གཡང་སྐྱབས་རྒྱལ།
ཆོལ་ཁ་དང་ཆོས་ལུགས་ཀྱི་སྐད་ཆ་བཤད་རྒྱུ་ནི་རྡ་རམ་ས་ལའི་ནང་གི་བརྗོད་གཞི་གནད་འགག་ཅན་ཞིག་ཡིན། མི་ཚང་མས་བརྗོད་གཞི་འདི་འཆད་སྐབས་གཟབ་ནན་གྱིས་བཤད་ཅིང་། བཤད་ཕྱོགས་ནོར་ཚེ་ཉེན་ཁ་ཡང་ཆེན་པོར་བརྩི། ངས་ཟམ་གདོང་རིན་པོ་ཆེའི་གསུང་བཤད་ཅིག་དྲན། ཁོང་གིས། ཆོལ་ཁ་ཆོས་ལུགས་ཀྱི་སྐད་ཆ་འདི་དང་འཐེན་འཁྱེར་འདི་བོད་མིའི་སྤྱི་ཚོགས་ནང་དངོས་གནས་མེད་གསུངས། དེའི་རྒྱུ་མཚན་ནི་གཉེན་སྒྲིག་གི་ཕྱོགས་ནས་ལྟོས་ན་ཤེས། ཁམས་པའི་བུ་མོ་ལ་སྟོད་པའི་མག་པ་ཡོད་ལ། ཨ་མདོའི་ཕོ་གསར་ལ་དབུས་པའི་མནའ་མ་ཡོད་ཟེར། འདི་ལ་རྒྱུ་མཚན་མི་འདུག་ཅེས་དྲན་གྱི་མེད། ཡུལ་ལུང་སོ་སོའི་གོམས་གཤིས་ཀྱི་ཆ་ནས་མཐུན་དང་མི་མཐུན། གཏམ་གྱི་བཤད་ཕྱོགས་ནས་མཐུན་མི་མཐུན། ཟས་ཟ་ཕྱོགས་ནས་མཐུན་མི་མཐུན་སོགས་ལོས་ཡོད། ཡིན་ན་ཡང་འདི་ཆོལ་ཁ་དང་ཆོས་ལུགས་ཀྱི་འཐེན་འཁྱེར་སོགས་ལས་རྒྱང་རིང་བའི་གནད་དོན་ཞིག་རེད། མི་སྒེར་པའི་མི་ཚེ་ལ་བརྟགས་སྐབས་ང་ཚོ་ལ་ཆོལ་ཁ་དང་ཆོས་ལུགས་ཀྱི་བར་འདི་ན་དགྲ་གཉེན་གྱི་ཚོར་བ་ལྗིད་ཏིག་གེ་བ་ཞིག་མེད། ང་ཁམས་པ་ལ་དགའ། ང་ལ་ཁམས་པའི་གྲོགས་པོ་ཡོད། ང་དབུས་པ་ལ་དགའ། ང་ལ་དབུས་པའི་གྲོགས་མོ་ཡོད། ང་ཨ་མདོ་ལ་དགའ། ང་རང་ཨ་མདོ་ནས་ཡིན། ང་ཆོལ་ཁ་གསུམ་ལ་དགའ། ང་ཆོལ་ཁ་གསུམ་གྱི་མི་ཡིན། ཐུགས་རྗེས་གཟིགས། ཆོལ་ཁ་དང་ཆོས་ལུགས་ཀྱི་གླེང་རྙོག་འདི་མ་གསུངས་རོགས། བོན་པོ་ནི་ངའི་ཕ་མེས་ཀྱི་ཆོས་ལུགས་ཡིན། དེང་ངས་བསངས་གསོལ་བྱེད་ཅིང་ལབ་རྩེ་བསྟོད་པ་དེ་ནས་ཡིན། རྙིང་མ་ནི་བོད་ཀྱི་ནང་ཆོས་ཐོག་མ་དེ་ཡིན། བོད་ལ་གྲུབ་ཐོབ་མང་བ་དེ་ནས་ཡིན། བཀའ་བརྒྱུད་པ་ནི་མར་པ་དང་མི་ལའི་ཟབ་ཆོས་ཡིན། བོད་ལ་རི་ཁྲོད་པ་མང་བ་དེ་ནས་ཡིན། ས་སྐྱ་པ་ནི་དགེ་ལུགས་པའི་ཡབ་ཆེན་ཡིན། དགེ་ལུགས་པ་ནི་གྲུབ་མཐའ་ཚང་མ་ལས་བཏུས་པའི་བསྟན་པ་རེད། དགེ་འདུན་གྱི་སྡེ་མང་བ་ནི་དེ་ལས་ཡིན། ངའི་གཡས་གཡོན་ལ་གཟིགས་དང་། ཕ་བོན་པོ་ལ་བུ་རྙིང་མ་བ་ཡོད། བུ་ས་སྐྱ་བའི་ཕ་དགེ་ལུགས་པ་ཡོད། སྤུན་རྙིང་མ་བའི་སྤུན་བཀའ་བརྒྱུད་པ་ཡོད། འདི་ཚོ་ཚང་མ་ངེད་ཀྱི་ཁྱིམ་མི་ཡིན། ཆོལ་ཁ་དང་ཆོས་ལུགས་མ་གསུངས་རོགས། དེ་ལ་འཐེན་འཁྱེར་མ་གནང་རོགས། ངའི་ལག་པ་ནས་འཐེན་ན་ང་ན་གི་འདུག ངའི་མགོ་ནས་མནན་ན་ང་ན་གི་འདུག ངའི་གྲོད་པར་གཞུས་ན་ང་ན་གི་འདུག ཐུགས་རྗེས་གཟིགས།
ཨ་རོ། ཇོ་ནང་བ་དང་བོན་པོ་གཉིས་ཁྱོས་གནད་འགག་ཡོད་ས་འདི་ནས་བརྗེད་པའམ་ཡང་ན་བསྐྱུར་འདུག་ག འདི་འདྲའི་སྐབས་སུ་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་
ཁྱེད་རང་གི་རྩོམ་དེ་ཧ་ཅང་གི་ཡག་པ་འདུག་ལ་དོན་དངོས་ཡོད་ཐོག་དེ་དག་ལག་ལེན་ཡང་བསྟར་བཞིན་ཡོད།
ཡིན་ནའང་ཁྱེད་རང་གི་གསུངས་པ་དང་མི་འདྲ་བའི་རྙོག་འདྲ་འགའ་རེ་ཞིག་ཡོང་གི་ཡོད་པ་དེ་དག་ཡོང་རྒྱུ་མེད་པ་དེ་དེང་དུས་ཀྱི་ན་གཞོན་ཚོས་དགོངས་པ་ཆེན་པོ་ཞེས་དགོས།
དེ་དུས་ཀྱི་སློབ་སྦྱོང་ཡོད་པ་གང་ཞིག་ལ་ཆོས་ཁ་ཆོས་ལུགས་དབྱེ་བ་འབྱེད་རྒྱུ་ལ་དགའ་སྣང་སྐྱེས་དགོས་མཁན་འགའ་ཞིག་ཡོད་པ་དེ་ཚོ་ང་ཚོའི་བོད་མི་རིགས་ཀྱི་རྐང་པ་འཐེན་མཁན་རེད།
ང་ཚོ་ཚང་མ་གཅིག་པ་ཡིན་མ་འོངས་པར་རྡོག་རྩ་ཅིག་སྒྲིལ་བྱེད་དགོས།་་་་་་་་་་་བོད་རྒྱལ་ལོ།
གཡང་སྐྱབས་རྒྱལ་ལགས། དེ་དེ་བཞིན་ནོ། ཁྱེད་ཀྱིས་གསུངས་པ་མངོན་པར་བསྟོད། དེ་ལ་ཉེན་ཁ་འདྲ་བོ་ཞིག་སླེབས་དོན་དེ་བཙན་བྱོལ་བོད་མིའི་ཆབ་སྲིད་འཛིན་སྐྱོངས་ཐད་དམིགས་བསལ་གྱི་ཆབ་སྲིད་ཀྱི་ལྟ་གྲུབ་མི་མཐུན་པའི་ཚོགས་པ་མེད་སྟབས་འཐུས་མིའི་ཡོང་ཁུངས་ཀྱང་ཆོལ་ཁ་དང་ཆོས་རྒྱུད་ཅེས་ས་ཁུལ་དང་ཆོས་རྒྱུད་ཀྱི་སྒོ་ནས་དབྱེ་སྟབས་ནང་ཁུལ་གྱི་ཆགས་སྡང་ཅུང་ཟད་ཙམ་དེ་བྱུང་བ་རེད། ཁྱེད་ཀྱིས་ཤེས་གསལ་ལྟར། མི་ལ་ལ་ཞིག་གིས་གོ་སྐབས་དེ་བཟུང་ནས་ཆོལ་ཁ་སོགས་ཀྱི་དར་ཆ་འཕྱར་ཏེ་སྐྱིད་ཟ་སྐྱིད་ཉལ་བྱེད་བཞིན་པ་འདི་ཚོའི་རྗེས་སུ་མི་འབྲངས་བ་གལ་ཆེན་པོ་རེད།
ཇོ་ནང་བའི་གྲུབ་མཐའ་འདི་སྔོན་ཆད་ཤུགས་ཆེར་དར་བའི་ལོ་རྒྱུས་འདུག རྗེ་ཐམས་ཅད་མཁྱེན་པ་ཙོང་ཁ་བས་ཀྱང་། ཕྱོགས་རྒྱལ་བ་ལས་དུས་འཁོར་དང་། ཉ་དབོན་ཀུན་དགའ་དཔལ་གྱི་དྲུང་ལས་ཕར་ཕྱིན་སོགས་གསན་ཡོད་པ་རེད། དེང་སང་ཇོ་ནང་བ་རེད་ཟེར་ན་ཁས་མི་ལེན་པ་དང་། གྲུབ་མཐའ་འདི་ཡང་ཉམས་ཆག་ཏུ་འགྱུར་གི་ཡོད་པ་འདྲ། འདིའི་སྐོར་ལ་ཁྱེད་ཅག་ལ་གསུང་བཤད་རེ་གནང་རྒྱུ་ཡོད་དམ།