མི་གསོན་པོས་འོས་སྦྱོར་བྱས།
མཆོག་གསུམ་རྩ་གསུམ་བདེན་ཚིག་གྲུབ་པའི་ཚོགས།།
ཁྱད་པར་གངས་ཅན་སྐྱོང་བར་ཞལ་བཞེས་པའི།།
ཕྱག་ན་པདྨོ་སྒྲོལ་མ་མཚོ་སྐྱེས་རྒྱལ།།
བསིལ་ལྗོངས་ལྷ་དང་སྲུང་མས་བྱིན་རླབས་སྩོལ།།
རིགས་གསུམ་སེམས་དཔའི་རྣམ་རོལ་སྤྲུལ་པའི་རྒྱལ།།
ལོ་པཎ་རིག་འཛིན་གྲུབ་བརྙེས་འཕགས་པའི་ཚོགས།།
གསར་རྙིང་བཀའ་གཏེར་རིང་ལུགས་འཛིན་པའི་སྡེ།།
བརྟན་མ་མགུར་ལྷ་བཅས་པས་མཐུན་འགྱུར་མཛོད།།
འགྲན་བྲལ་སྟོབས་དང་ཕུན་ཚོགས་བདེ་བའི་གཞི།།
ཕན་བདེའི་དམ་ཆོས་ཞི་བསིལ་ཐར་པའི་རྟེན།།
ལུགས་གཉིས་སྲོག་གི་གསོས་སུ་སྨིན་པ་ཡི།།
ཆོལ་གསུམ་མཛའ་བརྩེ་ཡུན་དུ་བརྟན་གྱུར་ཅིག།
ཡབ་ཆེན་བྱང་སེམས་སྤྲེའུའི་དུང་གི་རུས།།
གདོང་དམར་སྲིན་མོའི་བརྩེ་བ་ཁྲག་གི་རྒྱུན།།
གཅིག་ནས་དུ་མར་འཕེལ་བའི་གདོང་དྲུག་སྤུན།།
ཆོལ་གསུམ་མཛའ་བརྩེ་ཡུན་དུ་བརྟན་གྱུར་ཅིག།
ཐུབ་དབང་གངས་རི་སྤོ་ལས་ལེགས་འོང་པའི།།
བཀའ་བབས་ཁ་འབབ་རྣམ་བཞིའི་བདུད་རྩིའི་ཆབ།།
ལྟ་སྒོམ་རྒྱ་མཚོའི་ཀློང་དུ་རོ་གཅིག་པའི།།
ཆོལ་གསུམ་མཛའ་བརྩེ་ཡུན་དུ་བརྟན་གྱུར་ཅིག།།
མེས་དབོན་བཙན་པོའི་བཀའ་ཁྲིམས་ཉི་མའི་འོད།།
རུ་བཞི་འབངས་ཀྱི་གཅིག་སྒྲིལ་རླུང་གི་ཤུགས།།
སུམ་གཉིས་ས་ཆེན་སྟོབས་ཀྱིས་དབང་བསྒྱུར་བའི།།
ཆོལ་གསུམ་མཛའ་བརྩེ་ཡུན་དུ་བརྟན་གྱུར་ཅིག།
དབུས་གཙང་གཤིས་འཇམ་འོ་མའི་རྒྱ་མཚོ་ཆེར།།
མདོ་སྟོད་སྙིང་སྟོབས་རླབས་ཀྱི་གདེངས་ཀ་འཕྱོ།།
ཨ་མདོའི་རིག་རྩལ་བཅུད་ཀྱིས་མ་སྟོང་བའི།།
ཆོལ་གསུམ་མཛའ་བརྩེ་ཡུན་དུ་བརྟན་གྱུར་ཅིག།
སྐྱིད་པའི་སྐོར་བྲོ་ལག་ཟུང་མཐུད་ནས་འཁྲབ།།
སྐྱོ་གདུང་ཁྲག་དང་མིག་ཆུས་བཞུར་རྒྱུན་འདྲེས།།
སྐྱིད་སྡུག་འདུན་པའི་ལས་དབང་མཐུན་པ་ཡི།།
ཆོལ་གསུམ་མཛའ་བརྩེ་ཡུན་དུ་བརྟན་གྱུར་ཅིག།
ལྷ་ཆོས་དམ་ཚིག་འོ་ཆུ་གཅིག་ཏུ་འདྲེས།།
མི་ཆོས་རུས་དང་རིགས་རྒྱུད་མཉམ་དུ་སྦྲེལ།།
ལུགས་གཉིས་གསེར་གྱི་ཨ་ལོང་མ་ཆད་པའི།།
ཆོལ་གསུམ་མཛའ་བརྩེ་ཡུན་དུ་བརྟན་གྱུར་ཅིག།
རླབས་ཆེན་སྤྱི་དོན་གཉེར་བའི་དམ་པ་ལ།།
ཆོས་དང་ལུང་པའི་བསྙད་ཀྱིས་མི་སྨད་པར།།
རེས་བྲལ་མང་པོས་བཀུར་བའི་མགོ་བོ་མཐོ།།
ཆོལ་གསུམ་མཛའ་བརྩེ་ཡུན་དུ་བརྟན་གྱུར་ཅིག།
བསིལ་ལྡན་ལུགས་གཉིས་སྤྱི་ལ་སྨིན་པའི་ལས།།
མ་བསྐུལ་དང་དུ་ལེན་ལ་སེམས་ཁ་མཉམ།།
གཅིག་སྒྲིལ་དཔུང་པའི་ཤེད་མོང་མ་ཉམས་པའི།།
ཆོལ་གསུམ་མཛའ་བརྩེ་ཡུན་དུ་བརྟན་གྱུར་ཅིག།
ཕྱི་ན་ཆོས་བརྒྱུད་རྩོད་པའི་ཕྱོགས་རིས་ཡལ།།
ནང་ན་རྩྭ་ས་རྩོད་པའི་ཁྲག་རྒྱུན་ཆད།།
མཐུན་སྒྲིལ་རྐང་པའི་གོམ་སྟབས་མ་ནོར་བའི།།
ཆོལ་གསུམ་མཛའ་བརྩེ་ཡུན་དུ་བརྟན་གྱུར་ཅིག།
ཆོས་སྐྱོང་རྒྱལ་སྲིད་གསེར་གྱི་ཡུ་བ་ལ།།
མངའ་འབངས་གཅིག་སྒྲིལ་ལྷ་ཡི་གོས་བཟང་ལྷུབ།།
སྡེ་བཞིའི་ནོར་བུ་ཏོག་གིས་རབ་མཛེས་པའི།།
ཆོལ་གསུམ་མཛའ་བརྩེ་ཡུན་དུ་བརྟན་གྱུར་ཅིག།
སྲས་བཅས་རྒྱལ་བའི་མཐུན་འགྱུར་མེ་ཏོག་ཆར།།
བསླུ་མེད་རྟེན་འབྱུང་དགེ་བའི་དཔྱིད་དུ་སྨིན།།
རྣམ་དག་སྨོན་པའི་འབྲས་བཟང་སྟོབས་རྫོགས་ཏེ།།
ཆོལ་གསུམ་མཛའ་བརྩེ་ཡུན་དུ་བརྟན་གྱུར་ཅིག།
ཅེས་པ་འདི་ཡང་གངས་ཅན་དགེ་བའི་རིགས་སུ་སྐྱེས་ཤིང་གདོང་དམར་བའི་ཆོས་རིག་ལ་རྣམ་པར་དཀར་བའི་བསམ་པ་ཅན་ཡུལ་ཤུལ་བ་ཀར་ཚེས་ཁྲི་མུན་དུ་སྦྱར་བ་འདིས་ཀྱང་ལུགས་གཉིས་ལང་ཚོ་དར་བའི་རྒྱུར་གྱུར་ཅིག། །།
ཛམ་གླིང་ཤར་ནུབ་མཐུན་དགོས་ན། །
ཆོལ་གསུམ་མཐུན་འབྲེལ་དེ་བས་དགོས། །
བརྗོད་བྱ་རྗོད་བྱེད་ལེགས་གྲུབ་པས། །
གསོན་པོའི་སྨོན་ཚིག་གྲུབ་གྱུར་ཅིག །
ཚིག་སྦྱོར་བ་སྙན་པོ་རེད། སེམས་བསམ་པ་དཀར་པོ་རེད། མྱི་གསོན་པོ་མ་ཤི་ན། སྐེ་གཅོད་རྒྱུ་མིན་ཐག་རེད། ཧ་ཧ་ཧ།
བཀུར་འོས་ཁ་བརྡ་མཆོག་ལ་ཟུར་ཞུས་བྱས་ཡོད་ཀྱང་ཕལ་ཆེར་གཟིགས་མེད་པ་འདྲ། དེས་ན་ཀློག་པ་པོ་དང་རྒྱ་ཆེན་མང་ཚོགས་ལ་དགོངས་དྭངས་ཞུ་རྒྱུར། གོང་གི་རྩོམ་འདི་ད་ལྟར་བཙྭོན་ར་ནང་དུ་ཡོད་བཞིན་པའི་ནང་ཆེན་ཇ་བ་དགོན་གྱི་མཁན་པོ་ཀར་ཚེ་མཆོག་གིས་རྩོམ་གནང་བ་ཞིག་ལས་ངས་བྲིས་པ་ཞིག་མ་རེད།
རྩོམ་བྱང་དེ་ལ་གཟིགས་འཚལ།
ཇི་ལྟར་ལྷག་བསམ་དག་པའི་སྨོན་ལམ་དེ་འདི་ལྟར་ལེགས་པར་གྲུབ་པའི་སྨོན་ལམ་འདེབས་སོ། མངྒ་ལམ།
མགོ་ནག་གངས་ཅན་རྒྱུད་པ་ཀུན། མགོ་རྡོག་ལྷ་ཀླུ་ཐམས་ཅད་ཀྱིས། མགོ་མེད་ཚོ་མེད་མ་བཞག་པར། མགོ་འདོན་སྐྱོང་བའི་དྲན་གསོ་ཐོངས།
ལེགས་པར་བྲིས།
ལེགས་འོང་པའི།། མིང་མཐར་པ་ཡོད་པས་ཡང་འཇུག་ཆད་པར་དཔགས། དེས་ན་འོངས་པ་ཡིན་ནམ་སྙམ།
མདོ་སྟོད་སྙིང་སྟོབས་རླབས་ཀྱི་གདེངས་ཀ་འཕྱོ།། ཞེས་པ་དོན་མ་གོ་བས། བོད་ཚིག་མཛོད་སྒྲིག་ཡི་གེའི་སྲོལ་གཏོད་མཁན་ཇར་མན་པ་ཇས་ཀེས་མཆོག་གིས་འཕྱོ་བའི་དོན་མང་དུ་བཀོད། དེ་བཞིན་བོད་རྒྱ་ཚིག་མཛོད་ན། འཕུར་ལྡིང་སོགས་དོན་དུ་མང་དུ་གསུངས།
ཨ་མདོའི་རིག་རྩལ་བཅུད་ཀྱིས་མ་སྟོང་བའི།། མ་སྟོང་བའི།། ཞེས་པར་ཕལ་སྐད་ཤོར། ཡིག་སྐད་དུ་མ་སྟོངས་པའི། ཡང་ན། མ་སྟོང་པའི་དགོས་སོ་སྙམ།
གཅིག་སྒྲིལ་དཔུང་པའི་ཤེད་མོང་མ་ཉམས་པའི།། མོང་གི་དོན་དག་མ་ཤེས།
མངའ་འབངས་གཅིག་སྒྲིལ་ལྷ་ཡི་གོས་བཟང་ལྷུབ།། ལྷུབ། ཀླུབ ཅེས་པ་ཡང་ཡོད་པས། གང་དེ་དག་ཆེའམ།
ལ་དགས་པ་ལགས། བཀའ་དྲི་ཞུ་རྒྱུར། མུ་སྟེགས་སྟོན་པ་དྲུག་པོའི་མཚན་དབྱིན་ཧིན་ནང་གང་འདྲ་བྲི་དགོས་རེད་དམ། གསུང་ལན་གནང་རོགས།
ལ་དགས་པ‚‚ མ་རེད། ལ་དྭགས་པ་རེད། maskari gosaliputra, sanjayi vairadiputra, ajita, kakuda katyayana, purna kasyapa, nirgrantha jnatiputra, (rangjung yeshe)
རང་ཡེ་ཤེས་ན་འདི་འདྲ་འདུག
@lobsang199 ལགས་ཐུགས་རྗེ་ཆེ།
རང་ཡེ་ཤེས་རེད་དམ། རང་བྱུང་ཡེ་ཤེས་རེད།
གོ་ཐོས་ལ་མུ་སྟེགས་པའི་སྟོན་པ་དྲུག་པ་དེ་གཅེར་བུ་པ་ཡིན་པ་དང་། ཁོང་ནི་རྗེའུ་ཆོས་ལུགས་ཀྱི་སྲོལ་བཏོད་པ་རེད་ཟེར། འོན་ཀྱང་རང་གི་དེ།