དམིགས་ནས། །ཞལ་ཐང་ཕེབས་གནང་མཛད་པ། །
ད་ནི་གངས་ཅན་པ་རྣམས། །ནང་ཁུལ་ང་ཁྱོད་མ་རྩོད། །
ནུས་ཤུགས་གཅིག་ཏུ་སྤུངས་ནས། །ཕ་རོལ་ཁ་གཏད་གཅོག་དགོས། །
འདི་ནི་ཕྱི་ལོ་ ༢༠༢༥ ཟླ་ ༣ ཚེས་ ༡༤ ཆོ་འཕྲུལ་སྨོན་ལམ་ཆེན་མོའི་སྐབས་ལ་བརྩམས་པའི་སྙན་ངག་ཡིན་ཞིང། སྐབས་དེ་དུས་ཞོགས་པ་སྔ་པོ་ལངས་ནས་གསུང་ཆོས་ལ་ཕྱིན་པ་དང་། མི་ཚོགས་ཧ་ཅང་མང་ཞིང་། སྡོད་ས་མ་རག་ནས་ལངས་ནས་བསྡད། དེ་ཉིན་གནམ་གཤིས་ཧ་ཅང་བསིལ་དྲོད་མཉམ་པའི་དཀའ་ངལ་ཁྱོན་ནས་མ་བྱུང་། དེར་བརྟེན་༸རྒྱལ་བ་རིན་པོ་ཆེར་མཇལ་བའི་དད་གུས་ཀྱི་སེམས་ཚོར་གསལ་པོར་མཚོན་ཆེད་དུ་དམིགས་ནས་བྲིས་པ་ཞིག་ཡིན།