སློབ་དཔོན་འཇིགས་མེད་བློ་གྲོས་རྒྱལ་མཚན།
ཆོས་གྲོགས་རྣམས་པ། ཉེ་སྔོན་ཁོ་བོས་ཕྱི་ལོ་༢༠༡༡ཟླ་༨ཚེས་༡ནས་དབུ་བཙུགས་ཏེ། ཉིན་མཚན་ཁ་སྦྱོར་གྱི་བརྩོན་པ་ལྷོད་མེད་བྱས་ནས་ཟླ་དེའི་ཚེས་༢༥ལ་ཀཿཐོག་ནས་ཕྱོགས་བསྒྲིགས་ཞུས་པའི་སྔ་འགྱུར་བཀའ་མ་ཤིན་ཏུ་རྒྱས་པ་པོད་ཆེན་བརྒྱ་དང་ཉི་ཤུ་ཅན་དེ་ལ་དཀར་ཆག་ཤིན་ཏུ་རྒྱས་པ་ཞིག་བྲིས་ཟིན་ཅིང་། དེ་ཡང་སྤྱིར་དཀར་ཆག་འདི་དུས་ཡུན་ཟླ་གཅིག་ཙམ་གྱི་རིང་འབྲི་ཐུབ་པའི་རེ་བ་བྲལ་ཡང་། སྐྱབས་རྗེ་བདུད་འཇོམས་རིན་པོ་ཆེས་ཕྱོགས་བསྒྲིགས་ཞུས་པའི་བཀའ་མ་པོད་ཆེན་ལྔ་བཅུ་རྩ་བརྒྱད་ཅན་ལ་༢༠༠༧གྱི་ལོར་དཀར་ཆག་ཞིབ་མོར་བྲིས་ཟིན་པ་དང་། བཀའ་མ་ཤིན་ཏུ་རྒྱས་པ་འདི་ཉིད་བཀའ་མ་དེ་ལ་གཞི་བྱས་ནས་བསྒྲིགས་པ་ཡིན་སྟབས། དཀར་ཆག་ཀྱང་སྔར་གྱི་དཀར་ཆག་དེས་གཞི་བྱས་ནས་འབྲི་ཐུབ་པས་སྟབས་བདེ་བོ་ཞིག་བྱུང་། དེ་ཡང་གཞུང་དང་མན་ངག་སོགས་མཛད་པ་པོ་རྣམས་ཀྱིས་རང་ཉིད་ལ་ཁེངས་བསྐྱུང་གིས། དཔེར་ན་རྨོངས་པ་དྷརྨཱ་ཤྲྰི་ཞེས་པ་ལྟ་བུ་དང༌། ཆོས་སྨྲ་བའི་གཟུགས་བརྙན་འཇིགས་མེད་བསྟན་པའི་ཉི་མ་ཞེས་དང༌། རྨོངས་རྟུལ་ཤཱཀྱའི་དགེ་སློང་གི་མིང་ཙམ་འཛིན་པ་ཡོན་ཏན་རྒྱ་མཚོ་ཞེས་དང་། ཁྱི་ནག་ཨ་བུ་ཧྲལ་པོ་ཞེས་གསུངས་པ་ལྟ་བུ་རྣམས་ལ། ལོ་ཆེན་དྷརྨཱ་ཤྲཱི་ཞེས་དང༌། རྡོ་གྲུབ་འཇིགས་མེད་བསྟན་པའི་ཉི་མ། ཀོང་སྤྲུལ་ཡོན་ཏན་རྒྱ་མཚོ། དཔལ་སྤྲུལ་རིན་པོ་ཆེ་ཞེས་པ་ལྟ་བུར་བྲིས་པ་ལས་གཞན་ཕལ་མོ་ཆེ་རྣམས་མཛད་པ་པོའི་དགོངས་བཞེད་ལྟར་མཛད་བྱང་རང་དུ་མཚན་གྱི་རྣམ་གྲངས་ཅི་ལྟར་ཡོད་པ་དེ་ལྟར་དུ་བྲིས་ཤིང༌། ཡོངས་གྲགས་སུ་ཤེས་དཀའ་བ་རྣམས་ལ་མཚན་ཡོངས་གྲགས་ཀྱི་བར་མཆན་བཏབ་ཡོད་པ་དང༌། མཛད་བྱང་མི་གསལ་བའི་རིགས་རྣམས་དེ་ལྟར་སོར་བཞག་བྱས་པ་ལས། འཁྲུལ་བ་མི་འབྱུང་བའི་ཕྱིར་འགའ་ཞིག་ལ་མཛད་པོ་སུ་ཡིན་ཤེས་ཀྱང་མཚན་བཀོད་མེད། བཀའ་མའི་དཀར་ཆག་བསྡུས་པ་རྣམས་དང་གླེགས་བམ་སོ་སོའི་དབུར་བཞུགས་པའི་དཀར་ཆག་ལས། འདིར་བསྟན་གྱི་དཀར་ཆག་རྣམས་ཤིན་ཏུ་དག་པར་ཡོད་སྙམ་པ་ལགས།
ལར་དེང་སང་མཚོ་སྔོན་དང་། སི་ཁྲོན། ལྷ་ས་སོགས་ཀྱི་ཞིབ་འཇུག་ཁང་མང་པོས་གཟན་དཀར་རིན་པོ་ཆེ་དང་། མཁྱེན་རབ་འོད་ཟེར་སོགས་མཁས་དབང་རྒན་པ་དུ་མ་ལ་སྤྱི་ཁྱབ་སློབ་སྟོན་པའི་མཚན་རེ་ཕུལ་རྗེས། མདོ་རྒྱུད་བསྟན་བཅོས་སྤྱི་དང་། བྱེ་བྲག་ས་དགེ་བཀའ་རྙིང་གི་གསུང་འབུམ་དུ་མ་ལ་དཀར་ཆག་རྒྱས་བསྡུས་སྣ་ཚོགས་བྲིས་ནས་པར་སྐྲུན་བྱས་པར་སྣང་ཡང་། དོན་ལ་ལག་པས་དངོས་སུ་འབྲི་མཁན་རྣམས་ཆེས་སྤྱིར་བཏང་གི་ལས་བྱེད་དཀྱུས་མ་རྣམས་ཡིན་པས། ཆད་པ་དང་། ནོར་བ་དང་། ལྷག་པ་དང་། མཚམས་གསལ་པོར་ཕྱེས་མེད་པའི་ཆོས་ཚན་དུ་མ་ཆོས་ཚན་གཅིག་ཏུ་བགྲངས་པ་དང་། ཡང་ཆོས་ཚན་གཅིག་ལ་བརྗོད་བྱ་རེ་རེའི་མཚམས་སུ་སྦྲུལ་ཤད་དམ་ཡང་ན་བར་སྟོང་ཕྱེས་ཡོད་ས་རྣམས་ཆོས་ཚན་རེ་རེར་བགྲངས་པ། དོན་ལ་གོ་བ་མ་ལོན་པའི་དབང་གིས་ཚིག་ཐག་གཅོད་པའི་སྤོབས་པ་མེད་ཅིང་མགོ་ཉོག་པ། ཡིག་མཁན་གྱིས་ནོར་བ་དང་པར་ཁང་གིས་ནོར་ཏེ་ཐ་ན་གླེགས་བམ་སྔ་ཕྱི་འཁྲུགས་པ་ཚུན་ཆད་ལ་ཞུ་དག་བྱེད་པའི་ནུས་པ་མེད་པ། རྒྱས་པར་བཤད་དགོས་ས་ནས་གཅམ་བུར་ཕྱིན་ཅིང་བཤད་མི་དགོས་པ་རྣམས་མང་དུ་བཤད་པ་ལྟ་བུ་དང་། ཁྱད་པར་དུ་སྒྲུབ་སྡེའི་ཕྱོགས་ལ་ལས་བྱང་དང་། བསྐྱེད་ཆོག ས་ཆོག དཀྱིལ་ཆོག བསྙེན་ཡིག ལྷན་ཐབས། འཛབ་བྱང་། མཆོད་བསྟོད། བཀླག་ཆོག སྤྱན་འདྲེན་བྱིན་འབེབས། རབ་གནས་སྦྱིན་སྲེག འགུགས་བསྒྲལ་བསྟབ་གསུམ། བསྐང་བསྐུལ་བཟློག་གསུམ་སོགས་ཐུན་མིན་གྱི་ཆོས་སྐད་རྣམས་ལ་གོ་བ་མ་ལོན་པ་དག་གིས་སྒྲུབ་སྡེའི་ཕྱོགས་ཀྱི་དཀར་ཆག་འབྲི་བ་ནི་ཅུང་ཐལ་ཆེ་བ་ཞིག་ལས་ཅི་ཡང་མེད་ཅིང་། གཡག་གི་རྭ་ཁ་ལ་བལྟས་ནས་ཚོང་བསྒྲིགས་པ་ལྟ་བུས་གར་ཡང་མི་ཕྱིན་པས་སྐབས་རེར་ཁོང་ཅག་གིས་བྱས་པ་རྣམས་ལ་ཆད་ལྷག་དང་ནོར་འཁྲུལ་གྱི་ཕུང་པོ་ཕྱུར་བུར་སྤུངས་འདུག་སྟབས། ཕྲན་བུ་རང་ལ་ལྷ་འབྲི་རྟེན་བཞེངས་དང་། དགོན་པ་དང་བཤད་གྲྭ་སོགས་བཙུག་སྟེ་བསྟན་པའི་ཞབས་འདེགས་ཞུ་རྒྱུའི་འཇོན་ཐང་མེད་པ་དང་། ཡང་ཆོས་སྲིད་གང་གི་ཕྱོགས་ནས་ཀྱང་ལས་ཀྱི་སྣེ་མོ་བར་གཏོགས་པ་ལྟ་བུ་གང་ཡང་མིན་པས། ལས་མེད་དལ་སྡོད་ཉི་མ་མི་འཁྱོལ་བའི་གོ་སྐབས་དང་བསྟུན་ཏེ་རང་གི་ཡབ་མེས་ཀྱི་ཡིག་ཚང་རྣམས་ལ་བདག་པོ་ཞིག་བྱེད་འདོད་ནས་བཀའ་གཏེར་གཉིས་དང་། རྙིང་རྒྱུད་ཆེན་མོ། ཀུན་མཁྱེན་ཆེ་བཞི་སོགས་སྔ་འགྱུར་བའི་པཎ་གྲུབ་རྣམས་ཀྱི་གསུང་རབས་ཡོངས་སུ་རྫོགས་པའི་རྡུལ་ལན་གཅིག་སྤྲུགས་རྒྱུ་དང་། མ་འོངས་པའི་སྐྱེ་བོ་དོན་གཉེར་ཅན་རྣམས་ལ་ཡབ་མེས་གོང་མའི་བང་མཛོད་ཀྱི་རྩིས་ཐོ་གསལ་པོ་ཞིག་ལག་ཏུ་སྤྲོད་པའི་ངལ་བ་འདི་ལྷུར་བླངས་པ་ཡིན་ཞིང་།
དེ་ཡང་ཁོ་བོར་མཚོན་ན་བོད་དུ་སྡོད་སྐབས་བླ་མ་བཀའ་དྲིན་ཅན་རྣམས་ཀྱི་སྐུ་དྲིན་ལས་མདོ་སྔགས་ཀྱི་ཆོས་སྤྱི་དང་། ཁྱད་པར་ནང་རྒྱུད་ཡོ་ག་སྡེ་གསུམ་གྱི་ཕྱོགས་ལ་སྒྱུ་འཕྲུལ་གསང་བ་སྙིང་པོ་དང་། གསང་འགྲེལ་ཕྱོགས་བཅུའི་མུན་སེལ། གསང་བདག་ཞལ་ལུང་དང་དགོངས་རྒྱན། སྤྱི་དོན་ལེགས་བཤད་རོལ་མཚོ། སྤྱི་དོན་འོད་གསལ་སྙིང་པོ། མཛོད་སྡེ། བཀའ་བརྒྱད་རྣམ་བཤད། ཐེག་དགུའི་སྤྱི་ཆིངས། གཉུག་སེམས་སྐོར་གསུམ་སོགས་རྒྱུད་དང་རྒྱུད་ཀྱི་དགོངས་འགྲེལ་དུ་མ་ལ་རང་བློ་དང་འཚམས་པའི་སྦྱངས་པ་ཅུང་བྱས་ཤིང་། ངའི་དགོན་པ་རྨ་ཡུལ་ཁྲ་གླིང་དགོན་ཆེན་དུ་མདོ་འོག་མིན་ཚོགས་ཆེན་འདུས་པ་དང་། རྒྱུད་སྒྱུ་འཕྲུལ་དྲྭ་བས་མཚོན་སྔ་འགྱུར་བཀའ་མའི་སྒྲུབ་མཆོད་ཁག་བཅུ་དྲུག་དང་། དེར་མ་འདུས་པའི་ཚེས་བཅུའི་སྒྲུབ་མཆོད་སོགས་ཤིན་ཏུ་རྒྱས་པ་ཨོ་རྒྱན་སྨིན་གྲོལ་གླིང་དང་། རྒྱལ་བ་ཀཿཐོག་པའི་ཕྱག་བཞེས་ཇི་ལྟ་བ་བཞིན་ཡོད་ཅིང་། དེ་དག་གི་ཐིག་རྡུལ་ཚོན་དང་། ཆོ་ག་ཕྱག་ལེན་སོགས་ཀྱི་ལག་ལེན་གྱི་འགན་ཡང་ཁུར་མྱོང་བ་སོགས་ཀྱིས། སྔ་འགྱུར་བཀའ་གཏེར་གཉིས་ཀྱི་ཆོས་སྤྱི་ལ་གོ་བའི་རྨང་གཞི་ཕྲན་བུ་ཙམ་ཡོད་པའི་ཐོག ཡབ་མེས་གོང་མ་རྣམས་ཀྱི་གདམས་ངག་ལ་གཟུ་ལུམ་དང་རང་བཟོས་བསླད་པའི་སྤོབས་པ་མེད་སྟབས། གལ་ལ་ཐུག་དུས་ཧམ་བཤད་དང་། ཚོད་དཔག་བྱས་ནས་བཤད་པ་མ་ཡིན་པར། དཀར་ཆག་ཁག་གི་གནད་འགག་ཆེ་ས་རྣམས་ནི་གཞུང་རང་རང་གི་ཡིག་ཆུང་དང་བར་མཆན། མན་ངག་གི་རྒྱབ་ཡིག བླ་མ་གོང་མ་རྣམས་ཀྱི་ཟིན་བྲིས། བི་མ་ལ་དང་། ལྕེ་བཙུན་ཆེན་པོ་སོགས་ཀྱིས་མཛད་པའི་མན་ངག་གི་ཐེམ་བྱང་དང་ཁྲིད་ཡིག ༧གོང་ས་ལྔ་པ་ཆེན་པོ་དང་སྨིན་གླིང་གཏེར་ཆེན་སོགས་ཀྱི་གསན་ཡིག གཏེར་ཆེན་མངའ་བདག་ཉང་གིས་ཕྱག་བྲིས་ངོ་མའི་བུ་ཡིག་མངའ་རིས་པཎ་ཆེན་གྱི་ཕྱག་དཔེ་ལས་སྨིན་གླིང་གདུང་སྲས་པདྨ་འགྱུར་མེད་རྒྱ་མཚོས་བཤུས་པ། ཐེག་མཆོག་མཛོད་དང་སྔགས་ཀྱི་སྤྱི་དོན་ཚངས་དབྱངས་འབྲུག་སྒྲ་སོགས་ལ་ཁུངས་གཏུགས་ནས་ཆོས་མཚམས་དང༌། ཆོས་ཀྱི་རྣམ་གྲངས་རྣམས་ཤིན་ཏུ་དག་པར་གཏན་ལ་ཕབ་ཡོད་ཅིང་། དེ་དག་གི་ཚུལ་ཡང་རང་རང་གི་མཚམས་རྣམས་སུ་བར་མཆན་གསལ་པོར་བཏབ་ཡོད་པས་དོན་གཉེར་ཅན་རྣམས་ཀྱིས་གཟིགས་ཙམ་གྱིས་མཁྱེན་སླ་བར་ཡོད་དོ།།
ལར་གླག་བླ་བསོད་ནམས་ཆོས་འགྲུབ་ཀྱིས། བསྒྲུབ་བྱའི་ཆོས་ལ་རྒྱ་གར་གྲུབ་མཐའ་བཞི།། བོད་ལ་གསར་རྙིང་ཆོས་ལུགས་སྣ་ཚོགས་ཡོད།། སྐྱེས་ནས་འཕྲད་པའི་ཆོས་དེ་ལྷ་སྐལ་ཡིན།། གཙོ་བོ་དེ་ཉིད་བསྒྲུབ་བྱའི་སྙིང་པོར་ཟུངས།། ཞེས་གསུངས་པ་ལྟར། ཆོས་བརྒྱུད་ཁག་གི་མཁས་པ་སོ་སོས་རང་རང་གི་ཡབ་མེས་གོང་མའི་ཡིག་ཚང་སྤྱིའི་རྡུལ་རེ་སྤྲུགས་རྒྱུ་ཅི་བས་ཀྱང་གལ་ཆེ་བ་འདྲ་བས་ཐུགས་ལ་བསྣམས་རོགས་ཞུ།
དེ་རིང་འདིར་ཞུ་བར་བྱ་བའི་སྙིང་པོ་ནི། ཕྲན་གྱིས་གསར་དུ་བྲིས་པའི་བཀའ་མ་ཤིན་ཏུ་རྒྱས་པའི་དཀར་ཆག་དང་། སྔར་བྲིས་པའི་བཀའ་མ་རྒྱས་པའི་དཀར་ཆག རྙིང་མ་རྒྱུད་འབུམ་ཆེན་མོའི་དཀར་ཆག་སོགས་ཕྲན་སྒེར་གྱི་དྲ་རྒྱ་ www.lightof-wisdom.org དང་། ཡང་རེ་ཞིག་ཕྲན་གྱི་དྲ་རྒྱ་ལ་དེ་ལ་ Additional website space ཟེར་བ་དེ་ཉོས་མེད་པས་དེར་མ་ཤོང་པ་རྣམས་ཨེ་མ་ཧོའི་རིག་མཛོད་ཀྱི་དྲ་རྒྱ་འདིའི་ http://www.amahoweb.org ཐོག་ནས་ཕབ་ལེན་གནང་ཆོག་ཅིང་། མ་མཐའ་ཡང་དོན་གཉེར་ཅན་རྣམས་ལ་གླེགས་བམ་འཚོལ་སླ་བའི་དགོས་པ་ཙམ་རེ་བསྒྲུབ་ཐུབ་ངེས་ཡིན་པས་དེ་ལུགས་ལྟར་དགྱེས་བཞེས་གནང་རོགས་ཞུ་བ་དང་། ཡི་གེའི་ཐོག་ལ་མཐའ་མའི་ཞུ་དག་གྲུབ་མེད་པས་ཡིག་ནོར་གང་མང་ཡོད་ངེས་ལ་དགོངས་པ་མ་ཚོམས་རོགས་ཞུ་བ་ཡིན།
སླར་སྨྲས་པ།
གང་ཞིག་འདོད་སྲེད་རྨོངས་པའི་རྒྱ་མཚོ་རུ།།
ཆོས་པར་རློམས་པ་ཀྱང་ཡོངས་བྱིངས་སྟེ།།
རྙེད་དང་བཀུར་དང་གྲགས་པ་འཚོལ་བ་ལ།།
ཉིན་མཚན་བར་མེད་རྒྱུག་པའི་དུས་འདིས་སྐྱོ།།
བརྒྱུད་པའི་ཆུ་བོ་མེད་པའི་དབང་བསྐུར་དང་།།
རང་ལ་ངེས་ཤེས་མེད་པའི་ངོ་སྤྲོད་སོགས།།
ཡོད་དགུ་གཡོ་རྒྱུས་སྤྱོད་པའི་དུས་མཐའ་འདིར།།
ངེས་དོན་སྙིང་པོའི་ཆོས་ལ་སུ་ཡིད་རྟོན།།
སྡེ་གསུམ་ཀློང་དགུའི་ཆོས་མཛོད་བདུད་རྩིའི་མཚོ།།
མ་སྦྱངས་བླུན་པོས་གཟུ་ལུམ་རང་བཟོ་ཡི།།
ཁ་ཆུས་བསླད་ཀྱིན་ཟོངས་སུ་འཚོང་བ་ལས།།
བསྟན་ལ་སྙིང་ནས་གཅེས་པ་ཉིན་སྐར་ཙམ།།
དེ་བས་མ་སྨད་ལྷག་བསམ་ཉིན་མོའི་མགོན།།
བརྩོན་པ་རྟ་བདུན་ཤུགས་ཀྱིས་དྲངས་པ་ལས།།
འཆར་ནུབ་སྤངས་པའི་ཤེས་རབ་སྣང་བ་འདི།།
ཀུན་བཟང་ཐུགས་ཀྱི་བསྟན་པའི་རྒྱན་དུ་གྲུབ།།
སྔ་འགྱུར་རིག་འཛིན་བརྒྱུད་པའི་ཕ་ནོར་སྟེ།།
བཀའ་གཏེར་ཡིད་བཞིན་ནོར་བུའི་བང་མཛོད་དུ།།
རིན་བྲལ་ཆོས་ཚུལ་འདི་དང་འདི་བཞུགས་ཅེས།།
ཕྱི་རབས་དོན་དུ་རྩིས་ཀྱི་ཐོ་འདི་བྲིས།།
སྐུ་ལོ་དངུལ་གྱིས་བཏུམས་ཀྱང་དགོས་པ་ཆུང་།
འཁོར་དང་གཡོག་པོ་མང་ཡང་ཕན་པ་ཅི།།
ངེས་དོན་སྤྲུལ་པའི་སྐུ་འདྲ་མཆིས་ལགས་ན།།
བཤད་སྒྲུབ་བསྟན་ལ་ལག་རྗེས་ད་ཞོག་ཤིགས།། ཞེས་ཀྱང་སྨྲས་སོ།།
ཨེ་མ་ཧོ། མིང་དོན་མཚུངས་པའི་ཨེ་མ་ཧོ་ཡ། བླ་མ་དང་སྤྲུལ་སྐུའི་མཛད་པ་དེ་འདི་འདྲ་རེད། སྤྲུལ་སྐུའི་ཕྲིན་ལས་རེད། ཡི་རང་དང་བསྔགས་བརྗོད་ཡོད། སྐུ་སྤྲུལ་བསྟན་དོན་དུ་བྱོན་ན་བཤད་སྒྲུབ་ལ་ཕྱག་རྗེས་ཞོགས་ཞེས་པ་དེ་རེད། སློབ་དཔོན་རིན་པོ་ཆེ་སྐུ་ཚེ་བཞེད་དོན་འགྲུབ་པའི་སྨོན་ལམ་ཡོད། །ངས་ཁྱོད་སྤོབས་པ་མཐའ་ཡས་ཀྱང་ཡིན་སྙམ་ཡོད་ལགས། ཧ ཧ གང་ལྟར་གང་ཟག་མི་གཙོ་ཆོས་གཙོ་བས་ཡག་ཐག་ཆོད་བྲིས་བཞག མི་བུ་རུས་པ་ཅན་རེད། མུ་འཐུད་དུ་ཡིན་ཨྰ། ཡེ་ཤེས་ནས་
རྗེས་སུ་ཡི་རང་ཞུ། ཐུགས་ཀྱི་བཞེད་དོན་རྣམས་གེགས་མེད་ལྷུན་འགྲུབ་ཡོངས་བར་སྨོན།
༧སྐྱབས་རྗེ་དམ་པ་འཇིགས་མེད་བློ་གྲོས་རྒྱལ་མཚན་རིན་པོ་ཆེ་ལམཆོད་པའི་བཀྲ་ཤིས་རྟགས་བརྒྱད། །
ན་མོ་མ་ཧྰ་གུ་རུ་ཨ་བྷྱ་མ་ཏི་ཡེ། །
སྡེ་གསུམ་ཀློང་དགུའི་བཀའ་བསྟན་དམ་ཆོས་མཛོད། །ཚེགས་ཆུང་དོན་ཀུན་རྟོགས་པའི་མན་ངག་ཐབས། །མ་ནོར་སྒོ་ཆེན་འབྱེད་པའི་ལྡེའུ་མིག་མཆོག །བསྟན་པའི་སྙིང་པོར་འཛིན་ལ་ཡང་ཡང་བསྔགས། །༡. བརྒྱུད་པ་དགུ་ལྡན་རིག་འཛིན་བླ་མའི་སྲོལ། །ཟབ་རྒྱས་ཐེག་པའི་བརྗོད་བྱ་ནང་རྒྱུད་གསུམ། །མདོ་སྒྱུ་སེམས་ཀློང་མན་ངག་རྗོད་བྱེད་ལས། །བསླབ་གསུམ་རྒྱུད་ལ་འཕོ་བའི་ཆོས་འཁོར་རྒྱལ། །༢.ཐོག་མེད་ལས་ཉོན་ཤེས་བྱའི་སྒྲིབ་པ་ཡི། །མ་རིག་ཆགས་སྡང་འགྲོ་བའི་ཚ་གདུང་ལ། །ཞི་བསིལ་མྱང་འདས་ཟླ་བའི་གཟི་བྱིན་ཅན། །སྡུག་བསྔལ་ཀུན་སེལ་ཐར་པའི་གདུགས་དཀར་རྒྱལ། །༣.འཇིགས་མེད་ཏིང་འཛིན་ཤེས་རབ་སྒྲོན་མེ་ཡི། །ལུང་རྟོགས་བཤད་སྒྲུབ་འཛིན་སྐྱོང་སྤེལ་མཁས་པས། །ཕ་རོལ་བདུད་དང་མུ་སྟེགས་ཕམ་མཛད་པའི། །བློ་གྲོས་དྲི་མེད་བསྟན་པའི་རྒྱལ་མཚན་རྒྱལ། །༤.སྒྲིབ་བྲལ་མཁྱེན་པའི་ཡེ་ཤེས་རྣམ་དག་པས། །མཚན་དཔེའི་ཡོན་ཏན་ཕུན་ཚོགས་ཡོངས་རྫོགས་པའི། །སྨིན་གྲོལ་དབང་ཕྱུག་ཀུན་བཟང་རྡོ་རྗེ་འཆང་། །ཚོགས་གཉིས་ཕུལ་བྱུང་དཔལ་གྱི་བེའུར་རྒྱལ། །༥.ཐུགས་བསྐྱེད་མཐར་ཕྱིན་བྱང་ཆུབ་ཆེན་པོའི་སྐུ། །མི་ཟད་འབྲས་ཆོས་རྒྱ་མཚོས་ལེགས་གཏམས་པ། །ཟབ་རྒྱས་ཚངས་དབྱངས་ཡན་ལག་དྲུག་ཅུའི་སྒྲ། །སྒྲོག་མཁས་ཆོས་དུང་དཀར་པོ་གཡས་འཁྱིལ་རྒྱལ། ༦.རྣམ་དཀར་ལེགས་བཤད་འོ་མའི་རྒྱ་མཚོ་ཆེ། །མདོ་སྔགས་རིག་གནས་བཅུད་ཀྱི་བདུད་རྩི་ཀུན། །རྣམ་དཔྱོད་ཧུབ་ཀྱིས་འདྲེན་པའི་རྣལ་འབྱོར་པ། །མན་ངག་དབང་ཕྱུག་བུམ་པ་རིན་ཆེན་རྒྱལ། །༧.སྲིད་པར་གནས་ཀྱང་དྲི་བྲལ་བྱང་ཆུབ་སེམས། །ཀུན་ལྡན་ངག་གི་དབང་ཕྱུག་འཇམ་དཔལ་དབྱངས། །ཟུར་ཕུད་ལྔ་བའི་མཁྱེན་བརྩེ་ནུས་མཐུའི་དཔལ། །ཀུན་འདུས་སྔགས་འཆང་པདྨ་དཀར་པོ་རྒྱལ། །༨.ཆགས་ཐོགས་ཀུན་བྲལ་མཉམ་པ་ཉིད་ཀྱི་སྐུ། །ཐབས་ཤེས་ཟུང་འཇུག་བདེ་སྟོང་ཡེ་ཤེས་རྩལ། །ལྷན་སྐྱེས་ཕྱག་རྒྱ་ཆེན་པོར་དབང་འབྱོར་པའི། །མཁྱེན་རབ་དབང་ཕྱུག་གསེར་ཉ་རིན་ཆེན་རྒྱལ། །
སྐྱབས་རྗེའི་དབུ་ལ་བཀྲ་ཤིས་གདུཊ་ལྟར་སྐྱོབས། །སྤྲུལ་སྐུའི་བཀྲ་ཤིས་མི་ནུབ་རྒྱལ་མཚན་བརྟན། །དམ་ཆོས་གསུང་ལ་བཀྲ་ཤིས་ཆོས་དུང་འཁྱིལ། །ཐུགས་ལ་བཀྲ་ཤིས་དཔལ་གྱི་བེ་འུ་གསལ། །
སྤྱན་ལ་བཀྲ་ཤིས་རིན་ཆེན་གསེར་ཉས་རྒྱན། །ལྗགས་ལ་བཀྲ་ཤིས་པད་མོ་ལོ་འདབ་རྒྱས། ། མགུལ་ལ་བཀྲ་ཤིས་རིན་ཆེན་བུམ་པ་འཁྱིལ། ། ཕྱག་ལ་བཀྲ་ཤིས་ཡོན་ཏན་ནོར་བུ་འཛིན། །
ཞབས་ལ་བཀྲ་ཤིས་ཕྲིན་ལས་འཁོར་ལོ་འཁོར། །བཀྲ་ཤིས་བདེ་ལེགས་རྟགས་བརྒྱད་རིན་པོ་ཆེའི། །ཕྱི་ནང་གསང་བའི་བཀྲ་ཤིས་གང་ཡིན་པ། །དེང་འདིར་ཁྱེད་ལ་ཕུན་སུམ་ཚོགས་པར་ཤོག །
སློབ་དཔོན་འཇིགས་མེད་བློ་གྲོས་རྒྱལ་མཚན་ལགས་ཁྱེད་གྱིས་སྔ་འགྱུར་བཀའ་མ་ཤིན་ཏུ་རྒྱས་པ་པོད་ཆེན་བརྒྱ་དང་ཉི་ཤུ་ཅན་དེ་ལ་དཀར་ཆག་ཤིན་ཏུ་རྒྱས་པ་ཞིག་བྲིས་པ་དེ་རྗེས་སུ་ཡི་རིང་དང་ཐུགས་རྗེ་ཆེ་ཞུས་པ་ཡིན༏ཀུན་སློང་ཡག་པོ་ཞིག་བཟུང་ནས་བྲིས་ན་ལས་ག་ཡག་པོ་རེད་གཞན་ཁྱེད་གྱིས་གསང་ཡུམ་སྔོན་མ་དེ་དང་སང་གང་ན་བཞུགས་ཡོད་ལགས༏
སློབ་དཔོན་འཇིགས་མེད་བློ་གྲོས་རྒྱལ་མཚན་མཆོག་གི་འབད་བརྩོན་དེ་ལྟར་གནང་བར་རྗེས་སུ་ཡི་རང་ཞུ།
ང་རང་ཆོས་ལུགས་རིས་མེད་ལ་དད་པ་དག་སྣང་ཞུ་མཁན་ཞིག་ཡིན་ཡང་སྔ་འགྱུར་བཀའ་མ་སོགས་ལ་རྒྱུས་མངའ་མེད། འོན་ཀྱང་དེ་རིང་ཁྱེད་ནས་རིན་མེད་དུ་གནང་བའི་དཀར་ཆག་དེ་ལམ་སེང་པར་བཤུས་བྱས་པ་ཡིན། རྩིས་འཁོར་ནང་རྩ་ཆེན་ངང་ཡུན་རིང་ཉར་ཚགས་བྱ་རྩིས་ཡོད། རྗེས་སུ་བསྟན་པ་དང་མི་རིགས་ལ་ཕན་པའི་ཕྱག་ལས་འདི་དང་འདི་འདྲ་བ་གང་མང་གནང་སྐྱོང་ཡོང་བ་ཞུ།
ཨེ་མ་ཧོ།ངོ་མཚར་ཆེ།བསྟན་པ་ཕྱོགས་མཐར་རྒྱས་པའི་བཀྲ་ཤིས་ཤོག།
བཀའ་དྲིན་ཆེ། སྔ་འགྱུར་བཀའ་གཏེར་གྱི་ཐུན་མིན་ཆོས་སྐད་སྐོར་ཕྱོགས་བསྡུས་དང་དེ་ལ་སྐབས་བབས་ཀྱི་གོ་བ་ལེན་སྟངས་འདྲ་མིན་ཅི་མཆིས་ངོ་སྤྲོད་བྱེད་རྒྱུ་རེ་བ་དང་བཅས་རིན་པོ་ཆེའི་བསམ་དོན་ཡིད་བཞིན་འགྲུབ་ཅིང་། ལྷག་པར་ཏུ་ཁྱེད་ཀྱི་དཔྲལ་བའི་མིག་དང་ཁོང་གི་སྙིང་། རིང་ནས་བརྩེ་བའི་ཌཱ་ཀི་མི་འགྱངས་བར་སྤྲིན་གྱི་བང་རིམ་བརྟོལ་ནས་དམ་པ་ཁྱེད་ཀྱི་དྲུང་ལ་ཕེབས་རྒྱུར་སྨོན་འདུན་ཞུ །
ཀ་དག་གནས་ལུགས་རྟོགས་པའི་སྤྲུལ་སྐུ་ཞིག་ཡིན་ན།
ཁ་མདོག་ཡོད་པའི་མཛད་པ་དེ་འདྲ་རང་བསྐྱངས་ན།
ག་ལེར་གངས་ཅན་ཁྱད་ཆོས་རྒྱལ་བ་ཡིས་བསྟན་པ།
ང་ཅག་མི་རབས་རྗེས་མའི་ལག་པར་འཇོག་ཐུབ།
མཁས་དབང་སློན་དཔོན་མཆོག་ལ་ཞུ་རྒྱུར་སྔ་འགྱུར་རྙིང་མའི་བཀའ་མ་ཞེས་པ་དེ་སྔ་འགྱུར་རྙིང་མའི་སྔ་ཕྱིར་བྱོན་པའི་མཁས་གྲུབ་སེར་རིའི་ཕྲེང་བ་ཡོངས་རྫོགས་ཀྱི་མགུལ་ཡངས་ལས་ཐོན་པའི་ལེགས་བཤད་ཀྱི་སྦྲང་རྩི་ས་བླའི་ལྗོངས་ལ་ཡོད་དོ་ཅོག་ལ་གོ་དགོས་པ་ཡིན་ནམ། སྔོན་དུ་ལོ་པཎ་བཀའ་དྲིན་ཅན་ཚོས་ངལ་བརྒྱ་དུ་མའི་རྔུལ་ཆུའི་ཐིགས་ཕྲེང་ལས་འཁྲུངས་པའི་བཀའ་བསྟན་འགྱུར་མ་རྣམས་ལ་གོ་དགོས་སམ།
བཀྲ་ཤིས་བདེ་ལེགས།
བཀའ་མ་ཞེས་པ་དེ་ལ་ཚད་གཞི་གང་འདྲ་འཛིན་གྱིན་ཡོད་དམ། འདིའི་ཁྲིད་ལུང་གི་རྒྱུད་ཚང་མ་ད་ལྟ་ཡོད་རེད་པས། ལན་ཁམས་གཙང་ཞིག་གནང་རོགས།
མཁས་དབང་ཆེན་པོ་སློབ་དཔོན་འཇིགས་བློ་གྲོས་རྒྱལ་མཚན་རིན་པོ་ཆེ་ལ་ཐུགས་རྗེ་ཆེ་ཞུ་དང་། ཁྱེད་རིས་མེད་ཀྱི་སློབ་དཔོན་ཆེན་མོ་ཞིག་ཡིན་པས། ས་དགེ་བཀའ་རྙིང་་་་་
མཁས་དབང་ཆེན་པོ་སློབ་དཔོན་འཇིགས་བློ་གྲོས་རྒྱལ་མཚན་རིན་པོ་ཆེ་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་དང་། ཁྱེད་རིས་མེད་ཀྱི་སློབ་དཔོན་ཆེན་མོ་ཞིག་ཡིན་པས། ས་དགེ་བཀའ་རྙིང་་་་་